དབུ་ཤོག>སྲིད་དོན།
  • སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-10-28

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་ཆེད་གཤམ་གསལ་བསམ་འཆར་འདོན་རྒྱུ།

    གཅིག རིག་རྩལ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་མཛུབ་ཁྲིད་བསམ་བློ།

    1.རིག་རྩལ་ལས་དོན་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། རིག་རྩལ་ནི་མི་རིགས་སྙིང་སྟོབས་ཀྱི་དཔལ་འབར་ལྟ་བུ་ཡིན་ལ་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ལྟ་བུའང་ཡིན་པས་དེས་མི་རིཌ་ཤིག་གི་ཉམས་འགྱུར་མཚོན་ཐུབ་ལ་དུས་རབས་ཤིག་གི་སྲོལ་རྒྱུན་ལ་སྣེ་ཁྲིད་ཀྱང་བྱེད་ཐུབ། རིག་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རིག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། གསར་བརྗེ་དང་། འཛུཌ་སྐྲུན། སྒྱུར་བཅོས་བཅས་ཀྱི་དུས་སྐབས་ཁག་ཏུ་རིག་རྩལ་གང་ལེགས་སྤྱད་དེ་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱས་པ་དང་། མི་དམངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་བཏང་བ། སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་བཏང་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པར་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད་ལ་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད། བསམ་བློའི་དར་ཆ་བསྒྲེང་བ་དང་། བསམ་བློའི་ཀ་བ་འཛུགས་པ། བསམ་བློའི་ཁྱིམ་གཞིས་བསྐྲུན་པ་བཅས་བྱ་རྒྱུ་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་བླ་ན་མེད་པའི་འགན་འཁྲི་ཡིན། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་གོའི་རིན་ཐང་བརྒྱུད་བསྒྲགས་བྱེད་པ། ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱ་རྒྱུ་ནི་རིག་རྩལ་ལས་དོན་པའི་བླ་ན་མེད་པའི་ལས་འགན་ཡིན།

    2.རིག་རྩལ་ལས་དོན་ལ་འཕྲད་པའི་དུས་བབ་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས། དེང་སྐབས་རང་རྒྱལ་གྱི་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་སོན་ཤུགས་ཆེ་བ་དང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པ། ཉམས་འགྱུར་དང་འབྲི་སྟངས་སྣ་ཁ་མང་བ་བཅས་མི་དམངས་ཀྱིས་དགའ་པོ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་ཐོན་ནས་མེ་ཏོག་སྣ་མང་མཉམ་འགྲན་དང་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་འབད་འབུངས་ཡར་བརྩོན་དང་མི་དམངས་ལ་ཞབས་འདེགས་ཞུས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་ཆབས་ཅིག་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། དེང་རབས་ཚན་རིག་ལག་རྩལ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བ། ཕྱི་ཕྱོགས་དང་སྤེལ་རེས་འགྲོ་འོང་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བ། རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། མི་དམངས་ཀྱི་བསམ་བློ་རིག་གནས་ཀྱི་དགོས་མཁོ་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བ་བཅས་རིག་རྩལ་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་དང་། ནང་གནས་སྒུལ་ཤུགས། ཁྱབ་ཁོངས་ཆེན་པོ་བཅས་མཁོ་འདོན་བྱས་ཡོད། དུས་མཚུངས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་རྙོག་འཛིང་ཆེ་བ་དང་བསམ་བློ་རིག་གནས་ཀྱི་གཡུལ་ས་བརྟན་གཏོང་དང་རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་སྲུང་བའི་ལས་དོན་དེ་བས་དགོས་གཏུག་ཆེ་བ་དང་། བསམ་བློ་འཕྲུག་ཆ་དོད་པ་དང་། འདུ་ཤེས་གདོང་ཐུག