དབུ་ཤོག>སྲིད་དོན།
  • ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་དོ་དམ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-11

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2015]ཡིག་ཨང་7པ།

    《ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་དོ་དམ་སྲོལ་ཡིག》འདི་2015ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་2015ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2015ལོའི་ཟླ་7ཚེས་30ཉིན།

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    དོན་ཚན་དང་པོ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐོག རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ཞེས་པ་ནི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་ཕོ་བྲང་པོ་ཏ་ལ་དང་དེའི་རྒྱ་སྐྱེད་རྣམ་གྲངས་ལྷ་ལྡན་གཙུག་ལག་ཁང་དང་ནོར་བུ་གླིང་ཁར་ཟེར་བ་ཡིན།

    དོན་ཚན་གསུམ་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་དུ་སྲུང་སྐྱོབ་དོ་དམ་དང་། གཞི་རྩའི་འཛུགས་སྐྲུན། ཐོན་སྐྱེད་འཚོ་བ། ཆོས་ལུགས་དང་རིག་གནས་བྱེད་སྒོ ལྟ་སྐོར་སྤྲོ་གསེང་། ཚན་རིག་ཞིབ་འཇུག ལས་གཉེར་ཞབས་ཞུ་སོགས་བྱེད་པར་སྲོལ་ཡིག་འདི་སྤྱད་ན་འཐུས།

    དོན་ཚན་བཞི་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་སྐབས་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། སྲུང་སྐྱོབ་གཙོར་བཟུང་། ལུགས་མཐུན་བེད་སྤྱོད། ལྟ་སྡོམ་ལ་ཤུགས་སྣོན་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དེའི་ལོ་རྒྱུས་ཀྱི་ཉམས་འགྱུར་དང་རང་བྱུང་ཁོར་ཡུག་གི་མངོན་སུམ་རང་བཞིན་དང་ཆ་ཚང་རང་བཞིན་ཡོང་རྒྱུར་འགན་ལེན་བྱེད་དགོས། དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་ལས་དོན་ཁྲོད་ཀྱི་གཙོ་ཆེའི་གནད་དོན་རིགས་ཐག་གཅོད་དང་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་སྲུང་སྐྱོབ་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱས་པ་བཞིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་སྲུང་སྐྱོབ་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་བྱེད་མཁན་གྱི་གཙོ་འགན་སྡེ་ཚན་ཞིག་ཡིན་ཞིང་། དེས་ཁྲིམས་བཞིན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་རྒྱུ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་ནང་གི་སྲུང་སྐྱོབ་དོ་དམ་བྱེད་འགན་འཁུར་རྒྱུ། རིག་གནས་དང་། ནོར་སྲིད། གོང་འཕེལ་དང་བསྒྱུར་བཅོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། རྒྱལ་ཁབ་ས་ཆ་ཐོན་ཁུངས། འཆར་འགོད། ཁོར་ཡུག་སྲུང་སྐྱོབ། བཟོ་ཚོང་། ཡུལ་སྐོར། སྤྱི་བདེ། མི་རིགས་ཆོས་དོན། ནགས་ལས། ས་ཡོམ། གནམ་གཤིས། སྤྱི་བདེ་མེ་ཟོན་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་སྲུང་སྐྱོབ་ཀྱི་འགན་འཁྲི་སྒྲུབ་རྒྱུ།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་པའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་དགོས་ཤིང་། དེར་མཁོ་བའི་འགྲོ་གྲོན་རྣམས་ནོར་སྲིད་ནས་འགན་སྲུང་བྱེད་དགོས།

    དོན་ཚན་བདུན་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དེ་རིགས་གཅིག་མཁས་ཅན་ལ་གྲོས་འདྲི་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་བ་དང་། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་ལས་གྲྭར་ཞིབ་མཆན་འགོད་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་དེ་མིན་གྱི་གཙོ་ཆེའི་དོན་གནད་རིགས་གཏན་འབེབས་བཅས་བྱེད་སྐབས་ངེས་པར་དུ་རིགས་གཅིག་མཁས་ཅན་གྱི་བསམ་འཆར་ཉན་དགོས།

