དབུ་ཤོག>སྲིད་དོན།
  • “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོ་དང་དེ་བཞིན་རྩ་གནད་མ་ཟིན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-16

    ཚེས་13ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོ་དང་དེ་བཞིན་རྩ་གནད་བཟོ་བའི་འཕེལ་རིམ་དང་གཞི་རྩའི་བསམ་ཕྱོགས་ཀྱི་སྙན་སེང་གསན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོ་དང་དེ་བཞིན་རྩ་གནད་མ་ཟིན་ལ་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད། ཚོགས་ཞུགས་བློ་མཐུན་གྱིས་གྲོས་འགོ་དང་དེ་བཞིན་རྩ་གནད་མ་ཟིན་ལ་གྲོས་བསྡུར་གང་ལེགས་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་པར་བརྟེན་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོ་དང་དེ་བཞིན་རྩ་གནད་ཡག་པོ་བཟོ་བར་དོན་སྙིང་གལ་ཆེན་ལྡན་ལ་ཤུགས་རྐྱེན་གཏིང་ཟབ་ཀྱང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།ཀྲུང་དབྱང་གི་བོད་སྐྱོང་ཇུས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བོད་སྐྱོང་དང་། བོད་དར། བོད་སྐྲུན། བོད་བརྟན་བཅས་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་བོད་ཀྱི་ཁྱད་ཆོས་མངོན་པ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོ་དང་དེ་བཞིན་རྩ་གནད་ཡག་པོ་བཟོ་དགོས། གཅིག་ནས་ཚན་རིག་དང་མཐུན་པའི་ངང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་འདི་ཉིད་འཕེལ་རྒྱས་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པར་བརྡར་ཤ་ནན་པོ་གཅོད་པ་ཡང་དག་བྱེད་པ། བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་ཏན་ཏིག་ངང་འཚོལ་བ། བོད་ཀྱི་ད་ལྟའི་དུས་མཚམས་ཀྱི་ལྗོངས་བབ་དངོས་ངོས་འཛིན་གསལ་པོ་བཅས་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་དང་། འཕེལ་རྒྱས་དང་སྒྱུར་བཅོས། འཕེལ་རྒྱས་དང་སྣོད་བཅུད་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་།

    གཉིས་ནས་ཚན་རིག་དང་མཐུན་པའི་ངང་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་བྱེད་པ་དང“བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན”བཅས་ལ་དམིགས་ནས་ཀྲུང་དབྱང་གི་བླང་བྱ་དང་། བོད་ཀྱི་དོན་དངོས། མི་དམངས་ཀྱི་འདོད་བློ་བཅས་དང་མཐུན་པའི་དམིགས་ཚད་ལས་འགན་གཏན་འཁེལ་བྱེད་དགོས་པ།

    གསུམ་ནས་ཚན་རིག་དང་མཐུན་པའི་ངང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་དང་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་ཁོང་དུ་ཆུད་པ་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཚོད་འཛིན་ཧུར་ཐག་བསལ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ།

    བཞི་ནས་ཚན་རིག་དང་མཐུན་པའི་ངང་རྒྱུན་རྣམ་གསར་པའི་འོག་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པ་བྱས་ནས་ནུས་ཤུགས་ཡོད་རྒུས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བ་དང་། རང་བྱུང་འཐུང་ཆུ་དང་། བོད་ལུགས་གསོ་རིག་དང་བོད་སྨན། ནུས་རྒྱུ་གཙང་མ། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་ཁྱད་ལྡན་བཟའ་བཅའ་སོགས་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཡག་པོ་སྐྲུན་པ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་མ་ལག་སྐྲུན་དགོས་པ།

    ལྔ་ནས་ཚན་རིག་དང་མཐུན་པའི་ངང་དབུལ་སྐྱོར་འགག་སྒྲོལ་དེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པ་ཁོང་དུ་ཆུད་པ་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོའི་དབུལ་ཕོངས་ཀྱི་ཞྭ་མོ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་ཡིན་པའི་རྣམ་པ་རྦད་དེ་འགྱུར་ལྡོག་གཏོང་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ།

    དྲུག་ནས་ཚན་རིག་དང་མཐུན་པའི་ངང་སྒྱུར་བཅོས་གསར་གཏོད་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པ་ཁོང་དུ་ཆུད་པ་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་གཙོ་བོའི་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་གོ་ཆོད་པའི་ཁྲོམ་ར་དང་ནུས་པ་འདོན་མཁན་གྱི་སྲིད་གཞུང་འཛུགས་སྐྱོང་བྱས་ཏེ་ཁྲོམ་རའི་ལམ་སྲོལ་གྱིས་ནུས་པ་ཐོན་པ་བྱེད་པ་དང་རྒྱུ་རྐྱེན་གཙོ་བོའི་སྐོར་སྐྱོད་ལ་སྐུལ་མ་གཏོང་བའི་ཁོར་ཡུག་གི་ཆ་རྐྱེན་ཞིག་སྐྲུན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ།

    བདུན་ནས་ཚན་རིག་དང་མཐུན་པའི་ངང་ཕྱོགས་ཡོངས་ནས་སྒོ་མོ་དབྱེ་བ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་ལྡན་པའི་ཧ་ཅང་གལ་ཆེའི་རང་བཞིན་ཁོང་དུ་ཆུད་པ་བྱས་ནས་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་པོ་བྱེད་པ། ཨེ་ཤ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་དབྱེ་བའི་ལམ་བུ་གལ་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ངོས་དང་ནང་ངོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལམ་བུ་དང་ལྷུ་ཚིགས་གལ་ཆེན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས་པ།

    བརྒྱད་ནས་ཚན་རིག་དང་མཐུན་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འདུས་དེ་ཁོང་དུ་ཆུད་པ་བྱས་ནས་དམངས་འཚོ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་དང་ཞིང་འབྲོག་ཁུལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ། ཐབས་ལམ་མང་པོའི་ཐོག་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་གྲུབ་འབྲས་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ།

    དགུ་ནས་ཚན་རིག་དང་མཐུན་པའི་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་སྙིང་དོན་དང་ངོ་བོ་ཁོང་དུ་ཆུད་པ་བྱས་ནས་སྣོད་བཅུད་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་ནན་པོ་སྲུང་བ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་གསར་སྤེལ་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་གསར་སྤེལ་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།

    བཅུ་ནས་ཚན་རིག་དང་མཐུན་པའི་ངང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དེས་དཔལ་འབྱོར་ལས་དོན་ལ་ཁོ་ལོ་སྒྱུར་ནུས་ཐད་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཆུད་པ་བྱས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་ཆོད་ཉིད་ལ་ངོས་འཛིན་སྔར་བས་བྱེད་ཟབ་ཏུ་གཏོང་བ་དང་འགོ་ཁྲིད་དང་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།