རིག་གནས་འབྲེལ་འདྲེས་བཅས་ཀྱི་རྒྱབ་ལྗོངས་འོག་རིག་རྩལ་ཁྱབ་ཁོངས་སུ་རིན་ཐང་ནོར་འཛོལ་དང་། འཚབ་འཚུབ་ཐ་ཤལ། རོལ་རྩེད་གོང་བཀུར། ཁྲོམ་ར་གཙོར་འཛིན་སོགས་ཀྱི་གནད་དོན་ཡོད་སྟབས་རིན་ཐང་སྣེ་ཁྲིད་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་དགོས་གལ་ཆེ་བ། རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ཐད་ཐོན་འབོར་ཡོད་ཀྱང་སྤུས་ཚད་མེད་པ་དང་། “ས་མཐོ”ཡོད་ཀྱང“ཡང་རྩེ”མེད་པ། དཔེ་ལེན་ལད་འབྲི་བྱེད་པ། རྩོམ་བརྒྱ་དོན་གཅིག ནང་དོན་ཆོ་མེད་རྫུན་བཟོ་སོགས་ཀྱི་གནད་དོན་ཡོད་སྟབས་བརྩམས་ཆོས་ལེགས་པོ་འདོན་པའི་ལས་འགན་སྔར་བཞིན་ལྕི་བ།རིག་རྩལ་དཔྱད་གཏམ་མེད་པའམ་གནད་ལ་འཁེལ་བའི་སྣང་ཚུལ་ཡོད་པ་དང་། ཕུལ་བྱུང་བརྩམས་ཆོས་འོས་སྦྱོར་མི་འདང་བ། སྣང་ཚུལ་ངན་པར་སྐྱོན་བརྗོད་བྱེད་ཤུགས་མི་འདང་བ། རིག་རྩལ་དཔྱད་གཏམ་གྱི་བཟང་ངན་དབྱེ་འབྱེད་དང་། མཛེས་ཉེས་གསལ་འབྱེད། དར་རྒྱས་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པར་ཤུགས་སྣོན་རྒྱག་དགོས། རིག་རྩལ་གྱི་ཁོར་ཡུག་དང་ལས་རིགས་རྣམ་པ། ཆགས་སྟངས་བཅས་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་། གསར་གཏོད་དང་། བརྒྱུད་བསྒྲགས། འཛད་སྤྱོད་བཅས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བ། རིག་རྩལ་རྩ་འཛུགས་གསར་པ་དང་རིག་རྩལ་ཚོགས་པ་འབོར་ཆེན་ཐོན་པས། ཁྲིད་སྟོན་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ལམ་ལུགས་ལམ་སྲོལ་དང་བྱེད་ཐབས་ཐབས་ཤེས་ལ་གང་མགྱོགས་སྒྱུར་བཅོས་གསར་གཏོད་བྱེད་དགོས།

    3.རིག་རྩལ་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་བྱེད་ཕྱོགས་རྩ་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། “ཆེད་དུ་གཉིས”ཀྱི་ཁ་ཕྱོགས་དང“མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱ་ཆེའི་རིག་རྩལ་ལས་དོན་པར་ཧུར་ཐག་བརྟེན་པ། མི་དམངས་སྲོག་ཤིང་དུ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་སྙིང་སྟོབས་བླ་སྲོག་ཏུ་བརྩི་བ་དང་། ཀྲུང་གོའི་ཕུགས་འདུན་དུས་རབས་ཀྱི་བརྗོད་དོན་གཙོ་བོར་བརྩི་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲོག་རྩར་བརྩི་བ། གསར་གཏོད་སྒུལ་ཤུགས་སུ་བརྩི་བ། ཕུལ་བྱུང་བརྩམས་ཆོས་གསར་གཏོད་ཐོན་སྐྱེད་ལྟེ་བའི་ལྷུ་ཚིགས་སུ་བརྩི་བ་བཅས་བྱས་ཏེ་ལག་ལེན་དངོས་དང་། འཚོ་བ། མང་ཚོགས་བཅས་ཀྱི་ནང་དུ་ཞུགས་ནས་མི་རིགས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་བཏོན་ཏེ། མི་དམངས་ཀྱི་བསམ་བློའི་རིག་གནས་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད། རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིགས་གནས་ཀྱི་གོང་བུ་སྒྲིལ་ཤུགས། བསམ་པའི་སྒུལ་ཤུགས་བཅས་སྟོབས་ཆེན་མཁོ་འདོན་བྱེད་དགོས།