    དོན་ཚན་བརྒྱད་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་པའི་འགྲོ་གྲོན་དང་ཉམས་གསོའི་མ་དངུལ་ཡོང་ཁུངས་ནི། (གཅིག) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཆེད་སྤྱོད་འགྲོ་གྲོན་དང་། (གཉིས) རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་གྲོན། (གསུམ) བྱ་གཞག་རང་བཞིན་གྱི་ཡོང་འབབ། (བཞི) སྤྱི་ཚོགས་ཀྱི་ཞལ་འདེབས། (ལྔ) ཁྲིམས་མཐུན་གྱི་ཡོང་འབབ་གཞན་དག་བཅས་ཡིན། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་པའི་འགྲོ་གྲོན་དང་ཉམས་གསོའི་མ་དངུལ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆེད་དངུལ་ཆེད་སྤྱོད་བྱེད་དགོས་པ་ལས་ཚན་པ་དང་མི་སུ་འདྲ་ཞིག་ཡིན་རུང་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག

    དོན་ཚན་དགུ་པ། ཚན་པ་དང་མི་སུ་འདྲ་ཞིག་ཡིན་རུང་ཚང་མར་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་པའི་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་གྱི་ཚན་པ་དང་མི་སྒེར་ལ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནས་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་དང་། ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་གཟེངས་བསྟོད་བྱ་རྒྱུ།

    ལེའུ་གཉིས་པ། སྲུང་སྐྱོབ་དོ་དམ།

    དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ། སྲུང་སྐྱོབ་ཀྱི་འཆར་འགོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ནས་ཞིབ་དཔྱད་གཏན་འཁེལ་བྱས་རྗེས་ལག་བསྟར་བྱ་རྒྱུ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་ལག་བསྟར་བྱེད་འགན་འཁུར་རྒྱུ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་བཟོ་སྐབས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་དང་ཕན་ཚུན་མཐུན་སྦྱོར་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ཀྱི་དོ་དམ་དེ་སྲུང་སྐྱོབ་ཀྱི་འཆར་འགོད་གཞིར་བཟུང་ལག་བསྟར་བྱ་རྒྱུ། སྲུང་སྐྱོབ་བྱེད་ཁོངས་ནང་གི་སྲུང་སྐྱོབ་དོ་དམ་ལས་དོན་དེ་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཞིབ་ཕྲའི་འགན་འཁུར་རྒྱུ་དང་། འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་གི་སྲུང་སྐྱོབ་དོ་དམ་ལས་དོན་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རིག་དངོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། རྒྱལ་ཁབ་ས་ཆ་ཐོན་ཁུངས། འཆར་འགོད་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་མཉམ་དུ་འགན་འཁུར་རྒྱུ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་ཟིན་པའི་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་དུ་རྒྱུན་འཇགས་ཀྱི་སྲུང་སྐྱོབ་མཚོན་རྟགས་དང་ས་མཚམས་འབྱེད་རྟགས་འཛུགས་པ་དང་། ཕྱོགས་བཞིའི་མཚམས་རྟགས་དབྱེ་བཅད་དང་སྲུང་སྐྱོབ་ཀྱི་གསལ་བཤད། བཀག་སྡོམ་བྱེད་སྤྱོད་སོགས་གསལ་པོ་འགོད་དགོས། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ནས་སྲུང་སྐྱོབ་ཀྱི་མཚོན་རྟགས་དང་ས་མཚམས་འབྱེད་རྟགས་ལ་བདག་སྐྱོང་དང་དོ་དམ་བྱེད་འགན་འཁུར་རྒྱུ།

