དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ས་གནས་འབྱུང་རབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-19

     ཚེས་17ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ས་གནས་འབྱུང་རབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ《རྒྱལ་ཡོངས་ཀྱི་ས་གནས་འབྱུང་རབས་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད(2015—2020)》ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཝང་ཀོང་ཝེ་བོད་བསྐྱོད་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ས་གནས་འབྱུང་རབས་ཀྱི་ལས་དོན་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་ས་གནས་འབྱུང་རབས་ཀྱི་ལས་དོན་ལ་ཕྱོགས་སྡོམ། རང་ལྗོངས་སུ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་བསམ་འཆར་དང《བོད་རང་སྐྱོང་ལྗོངས་ཀྱི་འབྱུང་རབས》སྒྲིག་བཟོའི་དེབ་མིང་ལེགས་སྒྲིག་གི་འབྲེལ་ཡོད་དོན་གནད་ལ་གྲོས་ཞིབ་དང་ཞིབ་འཇུག ལྗོངས་ཡོངས་ཀྱི་ས་གནས་འབྱུང་རབས་ཀྱི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་འབྱུང་རབས་རྩོམ་སྒྲིག་ལས་ཀར་ཁས་ལེན་གང་ལེཌ་གནང་བ་དང་། ཁོང་གིས་བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་ས་གནས་འབྱུང་རབས་སྒྲིག་བཟོ་བྱེད་པ་དེ་དོན་སྙིང་ལྡན་ལ་ཧ་ཅང་གལ་འགངས་ཆེ། རིམ་ཁག་སྲིད་གཞུང་དང་རང་སྐྱོང་ལྗོངས་ས་གནས་འབྱུང་རབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚོགས་ཁོངས་ཚན་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ས་གནས་འབྱུང་རབས་ལས་དོན་ལེགས་པར་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། མི་དམངས་དང་། ལོ་རྒྱུས། འབྱུང་འགྱུར་བཅས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་ས་གནས་འབྱུང་རབས་རྩོམ་སྒྲིག་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ཏན་ཏིག་གཏོང་དགོས་པ་སྟེ།

    གཅིག་ནི་བསམ་བློའི་ངོས་འཛིན་བསྐྱར་དུ་མཐོ་རུ་གཏོང་དགོས་ཤིང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”གི་རྩ་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་གཏོང་། མི་རིགས་ཀྱི་རིག་གནས་ཕུལ་བྱུང་དར་སྤེལ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི“ངོས་འཛིན་གཅིག་མཐུན་ལྔ”སྔར་བས་ཆེར་གཏོང་བཅས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ས་གནས་འབྱུང་རབས་གསར་པ་སྒྲིག་བཟོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འདུ་འགོད་དང་། འཐབ་ཇུས་ཀྱི་འདུ་འགོད། རིག་གནས་ཀྱི་འདུ་འགོད། མཐའ་བརྟན་གྱི་འདུ་འགོད་བཅས་གལ་ཆེན་དུ་ཏན་ཏིག་ངང་བརྩི་དགོས། ཁ་ཕྱོགས་ཡང་དག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་རྩོད་ཐབས་བྲལ་བའི་འབྱུང་རབས་ཀྱི་དོན་དངོས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་བོད་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་འོད་སྟོང་འཕྲོ་བའི་འཕེལ་རིམ་གསར་འབྱེད་བྱས་ཚུལ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་མཚོན་པ་དང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྣོད་བཅུད་ཤེས་དཔལ་སོགས་ཐད་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་དང་བརྒྱུད་རིམ་ལྡན་པའི་ངང་མཚོན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་འཆམ་མཐུན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཚུལ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་མཚོན་པ་བཅས་བྱས་ཁར་དེ་ཉིད་དབང་གྲགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འབྱུང་རབས་དང་། དོན་དང་མཐུན་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ཀློག་དེབ། གསོན་ཉམས་དོད་པའི་ལྟེ་བའི་རིན་ཐང་ལྟ་བའི་ལོ་རྒྱུས་ཀྱི་སློབ་དེབ། ཕུལ་དུ་བྱུང་བའི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་འདུས་གྲུབ་ཅིག་བཅས་སུ་འགྱུར་བ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ལོ་རྒྱུས་དེབ་ཐེར་གྱི་འགན་ལེན་བྱེད་དགོས།