    གཉིས། མི་དམངས་ཀྱིས་ལྟེ་བ་བྱེད་པའི་གསར་རྩོམ་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས།

    4.མི་དམངས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་བ་དང་། མི་དམངས་ཀྱི་ཆེད་དུ་བརྩེ་དུང་མཚོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་ངོ་བོའི་ཐོག་ནས་བཤད་ན་མི་དམངས་ཀྱི་རིག་རྩལ་ཡིན་དང་། མི་དམངས་ཀྱི་དགོས་མཁོ་ནི་རིག་རྩལ་གནས་པའི་རྩ་བའི་རིན་ཐང་རེད། “སུའི་ཆེད་དུ་ཡིན། སུ་ལ་བརྟེན། ང་སུ་ཡིན”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པའི་ལྟ་བ་བརྟན་པོར་བཅངས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཞབས་འདེགས་ཞུ་ཡུལ་དང་མཚོན་བྱ་གཙོ་བོར་བཟུང་ཐོག མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ཤེས་རྟོགས་དང་མཛེས་སྡུག་གསར་གཏོད་བྱེད་དགོས། མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱས་པའི་འཕེལ་རིམ་རླབས་ཆེན་གསོན་ཉམས་དོད་པོས་མཚོན་པར་བྱས་ཐོག དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་བསམ་ཚུལ་ལ་བརྟེན་ནས་དངོས་ཡོད་འཚོ་བར་ལྟ་རྟོག་དང་། འོད་ཟེར་ལ་བསྔགས་བརྗོད། ཕུགས་བསམ་མཚོན་པ། ཐ་ཤལ་ལ་སུན་འབྱིན། མ་རབས་བཀག་འགོག་བཅས་ཀྱིས་མི་དམངས་ལ་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་དགོས། དུས་རབས་འཕེལ་རྒྱས་དང་དམ་པོར་བསྟུན་ནས་རིག་རྩལ་བརྩམས་ཆོས་ཀྱི་སྤུས་ཚད་དང་། ཚད་གཞི། ཁྱད་ཆོས་སོགས་ལ་བྱེད་པའི་རེ་སྒུག་ཁོང་དུ་ཆུད་པར་བྱས་རྗེས། མི་དམངས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཕུལ་བྱུང་བརྩམས་ཆོས་སྔར་བས་མང་པོ་གསར་རྩོམ་དང་ཐོན་སྐྱེད་བྱས་ནས། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    5.འཚོ་བར་ཟབ་ཞུགས་དང་། མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་དགོས། འཚོ་བ་ནི་རིག་རྩལ་གསར་རྩོམ་གྱི་འབྱུང་ཁུངས་ལྟ་བུ་ཡིན་ལ། མི་དམངས་ནི་རིག་རྩལ་ལས་དོན་པའི་ཕ་མ་ལྟ་བུ་རེད། རིག་རྩལ་ལས་དོན་པས་འཚོ་བར་ཟབ་ཞུགས་བྱས་ནས་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ཐོག མི་དམངས་དང་ལག་ལེན་ལ་སློབ་སྦྱོང་བྱས་ནས་འཚོ་བའི་གསོག་འཇོག་དང་སྒྱུ་རྩལ་ཞུན་བརྡར་བྱེད་རྒྱུ་དར་སྤེལ་ཤུགས་ཆེན་གཏོང་དགོས། རིག་རྩལ་ལས་དོན་པས་དུས་ཡུན་རིང་པོར་འཚོ་བར་ཟབ་ཞུགས་བྱེད་པའི་དཔལ་འབྱོར་སྲིད་ཇུས་བཟོས་ནས་ཕུགས་ཕན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁོང་ཚོས་འཚོ་བར་རྒྱུས་ལོན་དང་། གནས་སྦྱར་སྦྱོང་བརྡར། དམངས་གཞས་འཚོལ་བསྡུ་གསར་རྩོམ་བཅས་ལ་དགོས་ངེས་ཀྱི་ལས་ཀའི་ཆ་རྐྱེན་དང་གྲུབ་འབྲས་ངོམས་པའི་སྟེགས་བུ་མཁོ་འདོན་བྱེད་དགོས། སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཚོ་བར་ཟབ་ཞུགས་བྱ་རྒྱུ་དེ་རིག་རྩལ་ཚན་པའི་དམིགས་ཚད་དོ་དམ་དང་འགོ་ཁྲིད་ཚན་ཁག་གི་ལས་ཀའི་གྲུབ་འབྲས་དཔྱད་ཞིབ་ནང་བཅུག་སྟེ། རིག་རྩལ་ལས་དོན་པར་ལས་སྒོ་དཔྱད་ཞིབ་དང་། གོ་མིང་ཞིབ་དཔྱད་གཏན་འཁེལ། གཟེངས་བསྟོད་བྱ་དགའ་སྤྲོད་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཏུ་བརྩི་དགོས། རྩོམ་པ་པོ་དང་སྒྱུ་རྩལ་པ་གྲགས་ཅན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ཁྲོད་དུ་གཞི་འཛུགས་རྒྱུ་དེ་རིག་རྩལ་ལས་རིགས་ཀྱི་གོམས་སྲོལ་ཞིག་ཏུ་འགྱུར་བར་བྱེད་དགོས།