    དོན་ཚན་བཅུ་གཉིས་པ། སྲུང་སྐྱོབ་བྱེད་ཁོངས་ནང་གཤམ་གསལ་བྱེད་སྤྱོད་རིགས་བཀག་འགོག་བྱ་རྒྱུ་སྟེ། (གཅིག) རིག་དངོས་སྲུང་སྐྱོབ་ཀྱི་མཚོན་རྟགས་ཐོག་རི་མོ་འབྲི་བྱུགས་སྦྱར་བཅས་བྱེད་རིགས་དང་། (གཉིས) རིག་དངོས་དང་སྲུང་སྐྱོབ་སྒྲིག་བཀོད་ཐོག་འཛེགས་པ་དང་མཆོང་བརྒལ་བྱེད་རིགས།(གསུམ) རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དང་འབྲེལ་བ་མེད་པའི་སྒྲིག་བཀོད་སྒྲིག་ཆས་འཛུགས་པ་དང་བསྒར་སྒྲིག་བྱེད་རིགས། (བཞི) གད་སྙིགས་གཤོ་བ་དང་མེ་བསྲེག་གཏོང་རིགས། (ལྔ) རིག་དངོས་ཨར་སྐྲུན་དང་དེའི་ཞོར་གཏོགས་སྐྲུན་དངོས་གཏོར་སྐྱོན་དང་གཏོར་བརླག་གཏོང་བ་དང་། བཟུང་སྤྱོད་བྱེད་རིགས། (དྲུག) འཕྲིན་གཏོང་དང་ཕྱི་ངོས་བརྡ་ཁྱབ་འཛུགས་པ་དང་། མིས་བཟོས་གནས་ལྗོངས་བཟོ་རིགས། (བདུན) པར་ལེན་བྱེད་མི་ཆོག་པའི་མཚོན་རྟགས་བཙུགས་པའི་ཁུལ་ཁོངས་སུ་པར་ལེན་བྱེད་རིགས། (བརྒྱད) ས་འོག་གམ་བར་སྣང་དུ་རིག་དངོས་ཨར་སྐྲུན་དང་དེའི་ཞོར་གཏོགས་སྐྲུན་དངོས་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱེད་རིགས། (དགུ) རིག་དངོས་ཀྱི་བདེ་འཇགས་ལ་གནོད་པའི་འབར་གས་སླ་བ་དང་དེ་བཞིན་རིག་དངོས་བདེ་འཇགས་ལ་གནོད་པའི་དངོས་རྫས་དང་སྒྲིག་བཀོད་གཞན་དག་སྒྲིག་སྦྱོར་དང་། ཉར་འཇོག བེད་སྤྱོད་བཅས་བྱེད་རིགས། (བཅུ) རིག་དངོས་ཤུལ་བཞག་གི་བདེ་འཇགས་ལ་གནོད་པའི་རྩི་ཤིང་འདེབས་འཛུགས་བྱེད་རིགས། (བཅུ་གཅིག) ཆུ་གློག་མཁོ་འདོན་དང་། མེ་ཟོན། ལྟ་ཞིབ་ཚད་ལེན་བཅས་ཀྱི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་རིགས། (བཅུ་གཉིས)རང་འཚམ་གྱིས་འཛུགས་སྐྲུན་ལས་གྲྭའམ་འབར་གཏོར་དང་། གསོར་འབིགས་རྩད་ཞིབ། སྔོག་འདོན་སོགས་ཀྱི་ལས་ཀ་བྱེད་རིགས། (བཅུ་གསུམ) རིག་དངོས་ཀྱི་བདེ་འཇགས་ལ་གནོད་བཟོ་ཡོད་པའི་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་བཅུ་གསུམ་པ། སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་དུ་སྐྲུན་དངོས་གསར་སྐྲུན་དང་། རྒྱ་སྐྱེད། རྒྱས་སྐྲུན་བཅས་བྱེད་པ་དང་། དེ་བཞིན་སྔོ་སྒྱུར་དང་། ཆུ་གློག་དྲོད་གསུམ་མཁོ་འདོན། ཆུ་འཐེན་སོགས་བྱེད་སྐབས་དེའི་ལས་གྲྭའི་ཇུས་འགོད་ཇུས་གཞི་དགོས་ན་ངེས་པར་དུ་རིག་དངོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུ་བེད། གློག་ཤུགས། ཁོར་ཡུག་སྲུང་སྐྱོབ། སྤྱི་བདེ་མེ་ཟོན་སོགས་སྡེ་ཚན་གྱིས་ཞིབ་དཔྱད་མོས་མཐུན་བྱས་རྗེས་ཁྲིམས་བཞིན་ཆོག་མཆན་ཞུ་དགོས།

