ཟླ་11ཚེས་3ཉིན་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་མང་ཚོགས་ཚོགས་པ་སྡེ་ཚན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སོགས་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཆེད་དང་། དེ་བཞིན་ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་ཆ་གཙོ་བོའི་འགན་འཁྲི་དོན་འཁྱོལ་བྱ་ཚུལ་དང་། ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཚུལ། ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་དོན་འཁྱོལ་བྱ་ཚུལ་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་ཐོགས་ཀྱིས་རུ་སྣེ་ཁྲིད་དེ་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། སྤྱི་ཚོགས་བཟོ་ཚོགས། ཚན་རྩལ་མཐུན་ཚོགས་སོགས་མང་ཚོགས་ཚོགས་པ་སྡེ་ཚན་དུ་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།
རྡོ་ཐོགས་ཀྱིས་ལས་ཁུངས་བཞི་ཡི་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་གྱི་བཀྲག་མདངས་འཚེར་སར་ཁས་ལེན་གང་ལེགས་གནང་བ་འབྲེལ་མི་འདང་བའི་ཆ་དང་གནད་དོན་གསལ་སྟོན་ཡང་གནང་བ་རེད།
རྡོ་ཐོགས་ཀྱིས་མང་ཚོགས་ཚོགས་པ་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། མང་ཚོགས་ཚོགས་པ་རྩ་འཛུགས་ནི་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འབྲེལ་ཟམ་ལྟ་བུ་ཡིན། དེས་ན་མང་ཚོགས་ཚོགས་པ་རྩ་འཛུགས་ཁག་གིས་ཏང་འཛུགས་སྐྱོང་ལས་དོན་དེ་དམ་འཛིན་བྱེད་ས་གཙོ་བོར་བརྩི་བ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱས་ནས་ལས་སྒོ་ཁག་ལ་སྐུལ་འདེད་གཏོང་བ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ལས་དོན་ཡོངས་ནང་བཅུག་སྟེ“ཤེས་པ་བཞི”ཐུབ་པ་བྱས་ཐོག་མང་ཚོགས་ལ་ཆབ་སྲིད་དང་། བསམ་བློ། སྒྲིག་འཛུགས་བཅས་ཐད་ཁྲིད་སྟོན་བྱེད་པའི་ལས་འགན་ཧུར་ཐག་བསྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྡོ་ཐོགས་ཀྱིས་ཏང་ཙུའུ(ཏང་ཨུད)ཡི་ཧྲུའུ་ཅིས་ཏང་འཛུགས་ལ་དམ་འཛིན་བྱེད་པའི་ལས་འགན་གཙོ་བོ་མུ་མཐུད་དོན་འཁྱོལ་དང་གཞི་རིམ་ཏང་རྩ་འཛུགས་འཐུས་སྒོ་ཚང་དུ་བཏང་ནས། ཏང་རྩ་འཛུགས་ཚན་པ་དེ་གའི“དབང་རྩ”ཡོངས་སུ་ཁྱབ་པར་བྱེད་དགོས། “དྲུག་ལྡན”ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་ཚན་ཁག་སྟོབས་ཆེར་གཏོང་བ་དང་། འཇོན་ཐང་ཆེ་བའི་ཏང་ཡོན་ལས་བྱེད་པའི་རྐང་འཛིན་དཔུང་ཁག་འཛུགས་སྐྱོང་བྱེད་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་སྒོའི་གཞི་རྟེན་སྣ་ཚོགས་གཏོད་པ། ནུས་པ་ཆེ་ལ་སྤྱོད་གོ་ཆེ་བའི་ཞབས་ཞུའི་སྟེགས་བུ་སྐྲུན་པ་བཅས་བྱས་ནས་“དགུ་ལྡན”དམིགས་ཚད་རིམ་བཞིན་མངོན་དུ་འགྱུར་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་མང་ཚོགས་ཚོགས་པའི་སྡེ་ཚན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས་པ་རེད།