    6.གཞི་རིམ་ལ་ཕྱོགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་དགོས། གཙོ་གནད་གཤམ་སྒྱུར་ལ་མཐའ་འཁྱོངས་ཀྱིས། རིག་རྩལ་དམངས་ཕན་བྱེད་ཐབས་སྣ་ཚོགས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཆར་འགོད་ནང་བཅུག་སྟེ། འདེམས་བྱང་རྣམ་པའི་ཞབས་ཞུར་སྐུལ་འདེད་བཏང་ནས་ཕན་འབྲས་ཚད་གཞིར་བཟུང་ཐོག་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། བྱེད་སྟངས་གསར་གཏོད་དང་། “དུད་ཚང་ཁྲིར་རིག་གནས་ཁྱབ་གདལ་གཏོང་བ”དང“གཞི་རིམ་དུ་དགའ་སྤྲོ་སྐྱེལ་བ” “གཅིག་སེམས་གཅིག་སྦྲེལ”རིག་གནས་སྒྱུ་རྩལ་དང་བླངས་ཞབས་ཞུ། གྲོང་གསེབ་ཏུ་གློག་བརྙན་སྟོན་པ། དམངས་ཡོངས་དཔེ་ཀློག་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས་ཞིང་པར་ཞབས་འདེགས་ཞུ་བ་དང་གཞི་རིམ་རིག་གནས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་མཉམ་སྡེབ་གསར་གཏོད་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གཞི་རིམ་མང་ཚོགས་ཀྱི་རིག་གནས་འཛུགས་སྐྱོང་འདུ་འགོད་སྒྲིག་འཛུགས་ལག་བསྟར་དང་། ཞིང་པའི་དཔེ་དེབ་ཁང་དང་སྡེ་ཁུལ་དཔེ་དེབ་ཁང་གི་ཕན་ནུས་འདོན་སྤེལ། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་ཀྱི་འགན་ནུས་དོན་འཁྱོལ། སྒྲིག་གཞིའི་སྤྱི་འབོར་ནང་སྡེ་ཁུལ་རིག་གནས་ལྟེ་གནས་ཀྱི་ཆེད་གཉེར་ལས་གནས་དང་ཞོར་གཉེར་ལས་གནས་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བའི་ཕོགས་ཐོབ་འཚོ་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས། “རིག་གནས་སྐྱེལ་བ”དང་མང་ཚོགས་ཀྱི་དགོས་མཁོ་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྲིད་གཞུང་གིས་གཞི་རིམ་རིག་རྩལ་ཐོན་རྫས་དང་ཞབས་ཞུ་ཉོ་ཤུགས་ཆེ་རུ་གཏོང་དགོས། “ཆ་སྒྲིག་དང་། རིག་གནས་སྐྱེད་སྲིང་བྱེད་པའི”ལས་ཀའི་ལམ་སྲོལ་བཙུགས་ནས་ཆེད་ལས་རིག་རྩལ་ལས་དོན་པ་གཞི་རིམ་དུ་བསྐྱོད་དེ་སློབ་ཁྲིད་དང་། སློབ་སྦྱོང་། རོགས་རམ། སྐུལ་ཁྲིད་བཅས་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་སློབ་གསོའི་འཆར་གཞི་ལག་བསྟར་བྱེད་པ་དང་། སྒྱུ་རྩལ་སློབ་གླིང་གི་སློབ་ཐོན་སློབ་མར་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་དེ་དགེ་རྒན་བྱ་རྒྱུའི་སྐུལ་མ་གཏོང་དགོས།

    7.མི་དམངས་ཀྱི་གསར་གཏོད་ནུས་པ་འཕེལ་བར་བྱེད་པ་དང་། མང་ཚོགས་རིག་རྩལ་དར་སྤེལ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་གནས་བབ་གཙོ་བོ་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱས་ནས་མང་ཚོགས་ཁྲོད་དུ་བག་ལ་ཉལ་བའི་གསར་གཏོད་གསོན་ཤུགས་ཕྱིར་མངོན་པར་བྱེད་དགོས། མང་ཚོགས་རིག་རྩལ་དར་སྤེལ་གཏོང་བའི་འཕེལ་རྒྱས་འཆར་འགོད་བཟོ་བ་དང་། མང་ཚོགས་རིག་རྩལ་ལས་དོན་གྱི་དྲ་རྒྱ་འཐུས་ཚང་དུ་གཏོང་བ། མང་ཚོགས་རིག་རྩལ་གསར་རྩོམ་ཁྲོད་ཀྱི་གཞི་རིམ་རིག་རྩལ་ལྷན་ཚོགས་དང་། རྩོམ་པ་པོའི་མཐུན་ཚོགས། རིག་གནས་ཁང(ས་ཚིགས) མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་དམངས་ཁྲོད་ཀྱི་རིག་རྩལ་སྟོབས་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་རིག་རྩལ་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཞོར་རིག་རྩལ་ཚོགས་པ་དང་། དམངས་གཉེར་ཟློས་གར་ཚོགས་པ། འཁྲབ་སྟོན་རུ་ཁག