    དོན་ཚན་བཅུ་བཞི་པ། སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་དུ་སྐྲུན་དངོས་གསར་སྐྲུན་དང་། རྒྱ་སྐྱེད། རྒྱས་སྐྲུན་བཅས་བྱེད་སྐབས་དེའི་མཐོ་ཚད་དང་། ཉམས་འགྱུར། གཞི་རྒྱ། ཚོས་མདོག་སོགས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བླང་བྱ་དང་མཐུན་པ་བྱེད་དགོས། ཚན་པ་དང་མི་སུ་འདྲ་ཞིག་ཡིན་རུང་སྔར་ཡོད་སྐྲུན་དངོས་ཐོག་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་མཐོང་རྒྱ་གྲིབ་པ་དང་ལོ་རྒྱུས་ཀྱི་ཉམས་འགྱུར་ལ་ཤུགས་རྐྱེན་ཐེབས་པའི་སྐྲུན་དངོས་དང་ཞོར་གཏོགས་སྒྲིག་བཀོད་སྒྲིག་འགལ་གྱིས་རྒྱག་མི་ཆོག རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་ཁོངས་ཀྱི་འཛུགས་སྐྲུན་བྱེད་སྒོར་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འགལ་ཐོག་འཛུགས་སྐྲུན་ལས་ཀ་བྱས་པ་ཤེས་ཚེ་ངེས་པར་དུ་འཕྲལ་མར་བཀག་འགོག་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་རིག་དངོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་ལའང་སྙན་སེང་ཞུ་དགོས།

    དོན་ཚན་བཅོ་ལྔ་པ། སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ནང་དུ་གསར་སྐྲུན་བྱས་པའི་སྐྲུན་དངོས་སོགས་ཀྱིས་རིག་དངོས་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་དང་། ལོ་རྒྱུས་ཀྱི་ཉམས་འགྱུར་ལ་གཏོར་སྐྱོན་བཟོ་བ། མཐོང་རྒྱ་གྲིབ་ནས་ཤུགས་རྐྱེན་བཟོ་བ་བཅས་བྱས་ན་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་བཀག་འགོག་བྱེད་དགོས་པ་མ་ཟད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འཆར་འགོད་སོགས་སྡེ་ཚན་ལ་བཅོས་སྒྲིག་བྱ་རྒྱུའི་གྲོས་འཆར་འདོན་དགོས་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འཆར་འགོད་སོགས་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་འབྲས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་དུས་བཀག་ཐོག་ལྟ་ཞིབ་ཚད་ལེན་བྱས་ནས་དུས་བཀག་གི་ལྟ་ཞིབ་ཚད་ལེན་སྙན་ཞུ་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཞིབ་དཔྱད་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་རྒྱུན་འགལ་གྱི་གནས་ཚུལ་ལམ་ཡང་ན་ཉེན་ཁ་ཐོན་ཚེ་ངེས་པར་དུ་འཕྲལ་མར་ཁ་གཏད་གཅོག་ཐབས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་དགོས། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་གཟུགས་ཉིད་ཨར་སྐྲུན་ལ་ལག་རྩལ་གྱི་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་ཐབས་སྤྱོད་དགོས་ཤིང་། ཨར་སྐྲུན་གྲུབ་ཆའི་བདེ་འཇགས་དང་། ས་གཤིས་གནོད་འཚེ། གནམ་གཤིས་གནོད་འཚེ། མི་རྒྱུན། ཁོར་ཡུག གནོད་ཅན་སྐྱེ་དངོས་འགོག་བཅོས་སོགས་ཐད་ཀྱི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་མ་ལག་དང་གཞི་གྲངས་ཆ་འཕྲིན་གྱི་ཐོ་མཛོད་བཟོ་དགོས། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་རྒྱུན་གཏན་སྲུང་སྐྱོབ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཐོ་འགོད་ཡིག་ཚགས་དང་ཉིན་ཐོ་བཟོ་དགོས་པ་མ་ཟད། ལོ་རེའི་ཟླ་དང་པོའི་ནང་ལོ་གོང་མའི་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྐྱེལ་དགོས།