    གཉིས་ནི་ལས་ཀའི་འགན་ལེན་སླར་ཡང་ཆེ་རུ་གཏོང་དགོས་ཤིང་། “ས་གནས་འབྱུང་རབས་ཀྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་། རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་དང་རིམ་ཁག་སྲིད་གཞུང་ལས་ཀའི་ལས་འགན་ནང་བཅུག་ནས་ངོས་འཛིན་གནད་འཁྱོལ་དང་། འགོ་ཁྲིད་གནད་འཁྱོལ། སྒྲིག་གཞི་གནད་འཁྱོལ། སྒྲིག་ཁུངས་གནད་འཁྱོལ། གྲོན་དངུལ་གནད་འཁྱོལ། སྒྲིག་བཀོད་གནད་འཁྱོལ། འཆར་འགོད་གནད་འཁྱོལ། ལས་དོན་གནད་འཁྱོལ”བཅས་ཐུབ་དགོས་པའི་བླང་བྱ་ལྟར་ལས་དོན་སྒྲུབ་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ས་གནས་ཀྱི་འབྱུང་རབས་ལས་དོན་ལ་འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་དང་། ཞིབ་ཕྲའི་འགོ་ཁྲིད་ཀྱིས་ཁག་བགོས་དོ་དམ་བྱེད་པ། ཞིབ་ཕྲའི་སྡེ་ཚན་གྱིས་འགན་འཁུར་བ། ཞིབ་ཕྲའི་ཆེད་ལྕོགས་ལས་སྒྲུབ་མི་སྣས་དོན་འཁྱོལ་བྱེད་པ། ཞིབ་ཕྲའི་ཇུས་གཞི་ལག་བསྟར་བྱེད་པ། དུས་བཀག་ཐོག་ཚོགས་འདུར་སྐུལ་སྤེལ་གཏོང་བ། ཆ་རྐྱེན་ཡག་པོས་འགན་ལེན་བྱེད་པ། གྲུབ་འབྲས་དེ་སྤུས་ཚད་ལེགས་པའི་སྒོ་ནས་ཡོངས་འགྲུབ་བྱེད་པ་བཅས་ཀྱི་ངང་རེས་འཁོར་དང་པོ་དང་གཉིས་པའི་འཆར་འགོད་འབྱུང་རབས་བཟོ་བཅོས་ཀྱི་ལས་འགན་དང་ས་གནས་ཕྱོགས་བསྡུས་ལོ་རིམ་མེ་ལོང་རྩོམ་སྒྲིག་དཔེ་སྐྲུན་གྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཡག་པོ་བྱེད་དགོས། བོད་ལྗོངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་བཅས་ཀྱི་དྲན་གསོ་ཁང་གི་རྣམ་གྲངས་ཁག་ཡག་པོ་བསྒྲུབ་དགོས།

    གསུམ་ནི་ཚོགས་འདུའི་གྲ་སྒྲིག་སྔར་བས་བསྐྱར་དུ་གཏིང་ཟབ་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་ས་གནས་འབྱུང་རབས་ཀྱི་ལས་དོན་ཚོགས་འདུ་འཚོག་རྒྱུའི་གྲ་སྒྲིག་གི་དུས་སྐབས་བཟང་ལ་དོན་སྙིང་ཆེ། ས་གནས་འབྱུང་རབས་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཆར་འགོད་རྩ་གནད་དང་རྒྱལ་ཡོངས་ཀྱི་ས་གནས་འབྱུང་རབས་ལས་དོན་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་དང་བཀོད་སྒྲིག་ལྟར་རང་ལྗོངས་ཀྱི་ས་གནས་འབྱུང་རབས་ཀྱི་ལས་ཀར་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་། དུས་བབ་ལ་དབྱེ་ཞིབ་ནན་ཏན་བྱེད་པ། ལས་ཀའི་བསམ་ཕྱོགས་གསེད་བཀྲོལ་བྱེད་པ། དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ། བྱེད་ཐབས་ཁག་ཞིབ་ཕྲ་བཟོ་བ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་ཡག་པོ་བསྒྲུབ་སྟེ་ཚོགས་འདུའི་སྔོན་དཔག་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ཀྱི་ས་གནས་འབྱུང་རབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚོགས་ཁོངས་ཚན་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། རྗེས་རབས་པར་བློ་སྒོ་འབྱེད་པའི”མཛུབ་སྟོན་བླང་བྱ་དང་ཙུང་ལི་ལི་ཁེ་ཆང་གི“ཕུགས་འདུན་བཅངས་ནས་གནས་ལུགས་འཚོལ་ཞིབ་ཀྱིས་འབྱུང་འགྱུར་གཏོད་པའི”མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཐོག་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། འགོ་འཁྲིད་ལ་ཤུགས་སྣོན། དོན་འཁྱོལ་ལ་དམ་འཛིན་བཅས་སྔར་བས་བྱེད་པ་དང་། གྲ་སྒྲིག་ཞིབ་ཚགས་དང་ཚོགས་འདུ་གང་ལེགས་འཚོགས་པ། ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། ས་གནས་ཀྱི་འབྱུང་རབས་བྱ་གཞག་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་སྲིང་ངང་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་ཀྱིས་གཏན་ལ་འཁེལ་བའི་ས་གནས་འབྱུང་རབས་ཀྱི་ལས་ཀའི་ལས་འགན་ཁག་དུས་བཀག་ལྟར་བདེ་བླག་དང་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལེགས་གྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།