རྒན་རྒོན་སློབ་ཆེན་དང་དེ་བཞིན་གཞོན་ནུའི་རིག་རྩལ་ཚོགས་པ། དྲ་རྒྱའི་རིག་རྩལ་ཚོགས་པ། སྡེ་ཁུལ་དང་ཁེ་ལས་ཀྱི་རིག་རྩལ་རྐང་འཛིན་པ། ཡུལ་སའི་རིག་གནས་འཇོན་ཐང་ཅན་སོགས་ཀྱིས་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་བར་རོགས་སྐྱོར་དང་སྣེ་ཁྲིད། རྟེན་གཞིའི་རྣམ་པ་གསར་གཏོད་བཅས་བྱས་ནས་མང་ཚོགས་རིག་རྩལ་གསར་རྩོམ་གྱི་ཕུལ་བྱུང་གྲུབ་འབྲས་མངོན་པར་བྱེད་དགོས། སྡེ་ཁུལ་རིག་གནས་དང་། གྲོང་གསེབ་དང་གྲོང་རྡལ་གྱི་རིག་གནས། ཁེ་ལས་རིག་གནས། སློབ་གྲྭའི་རིག་གནས། དམག་སྒར་རིག་གནས། དྲ་རྒྱའི་རིག་གནས་བཅས་ཀྱི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་བཏང་བའི་ཁར་སྐྱོན་བྲལ་ཕུན་སུམ་ཚོགས་པའི་རིག་གནས་རྣམ་པ་སྐྱེད་སྲིང་བྱས་ནས་མང་ཚོགས་ཀྱིས་དེའི་ནང་ཞུགས་པའི་ཁྲོད་རང་དགེ་རང་སྒྲོག་བྱེད་པ་དང་། རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། རིག་རྩལ་ཤེས་བྱ་ཁྱབ་གདལ་དང་རིག་རྩལ་དགའ་ཕྱོགས་སྐྱེད་སྲིང་བྱས་ནས་དམངས་ཡོངས་ཀྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་དགོས། མང་ཚོགས་རིག་རྩལ་ཡུལ་སྐོར་དང་ལུས་རྩལ་སོགས་འབྲེལ་ཡོད་ཐོན་ལས་ཁག་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

    8.མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གདེང་འཇོག་ཚད་གཞི་འཛུགས་དགོས། རིག་རྩལ་བརྩམས་ཆོས་ལ་གདེང་འཇོག་བྱེད་པར་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགོ་འཛུགས་ས་དང་དོན་ལ་བབ་སར་བཟུང་ཐོག སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་དང་། སྤྱི་ཚོགས་ཀྱི་རིན་ཐང་དང་ཁྲོམ་རའི་རིན་ཐང་གཉིས་དབར་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་པ་ལས། རིག་རྩལ་ཁྲོམ་རའི་བྲན་གཡོག་ལྟ་བུར་འགྱུར་དུ་འཇུག་མི་རུང་། རིག་རྩལ་བརྩམས་ཆོས་ཀྱི་སྤུས་ཚད་མཚོན་པའི་ཕྱོགས་བསྡུས་གདེང་འཇོག་མ་ལག་བཙུགས་ཤིང་འཐུས་ཚང་དུ་གཏོང་བ་དང་། གློག་བརྙན་བརྙན་འཕྲིན་ཟློས་གར་དང་། རིག་རྩལ་འཁྲབ་སྟོན། རི་མོ། རིག་རྩལ་པར་སྐྲུན་ཐོན་རྫས་སོགས་གསར་རྩོམ་ཐོན་སྐྱེད་པར་སྐྲུན་བྱེད་པའི་ཐད་ཀྱི་ལས་འཛུགས་དང་། ཉོ་སྒྲུབ། དཔྱད་ཞིབ་བཅས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། རིག་རྩལ་བརྩམས་ཆོས་འོས་སྦྱོར་བརྒྱུད་བསྒྲགས་བྱེད་པ་སོགས་ལྷུ་ཚིགས་ཀྱི་གདེང་འཇོག་ཚད་གཞི་འཐུས་ཚང་དུ་གཏོང་བ། སྤ་སེའི་ཡོང་འབབ་དང་། ལྟ་ཉན་བྱེད་ཚད། རྟེབ་གྲངས། འགྲེམས་སྤེལ་བྱེད་ཚད་སོགས་ཀྱི་འཇལ་བྱེད་དམིགས་ཚད་རིགས་གཅིག་མཁས་ཅན་གྱི་གདེང་འཇོག་དང་མང་ཚོགས་ཀྱི་ཁས་ལེན་དང་གཅིག་གྱུར་བྱས་ནས་རིག་རྩལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་རྒྱུ་ཟུང་འབྲེལ་བྱས་ནས་མི་དམངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བའི་ཁར་སྣེ་ཁྲིད་ལ་ཤུགས་སྣོན་དང་། ངང་རྒྱུད་རིང་དུ་གཏོང་བ། སྤུས་ཚད་དང་ཁྱད་ཆོས་ལ་སྣང་ཆེན་བཅས་བྱས་ནས་ཁེ་བཟང་གཉེར་བའི་གོམས་སྲོལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    གསུམ། ཀྲུང་གོའི་སྙིང་སྟོབས་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་བླ་སྲོག་ཏུ་འགྱུར་བ་བྱེད་དགོས།