    དོན་ཚན་བཅུ་བདུན་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རིག་དངོས་བདེ་འཇགས་ལ་སྲུང་སྐྱོབ་དོ་དམ་བྱ་རྒྱུའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་ཤིང་། སྲུང་སྐྱོབ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། མེ་ཟོན་དང་བདེ་འཇགས་ཉེན་ཟོན་སོགས་ཀྱི་སྔོན་ཇུས་བཟོ་དགོས་པ། མེ་སྐྱོན་དང་། རྐུ་རྒྱག འབུ་སྐྱོན། རང་བྱུང་གནོད་འཚེ་སོགས་ལ་འགོག་ཟོན་བྱེད་པའི་སྒྲིག་བཀོད་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས། བདེ་འཇགས་ཐད་ཀྱི་རྐྱེན་རྩ་ཡོད་པ་ཤེས་མ་ཐག་ངེས་པར་དུ་འཕྲལ་མར་ཚོད་འཛིན་བྱ་ཐབས་སྤྱོད་དགོས་པ་མ་ཟད། དུས་ཐོག་ཏུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ལའང་སྙན་སེང་ཞུ་དགོས། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིགས་གཅིག་མཁས་དབང་སྒྲིག་འཛུགས་བྱས་ནས་རིག་གནས་ཤུལ་བཞག་གི་བདེ་འཇགས་རྐྱེན་རྩར་རྩད་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས་པ་དང་། རྩད་ཞིབ་བྱས་འབྲས་ལ་གཞིགས་ནས་ཉམས་བཟོའི་ཇུས་གཞི་བཟོས་ཏེ། ཁྲིམས་བཞིན་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། ཉམས་བཟོ་བྱ་རྒྱུ་དེ་སྲོལ་རྒྱུན་བཟོ་རྩལ་དང་འབྲེལ་བ་ཡོད་ན་ངེས་པར་དུ་སྲོལ་རྒྱུན་བཟོ་རྩལ་གྱི་ལག་རྩལ་ལྡན་པའི་བཟོ་རྩལ་པ་གདན་ཞུ་བྱས་ནས་ཉམས་བཟོ་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དགོས་མཁོ་གཞིར་བཟུང་། ཡུལ་སྐོར་བའི་གྲངས་ཚད་དང་རང་སོར་སྒུག་པའི་དུས་ཚོད་ལ་ཚན་རིག་དང་མཐུན་པའི་ཞིབ་གཏན་དང་ཚོད་འཛིན་བྱེད་དགོས་པ་དང་། སྒོ་མོ་དབྱེ་ཁུལ་དང་ལྟ་སྐོར་ལམ་ཐིག་གཏན་འཁེལ་བཟོ་དགོས་པ། འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་དགོས་ངེས་སྐབས་སྒོ་བརྒྱབ་ནས་ངལ་གསོ་བཅོས་སྒྲིག་གིས་རིག་དངོས་བདེ་འཇགས་ཡོང་བའི་འགན་ལེན་ཐུབ་པ་བྱེད་དགོས། གོང་གི་དོན་ཚན་ནང་གཏན་འབེབས་བྱས་པའི་ནང་དོན་རྣམས་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་དགུ་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་ནང་དུ་འགྲོ་སྐྱོད་བྱེད་མཁན་གྱིས་ངེས་པར་དུ་བདེ་འཇགས་ཀྱི་ཞིབ་བཤེར་བྱས་པར་དང་ལེན་ཞུ་དགོས་པ་དང་། རིག་དངོས་ཀྱི་བདེ་འཇགས་ལ་གནོད་པ་དང་སྤྱི་པའི་བདེ་འཇགས་ལ་གནོད་པའི་འབར་གས་སླ་བ་དང་། འཕྲོ་ནུས་ཅན། རུལ་བསླད་ཅན་སོགས་ཀྱི་དངོས་རྫས་རིགས་འཁྱེར་མི་ཆོག

