བོད་ལྗོངས་ཀྱི་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་ཆེད། ཉིན་ཤས་གོང་རང་སྐྱོང་ལྗོངས་སྲིད་གཞུང་གིས《2015ལོའི་དགུན་དུས་ནས་2016ལོའི་དཔྱིད་དུས་བར་གྱི་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་བཀའ་རྒྱ》ཁྱབ་བསྒྲགས་བྱས་པ་རེད།
《བཀའ་རྒྱའི》ནང་། 2015ལོའི་ཟླ་11ཚེས་15ཉིན་ནས་2016ལོའི་ཟླ་5ཚེས་31ཉིན་བར་ནི་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་དུས་ཡིན་པ་དང་། 2015ལོའི་ཟླ་12ཚེས་15ཉིན་ནས་2016ལོའི་ཟླ་4ཚེས་30ཉིན་བར་ནི་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་ཛ་དྲག་དུས་ཡིན་པ་བཏོན་ཡོད།
《བཀའ་རྒྱའི》ནང་། ནགས་ཚལ་མེ་སྐྱོན་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། རིམ་ཁག་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་ནགས་ལས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ངེས་པར་དུ་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་འགན་འཁུར་བ་དང་པོ་དང་འགན་འཁུར་བ་གཙོ་བོའི་འགན་འཁྲི་ཁུར་ནས་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ་དང་། རིམ་ཁག་ནགས་ཚལ་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུས་འགན་འཁྲི་གསལ་དུ་བཏང་ནས། ནགས་ཚལ་མེ་སྐྱོན་སྔོན་འགོག་དང་མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།
《བཀའ་རྒྱའི》ནང་། ཕྱི་རོལ་གྱི་མེ་ཁུངས་ལ་དོ་དམ་ནན་པོ་བྱེད་དགོས། ནགས་ཁུལ་དུ་མེ་གཏོང་བའི་ཞིབ་མཆན་ལམ་ལུགས་སྣ་ཚོགས་ལག་བསྟར་ནན་པོ་བྱས་ཏེ་ཆོག་མཆན་མ་ཐོབ་པར་རང་དགར་ནགས་ཁུལ་དུ་མེ་གཏོང་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ནགས་ཚལ་ལ་མེ་ཤོར་བ་ཤེས་འཕྲལ་ཚན་པ་དང་མི་གང་རུང་གིས་ས་གནས་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་འམ་ཡང་ན་ནགས་ལས་སྡེ་ཚན་ལ་འཕྲལ་དུ་སྙན་སེང་ཞུས་ཏེ་ནགས་ཚལ་མེ་སྐྱོན་མ་ཐོན་སྔོན་འགོག་བྱེད་དགོས། ནགས་ཁུལ་དུ་ཚ་ཁ་ལྟ་བ་དང་། འབར་གཏོར། རྩད་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། ནགས་ཁུལ་དུ་ཤོག་སྦག་སྤོར་བ་དང་མེ་ཕུང་མཚན་ཚོགས་སོགས་ཀྱི་བྱེད་སྒོ་གཉེར་མི་ཆོག་པ། ལས་གྲྭར་དོ་དམ་ནན་པོ་བྱས་ཏེ། ལས་གྲྭའི་ཚན་པས་ངེས་པར་དུ་མེ་ཟོན་སྔོན་འགོག་གི་ཇུས་གཞི་བཟོ་དགོས་པའི་བླང་བྱ་བཏོན་ཡོད།
《བཀའ་རྒྱའི》ནང་། ནགས་ཚལ་མེ་སྐྱོན་གྱི་བག་ཉལ་ཉེན་ཁར་གྲལ་བཤེར་བྱ་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་དགོས། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མེ་སྐྱོན་གྱི་བག་ཉལ་ཉེན་ཁར་རིམ་གྱིས་གྲལ་བཤེར་དང་། གང་སར་གྲལ་བཤེར། དུས་རྟག་ཏུ་གྲལ་བཤེར་བཅས་བྱེད་དགོས་པ་དང་། ནགས་སྲུང་པས་ཉིན་ལྟར་དོ་དམ་ཁོངས་གཏོགས་ནང་ཕྱོགས་མང་དང་བར་མཚམས་མེད་པར་མེའི་གནས་ཚུལ་གྲལ་བཤེར་བྱས་ཏེ། གནས་ཚུལ་ཤེས་འཕྲལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ། ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)དང་སྤྱི་ཕན་ནགས་ཚལ་ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱིས་ཆེད་ལས་དོ་དམ་སྲུང་སྐྱོང་པ་དང་ནགས་སྲུང་པས“དམ་འཛིན་བརྒྱད”དང“སྔོན་འགོག་བརྒྱད”ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ། ནགས་ཚལ་མེ་སྐྱོན་སྔོན་འགོག་གི་ལས་དོན་དེ་ལས་འགན་གཙོ་བོར་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
《བཀའ་རྒྱའི》ནང་། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་ནགས་ཚལ་མེ་སྐྱོན་ཐག་གཅོད་བྱེད་པའི་སྔོན་ཇུས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། ནགས་ཚལ་མེ་སྐྱོན་སྔོན་འགོག་གི་གྲོན་དངུལ་རིམ་མཚུངས་ནོར་སྲིད་སྔོན་རྩིས་ནང་འཇོག་དགོས་པ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་གྲ་སྒྲིག་ཨང་བསར་བྱེད་དགོས་པ། རིགས་ཁག་གི་ཆེད་ལས་དང་ཕྱེད་ཆེད་ལས་ཀྱི་མེ་གསོད་རུ་ཁག དེ་བཞིན་ཤང(གྲོང་རྡལ)རིམ་པའི་ནགས་ཚལ་མེ་ཟོན་འཕྲལ་སྒྲུབ་རུ་ཁག་བཅས་ཀྱི་མེ་གསོད་ནང་སྦྱོང་ལ་ཤུགས་བརྒྱབ་སྟེ། མེ་ཟོན་མེ་གསོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
《བཀའ་རྒྱའི》ནང་། ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སློབ་གསོ་“སློབ་གྲྭ་དང་། སྡེ་ཁུལ། ཨར་ལས་ཚན་པ། ཤང་གྲོང”བཅས་སུ་དྲིལ་བསྒྲགས་བྱས་ཏེ་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་འདུ་ཤེས་དང་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་དགོས། གནམ་གཤིས་སྡེ་ཚན་གྱིས་ནགས་ཚལ་མེ་ཟོན་རིམ་པའི་སྔོན་བརྡ་དུས་ཐོག་ཏུ་གཏོང་དགོས། རིམ་ཁག་ནགས་ཚལ་མེ་ཟོན་སྡེ་ཚན་གྱིས་ཆུ་ཚོད་24སྡོད་བྱ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལམ་ལུགས་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ། སྲིད་གཞུང་གི་བཀའ་རྒྱ་དང་མེ་སྐྱོན་གནས་ཚུལ་གྱི་ཆ་འཕྲིན་ཤེས་རྟོགས་ལ་རྒྱུན་འཁྱོངས་བྱེད་དགོས་པ། ནགས་ཚལ་མེ་སྐྱོན་གོང་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
《བཀའ་རྒྱའི》ནང་། ནགས་ཚལ་གྱི་མེ་སྐྱོན་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མེ་སྐྱོན་གྱི་རྐྱེན་ངན་ཤེས་རྟོགས་བྱུང་ཡང་སྙན་སེང་མི་ཞུ་བའམ་ཡང་ན་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་ཤོར། ལས་འཛོལ་ཤོར་བ་བཅས་ལས་ཐོན་པའི་ནགས་ཚལ་གྱི་མེ་སྐྱོན་དང་། མེ་སྐྱོན་གྱི་གནས་ཚུལ་གསང་ནས་སྙན་སེང་མི་ཞུ་བའི་རིགས། མེ་གསོད་ཀྱི་གོ་སྐབས་ནར་འགྱངས་བྱེད་རིགས། མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་མ་བྱུང་བ་དང་མེ་ཡག་པོ་མ་བསད་པའི་རྐྱེན་གྱིས་ནགས་ཚལ་གྱི་མེ་སྐྱོན་ཆེན་པོ་ཐོན་རིགས་སམ་ཡང་ན་ཤུགས་རྐྱེན་ཆེན་པོ་བཟོ་རིགས་བཅས་ལ་ཁྲིམས་དང་སྒྲིག་ཁྲིམས་ལ་གཞིགས་ནས་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།