    9.དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པའི་ཀྲུང་གོའི་ཕུགས་འདུན་ལ་དམིགས་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་དེང་རབས་ཀྱི་རིག་རྩལ་གསར་རྩོམ་གྱི་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོ་ཞིག་རེད། ཀྲུང་གོའི་ཕུགས་འདུན་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་གསར་རྩོམ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་གསོན་ཉམས་ལྡན་པའི་ངང་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་མདུན་ལམ་ཕྱོགས་ཡོངས་ནས་མཚོན་པ། ནུས་ཤུགས་ཡོད་རྒུས་མི་རྣམས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ཕུགས་བསམ་དང་ཕུགས་འདུན་དོན་གཉེར་བྱེད་པའི་འབད་འབུངས་མཚོན་པ་བཅས་བྱས་ནས་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་གཏོད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། ཀྲུང་གོའི་ཕུགས་འདུན་གྱི་མཚོན་བྱའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་བསྐྱེད་གཏོང་བར། རྒྱལ་ཁབ་དང་མི་རིགས་ཀྱི་གཏམ་རྒྱུད་ཆེན་པོ་ཡག་པོ་ཤོད་དགོས་ལ། མི་སེར་གྱི་ཉེ་འཁོར་གྱི་རྒྱུན་གཏན་གཏམ་རྒྱུད་ཀྱང་ཡག་པོ་བཤད་དགོས་ཤིང་། གསོན་ཉམས་ལྡན་པའི་སྒྱུ་རྩལ་མཚོན་ཚུལ་དང་གནས་ཚུལ་ཞིབ་བརྗོད་བྱེད་སྟངས་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་གྱི་ཕུན་སུམ་ཚོགས་པའི་ནང་དོན་མཚོན་པར་བྱེད་དགོས་ལ། མི་དང་། བྱ་བ། སྙིང་སྟོབས་བཅས་ཀྱང་མཚོན་པར་བྱེད་དགོས།

    10.སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ་དང་དར་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་ཀྲུང་གོའི་སྙིང་སྟོབས་ཀྱི་གཅིག་སྡུད་མཚོན་ཚུལ་དང་དུས་རབས་ཀྱི་མཚོན་ཚུལ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལ་བརྟེན་ནས་རིག་རྩལ་གསར་རྩོམ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བའི་རིན་ཐང་ལྟ་བ་ཕྱོགས་ཡོངས་ལ་ཁྱབ་པ་དང་མཉམ་བསྲེས་གཏིང་ཟབ་ཐུབ་པ་མངོན་འགྱུར་ཡོང་བ་བྱས་ཏེ་ཡིད་དབང་འཕྲོག་པའི་གཏམ་རྒྱུད་དང་། གསོན་ཉམས་ལྡན་པའི་སྐད་ཡིག ཕུན་སུམ་ཚོགས་པའི་གཟུགས་བརྙན་བཅས་བརྒྱུད་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་ལྡན་ལ་མངོན་སུམ་གསོན་རྗེན་ངང་རིག་རྩལ་བརྩམས་ཆོས་ནང་མཚོན་པར་བྱེད་པ་དང་། ཤུགས་རྐྱེན་ཐེབས་ནས་རིམ་བཞིན་གྱུར་པའི་སེམས་གསོ་གསོས་སུ་འགྱུར་བར་བྱས་ཏེ་མི་རྣམས་ལ་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོའི་འོག སྤྱི་ཚོགས་ཀྱི་འཕེལ་ཕྱོགས་གཙོ་བོའི་རིན་ཐང་མྱོང་ཚོར་དང་མོས་སེམས་སྐྱེ་རུ་འཇུག་དགོས། བྱེད་ཐབས་སྣ་མང་གིས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་མི་སྣ་གལ་ཆེན་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་མཚོན་པར་བྱས་ཏེ་འོད་སྟོང་འཕྲོ་བའི་བྱས་རྗེས་དང་གསར་བརྗེའི་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། རིག་རྩལ་ཚན་པ་དང་རྩོམ་པ་པོ་དང་སྒྱུ་རྩལ་མཁས་ཅན་གྱིས་སྤྱི་ཚོགས་ཀྱི་འཚོ་བ་དང་དེང་རབས་ཀྱི་མི་སྣའི་ཁྲོད་ནས་བརྗོད་གཞི་སྔོག་འདོན་བྱས་ནས་བདེན་མཛེས་ལེགས་གསུམ་ལ་བསྟོད་གླུ་ལེན་པ་དང་རྫུན་ངན་ཞན་གསུམ་ལ་སྐྱོན་བརྗོད། དད་མོས་ཀྱི་མཛེས་སྡུག་དང་བླ་ན་མེད་པའི་མཛེས་སྡུག་མཚོན་པར་བྱས་ཏེ། མི་རྣམས་ཀྱིས་ཀུན་སྤྱོད་ལ་དང་དོད་དང་། ཀུན་སྤྱོད་ལ་བརྩི་འཇོག