    དོན་ཚན་ཉི་ཤུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་ནང་གི་རིག་དངོས་དང་། ས་ཆ། གནའ་བོའི་ཨར་སྐྲུན། སྒྲིག་བཀོད། རྒྱུ་ནོར་སོགས་ཧམ་བཟུང་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ལོ་ལྟར་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་དུས་བཀག་གིས་སྐོར་ཞིབ་བྱེད་དགོས་པ་མ་ཟད། སྐོར་ཞིབ་སྙན་ཞུ་བཟོས་ནས་རྒྱལ་ཁབ་རིག་དངོས་སྲིད་འཛིན་སྡེ་ཚན་ལ་འབུལ་དགོས། སྐོར་ཞིབ་བྱེད་པའི་ཁྲོད་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་ཡོད་པ་ཤེས་ཚེ་ངེས་པར་དུ་འཕྲལ་མར་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་འདོན་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ནས་བླང་བྱ་ལྟར་བཅོས་སྒྲིག་བྱེད་པར་ལྟ་སྐུལ་བྱེད་དགོས། ཚབས་ཆེའི་བདེ་འཇགས་ཀྱི་རྐྱེན་རྩ་ཡོད་ན་རྒྱལ་ཁབ་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    ལེའུ་གསུམ་པ།  ལུགས་མཐུན་བེད་སྤྱོད།

    དོན་ཚན་ཉེར་གཉིས་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་གྲངས་འཛིན་ཅན་གྱི་རྟེན་རྫས་བཤམས་སྟོན་ཁང་བཟོས་ནས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་སྔར་རྒྱུན་རྣམ་པ་བཤམས་སྟོན་གྱི་ནང་དོན་དུ་བྱས་ཏེ་གསལ་སྟོན་དང་དྲིལ་བསྒྲགས་བྱས་ནས་གནའ་བོའི་ཨར་སྐྲུན་གྱི་ཐེག་ནུས་ཆུང་དུ་འགྲོ་བ་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དེ་ཁེ་ལས་ཀྱི་རྒྱུ་ནོར་ལ་བརྩིས་ནས་ལས་གཉེར་བྱེད་མི་ཆོག་ཅིང་། ཁྲིམས་བཞིན་ཆོག་མཆན་ཐོབ་པའི་ལས་གཉེར་ཞབས་ཞུའི་རྣམ་གྲངས་རིགས་ནང་བཤུག་གཏོང་མི་ཆོག་པ་དང་། རྒྱུ་ནོར་གཏའ་མར་འཇོག་མི་ཆོག་ལ། ཁེ་ལས་སམ་མི་སྒེར་དང་མཉམ་ལས་ཀྱིས་ལས་གཉེར་ཡང་བྱེད་མི་ཆོག ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་སྒོ་འཛིན་དང་འབྲེལ་ཡོད་དཔང་འཛིན་རྫུན་བཟོ་དང་། བཟོ་བཅོས། ཁེ་ཚོང་བཅས་བྱེད་མི་ཆོག

    དོན་ཚན་ཉེར་བཞི་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་རིག་དངོས་ལ་དཀར་ཆག་བཟོ་བ་དང་རིགས་དབྱེ་དོ་དམ་བྱེད་དགོས། ཡིག་ཚགས་གློག་རྡུལ་གྱི་གཞི་གྲངས་ཆ་འཕྲིན་ཐོ་མཛོད་མ་ལག་བཙུགས་ནས་དངོས་རྫས་རེར་ཡིག་ཚགས་རེ་ཡོད་པའི་གློག་རྡུལ་གཞི་གྲངས་ཆ་འཕྲིན་གྱི་ཡིག་ཚགས་སྤྱོད་རྒྱུ།

