དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཞིང་ཆེན་ལམ་གྱི་དྲ་བ་འཆར་འགོད་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-16

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེ་བའི་ལོའི་རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་སྙན་ཞུ་གསན་པ་དང་ཞིང་ཆེན་ལམ་གྱི་དྲ་བ་འཆར་འགོད(2016-2030)ཞིབ་འཇུག་གནང་བ་རེད། ཚོགས་འདུའི་ཐོག་གཞུང་ལམ་འགྲིམ་འགྲུལ་ཐད་རྨང་གཞིའི་རང་བཞིན་དང་། སྔོན་སྣེ་ཁྲིད་པའི་རང་བཞིན། ཞབས་ཞུའི་རང་བཞིན་བཅས་ཀྱི་ནུས་པ་ལྡན་ཞིང་། བསམ་བློ་སྔར་བས་བཅིངས་འགྲོལ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་ད་བརྒལ་འོས་འཚམ་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་ལམ་གྱི་མ་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཐོག་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་འགྲིམ་འགྲུལ་གྱི་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཕེབས་པ་རེད།

    ཚོགས་འདུའི་ཐོག་དེང་སྐབས་རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་ཐད་ཐོབ་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོའི་འོག“རྒྱལ་ཁབ་དང་ཞིང་ཆེན་ལམ་གྱི་མ་ལམ་རིམ་མཐོ་ཅན་དང་། མཐའ་སྲུང་གཞུང་ལམ་ཤར་གཏོང་ཅན། གྲོང་གསེབ་གཞུང་ལམ་དྲ་རྒྱ་ཅན་བཅས་མངོན་འགྱུར་བྱུང་སྟེ་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་ནང་ཚུན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གཏོད་རྒྱུའི”བླང་བྱར་དམིགས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏིང་ཟབ་ཏུ་གཏོང་བ་དང་། དམིགས་ཚད་ཁ་ཕྱོགས་བརྟན་པོ་བཟོས་ཏེ་དཔེ་དབྱིབས་ཟམ་མི་ཆད་པར་གསར་གཏོད་དང་། ངར་ཤུགས་རྒྱུན་འཁྱོངས། མུ་མཐུད་ཤུགས་རྒྱག་པ། འགག་གནད་གཙོ་བོ་ཤུགས་ཆེར་གཏོང་བ། སྒྲོམ་གཞི་གཙོ་བོ་འཐུས་ཚང་དུ་གཏོང་བ། ཡན་ལག་ལམ་ཐིག་ཤར་གཏོང་ཐུབ་པ། རིམ་ཁག་འགྲོ་ལམ་ཕན་ཚུན་འབྲེལ་མཐུད་ཐུབ་པ་བཅས་བྱས་ཐོག་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་པ་བསྟན་པ་རེད།

    ཚོགས་འདུའི་ཐོག་ཞིང་ཆེན་ལམ་ནི་རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་གྲུབ་ཆ་གལ་ཆེན་ཡིན་ཞིང་། ཞིང་ཆེན་ལམ་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་ཐོག་ནས་བཟོས་ཏེ་འཐུས་སྒོ་ཚང་བའི་ས་ཁོངས་མ་ལམ་གྱི་དྲ་རྒྱ་སྐྲུན་རྒྱུ་དེ་རང་ལྗོངས་ཀྱི་འགྲིམ་འགྲུལ་ཆེ་མོ་དང་། འཁོར་རྒྱུག་ཆེ་མོ། འཕེལ་རྒྱས་ཆེ་མོ་བཅས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ལ་དུས་མཚམས་ནི་འགག་རྩ་དང་། ནུས་པ་དམིགས་བསལ། དོན་སྙིང་འགངས་ཆེན་བཅས་ཡིན་པའི་ནན་བཤད་བྱས་པ་རེད།

    གཅིག་ནས་ཀྲུང་དབྱང་གི་དགོངས་དོན་གང་ལེགས་མཚོན་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དེ་འཆར་འགོད་ཀྱི་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་ནས“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དེ་འཆར་འགོད་ཀྱི་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་དང་།

    གཉིས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་རྣམ་གྲངས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ལྷག་པར་དུ་ཀྲུང་དབྱང་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྲོས་འགོ་དང་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་འཆར་འགོད་ཁྲོད་ཀྱི་སྲིད་ཇུས་འགངས་ཆེན་རབ་དང་རིམ་པ་དང་། ལས་གྲྭ རྣམ་གྲངས་བཅས་དང་འབྲེལ་མཐུད་ཡག་པོ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་ཡག་པོ་བྱས་ནས་སྲིད་ཇུས་ཀྱི་ཕན་ནུས་དེ་བྱེད་ཐབས་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ་དང་རྣམ་གྲངས་དང་མ་དངུལ་ཐོག་མཚོན་པར་བྱེད་དགོས་པ།

    གསུམ་ནས་རང་སྐྱོང་ལྗོངས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ཀྱི་བཀོད་པ་དང་ཕན་ཚུན་སྤྱི་འདོམས་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་མིག་མངས་སྒྲིག་སྐོར་གཅིག་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་ངང་སྐུལ་འདེད་བཏང་ནས་ཞིང་ཆེན་ལམ་གྱི་དྲ་བ་འཆར་འགོད་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་། ཐོན་ལས་འཕེལ་རྒྱས། དབུལ་སྐྱོར་འགག་སྒྲོལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཨེ་ཤེ་ཡ་ལྷོ་རྒྱུད་ལ་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་བཅས་དང་ཟུང་འབྲེལ་ཡག་པོ་དང་སྐུལ་འདེད་གཏོང་རེས་བྱས་ཐོག་བོད་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་མཐའ་སྲུང་གཞུང་ལམ་འཛུགས་སྐྲུན། གྲོང་གསེབ་གཞུང་ལམ“གནད་སྨིན་དབུལ་སྐྱོར་འགག་སྒྲོལ”འཛུགས་སྐྲུན་བཅས་དང་འབྲེལ་མཐུད་དམ་ཟབ་དང་ཕན་ཚུན་གཅིག་གྱུར་བྱེད་དགོས་པ།

    བཞི་ནས་འཆར་འགོད་ཡག་པོ་ཞིག་བཏིང་ནས་འཆར་གཞི་དེ་ལེགས་སྒྲུབ་དཔྱིས་ཕྱིན་པ་བྱེད་དགོས་ཤིང་། གསར་གཏོད་ཀྱི་སྙིང་སྟོབས་དང་མིག་རྒྱང་རིང་པོའི་ཐོག་ནས་བསམ་ཕྱོགས་དེ་འཆར་འགོད་དུ་འགྱུར་བ་དང་འཆར་འགོད་དེ་ཏན་ཏན་ཏིག་ཏིག་གི་རྣམ་གྲངས་སུ་འགྱུར་བ་བྱས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འགག་རྩའི་དུས་མཚམས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་རྣམ་གྲངས་མཛོད་ལ་ཤུགས་སྣོན་རྒྱག་པ་དང་ཏན་ཏིག་བསྒྲུབས་ཏེ་ལག་བསྟར་བྱེད་པའི་གོ་རིམ་ཡག་པོ་སྒྲིག་དགོས་པ་དང་། གཙོ་གནད་རྣམ་གྲངས་ཁག་གཅིག་གི་དུས་འགོའི་ལས་དོན་སྤེལ་རྒྱུར་དམ་འཛིན་བྱས་ནས་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་འཛུགས་སྐྲུན་བྱེད་པ། སྔ་ཙམ་ཕན་པ་ཐོབ་པ་བཅས་ཐུབ་པའི་འགན་ལེན་བྱས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།