ཀུན་སྤྱོད་བརྟན་སྲུང་བཅས་ཀྱི་འཚོ་བར་ཡིད་སྨོན་དང་དོན་གཉེར་བྱ་རྒྱུར་སྣེ་ཁྲིད་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། རིག་གཞུང་དང་། སྒྱུ་རྩལ། གློག་བརྙན། དཔེ་སྐྲུན་སོགས་ཐད་ཀྱི་ཐེབས་རྩ་དང་མ་དངུལ་ཡར་ཐོན་དང་མཛེས་སྡུག་དོན་གཉེར་གྱི་རིན་ཐང་ལྟ་བ་བརྒྱུད་སྤེལ་བྱེད་པའི་གཞོན་ནུ་ལོ་ཆུང་གི་རིག་རྩལ་གསར་རྩོམ་དང་ཁྱབ་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས།

    11.རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། རྒྱལ་གཅེས་རིང་ལུགས་ནི་ཀྲུང་གོའི་སྙིང་སྟོབས་ཀྱི་ཆེས་གཏིང་ཟབ་དང་ཆེས་རྩ་བའི་ནང་དོན་ཞིག་རེད་ལ། རིག་རྩལ་གསར་རྩོམ་གྱི་རྟག་བརྟན་འགྱུར་མེད་ཀྱི་དོན་གཉེར་ཞིག་ཀྱང་རེད། དངོས་གཙོའི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་དང་ཆ་རྐྱེན་ལ་འགྱུར་ལྡོག་གང་ཞིག་བྱུང་ཡང་། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལེགས་སྐྱེས་ཕུལ་བའི་དཔའ་བོ་ཡིན་ཕྱིན། བརྩི་འཇོག་ཐོབ་འོས་པ་དང་བསྔགས་བརྗོད་བྱ་འོས་ཤིང་། མི་དམངས་ཀྱིས་སེམས་ལ་ངེས་པ་དང་རིག་རྩལ་གྱིས་གསར་རྩོམ་བྱ་འོས་པ་ཞིག་ཀྱང་རེད། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་གཞིའི་རིག་རྩལ་གསར་རྩོམ་སྒྲིག་འཛུགས་དང་རྒྱབ་སྐྱོར་བྱས་ནས་མི་རིགས་དཔའ་བོར་བསྔགས་བརྗོད་ཤུགས་ཆེན་དང་། རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་མཚོན་པ། མཉམ་སྡེབ་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ཀྲུང་གོ་བ་ཞིག་བྱེད་པའི་ལ་རྒྱ་དང་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་དང་། ཀྲུང་གོ་མི་དམངས་ཀྱི་ཉེ་རབས་ནས་བཟུང་གྱི་འཐབ་རྩོད་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་འབད་འབུངས་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས། དེང་རབས་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་བཅས་ཡང་དག་ངང་མཚོན་པར་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཕྱིར་སྡོད་ཀྲུང་གོ་བའི་སེམས་པ་མེས་རྒྱལ་ལ་ཕྱོགས་པའི་ལོ་རྒྱུས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་སྟོང་བསམ་རིང་ལུགས་ལ་ངོ་རྒོལ་དང་། ཀྲུང་ཧྭའི་ཤེས་དཔལ་རྣམ་པར་གཅོད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་པ། རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་དམའ་འབེབས་བྱེད་པ། མི་དམངས་མང་ཚོགས་ལ་དམའ་འབེབས་གཏོང་བ་བཅས་ཀྱི་གཏམ་སྤྱོད་དང་བྱ་སྤྱོད་བཀག་འགོག ཕྱི་རྒྱལ་ལ་དད་སྨོན་དང་ཕྱི་རྒྱལ་ཁོ་ནར་བརྩི་བར་ངོ་རྒོལ་བཅས་བྱས་ནས་མི་དམངས་ཀྱིས་ཡང་དག་གི་ལོ་རྒྱུས་ལྟ་བ་དང་། མི་རིགས་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ལྟ་བ་བཅས་འཆང་རྒྱུར་མཐའ་འཁྱོངས་བྱེད་པར་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་གཞི་མཚོན་པའི་བར་མཐོངས་རྒྱ་བསྐྱེད་གཏོང་བ་དང་། རྒྱུན་ཆད་མེད་པར་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ཏེ་སྒྱུ་རྩལ་གྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། དྲན་གསོའི་ཉིན་མོ་གལ་ཆེན་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སོགས་གང་ལེགས་སྤྱད་དེ། མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་བརྩམས་ཆོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་དགོས།