    དོན་ཚན་ཉེར་ལྔ་པ། རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་རིག་དངོས་བདག་ཉར་བྱ་རྒྱུ་དང་། ཤོག་ཐོག་དང་དེ་བཞིན་གློག་རྡུལ་གྱི་ཆ་འཕྲིན་གཞི་གྲངས་ཡིག་ཚགས་རྣམས་ཁག་སོ་སོར་ཆེད་བསྐོས་མི་སྣས་འགན་འཁུར་དགོས། ཆོག་མཆན་ཐོབ་པའི་ཉར་ཚགས་རིག་དངོས་མཛོད་འཇུག་མཛོད་འདོན་བྱེད་སྐབས་ངེས་པར་དུ་སྙན་ཐོ་དཔོད་པ་དང་ཆབས་ཅིག་རིག་དངོས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་འགོད་དགོས། དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་རིག་དངོས་ཡིག་ཚགས་དོ་དམ་བྱེད་མཁན་དང་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཡིག་ཚགས་དཔྱད་ཡིག་ཚན་པ་དང་མི་སྒེར་སུ་ཞིག་ལའང་མཁོ་འདོན་བྱེད་མི་ཆོག

    དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་ལོ་རྒྱུས་དང་། ཚན་རིག སྒྱུ་རྩལ་སོགས་ཐད་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། རིག་དངོས་དེ་གའི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱས་པའི་ཐོག་གསལ་སྟོན་བྱས་ནས་དེ་དང་འབྲེལ་བའི་ཤེས་བྱའི་བདག་དབང་ཁྲིམས་བཞིན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ཐད་ཀྱི་ཞིབ་འཇུག་ལས་ཁུངས་འཛུགས་དགོས་པ་དང་། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། ཞིབ་འཇུག དོ་དམ་བཅས་བྱེད་མཁན་གྱི་ཤེས་ལྡན་པའི་དུས་འབྲིང་དུས་རིང་གི་སྦྱོང་བརྡར་འཆར་འགོད་བཟོ་བ་དང་། ཆེད་ལས་སྦྱོང་བརྡར་སྤྲོས་རྒྱུའི་སྒྲིག་འཛུགས་བྱེད་དགོས། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ལས་བྱར་བཅའ་ཁྲིམས་དང་ལས་སྒོའི་ཤེས་བྱའི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོབ་དོ་དམ་དང་ལུགས་མཐུན་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས།

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཉེར་དགུ་པ། རིག་དངོས་སྲུང་སྐྱོབ་དོ་དམ་གྱི་འགན་འཁྲི་འཁུར་མཁན་ཚན་པ་དང་མི་སྒེར་གྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་འགན་སྣང་མེད་དུ་བཏང་བ་དང་། འགན་འཛོལ་ཤོར་བ། འགན་དབང་གང་བྱུང་དུ་སྤྱད་པ་བཅས་ལས་རིག་དངོས་ལ་གྱོང་གུན་དང་། གནོད་སྐྱོན། གཏོར་བརླག་བཅས་བྱུང་རིགས་ཁྲིམས་བཞིན་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ་མ་ཟད། རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལྟ་ཞིབ་བམ་གོ་གནས་བསྐོ་འཐེན་ལས་ཁུངས་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའི་རེ་བ་འདོན་རྒྱུ། ཉེས་གསོག་གི་དོགས་པ་ཡོད་ན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ།

    དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་དང་པོ་ནས་བཅུ་གཅིག་བར་གྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ནས་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཐ་ཚིག་བསྒྲགས་པ་དང་སྦྲགས་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་ཆོག ཉེས་ཚབས་ཆེ་རིགས་ལ་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྒོར་ཁྲི་3ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་ཆོག གྱོང་གུན་དང་། གནོད་སྐྱོན། གཏོར་བརླག་བཅས་བྱུང་རིགས་ཁྲིམས་བཞིན་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་ན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ།

    དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་བཅུ་གཉིས་དང་། དོན་ཚན་བཅུ་གསུམ་པ། དོན་ཚན་བཅུ་བཞི་པའི་ནང་གསེས་དང་པོ་བཅས་ཀྱི་གཏན་འབེབས་ལས་འགལ་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཚེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ། ཉེས་གསོག་གི་དོགས་པ་ཡོད་ན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ། སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ནང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་སུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ། 

    ལེའུ་ལྔ་པ། ཞར་བྱུང་།

    དོན་ཚན་སོ་བཞི་པ། སྲོལ་ཡིག་འདི་2015ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།