    12.ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་ང་ཚོ་འཛམ་གླིང་རིག་གནས་ནགས་ཁྲོད་ཀྲོངས་ངེར་ལང་བའི་སྲ་བརྟན་རྨང་གཞི་རེད། ཀྲུང་ཧྭ་མི་རིགས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། གནའ་བཟང་དེང་སྤྱོད་དང་རྙིང་འབུད་གསར་འདོན་མཐའ་འཁྱོངས་བྱེད་པ། ཕྱི་རོལ་ཡུལ་དང་། ཚན་རིག་དང་མཐུན་པ། གུས་ལྡན་བཅས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བཅས་བྱས་ནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱེད་དགོས། སྙིགས་དོར་བཅུད་ལེན་དང་སྙིང་བཅུད་བསྡུ་ལེན་གྱིས་སྲོལ་རྒྱུན་རིག་གནས་ཁྲོད་ནས་དེང་དུས་ཀྱི་དགོས་མཁོ་དང་མཐུན་པའི་བསམ་པའི་འདུ་ཤེས་དང་། ཀུན་སྤྱོད་ཚད་གཞི། རིན་ཐང་དོན་གཉེར་བཅས་བཙོ་སྦྱང་བྱེད་པ་དང་། ནང་དོན་གསར་པ་ལྡན་པ། རྣམ་པ་གསར་གཏོད་བྱེད་པ། སྒྱུ་རྩལ་གཞན་སྒྱུར་དང་མཐོར་གཏོང་བཅས་བྱས་ཏེ་ཀྲུང་ཧྭ་རིག་གནས་ཀྱི་རྨང་གཞི་ལྡན་པ་དང་ཀྲུང་གོའི་སྙིང་སྟོབས་མངོན་གསལ་ལྡན་པའི་རིག་རྩལ་བརྩམས་ཆོས་སྔར་བས་མང་བ་གསར་རྩོམ་བྱེད་དགོས། ཀྲུང་ཧྭ་རིག་གནས་རྒྱུན་འཛིན་གྱི་འདུ་འགོད་ལག་ལེན་བསྟར་ནས་རྒྱལ་དམངས་སློབ་གསོ་དང་། དམངས་ཁྲོད་རྒྱུན་འཛིན། གུས་ལུགས་ཚད་གཞི། སྲིད་ཇུས་སྣེ་ཁྲིད། གླེང་ཕྱོགས་དྲིལ་བསྒྲགས། རིག་རྩལ་གསར་རྩོམ་བཅས་བརྒྱུད་ཀྲུང་ཧྭ་རིག་གནས་ཀྱི་གཞི་རྐྱེན་རྒྱུན་འཛིན་བྱེད་དགོས། གནའ་གཞུང་ལེགས་སྒྲིག་དང་། གསུང་རབ་དཔེ་སྐྲུན། ནང་དོན་དང་གནས་ལུགས་རྒྱས་བཤད། སྤྱི་ཚོགས་ལ་ཁྱབ་གདལ་གཏོང་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཀྲུང་ཧྭའི་སྙན་ངག་དང་། རོལ་དབྱངས་ཞབས་བྲོ། ཡིག་གཟུགས་རི་མོ། གཞས་མ་གཏམ། རྩལ་རྩེད། ལོ་རྒྱུས་རིག་གནས་ཀྱི་གནས་ཚུལ་དངོས་མཚོན་གློག་བརྙན། འགུལ་རིས་གློག་བརྙན། དཔེ་མཚོན་དངོས་པོ་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་འཕེལ་རྒྱས་གཏོང་བ་དང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་གྲུབ་འབྲས་དང་དེ་བཞིན་ཐོན་ཁུངས་སྲུང་སྐྱོང་དང་སྔོག་འདོན་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས། ས་གནས་ཀྱི་ཟློས་གར་དར་རྒྱས་གཏོང་བའི་འཆར་གཞི་ལག་ལེན་བསྟར་བ་དང་། ཁྲང་ཞི“བརྙན་ཕབ་སྒྲ་ཕབ”ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཕུལ་བྱུང་སྲོལ་རྒྱུན་ཟློས་གར་གྱི་རྣམ་གྲངས་སྔོག་འདོན་ལེགས་སྒྲིག་བྱེད་པ། གྲངས་གཞི་ཅན་ཉར་ཚགས་དང་འགྲེམས་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞི་རིམ་གྱི་གཞུང་ཁོངས་རིག་རྩལ་སློབ་གླིང་དང་ཚོགས་པའི་ནང་སྦྱོང་འཁྲབ་སྟོན་བྱེད་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གིས་ཟློས་གར་གྱི་རྣམ་གྲངས་ཉོ་བ། སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་བཅས་བྱས་ནས་ཟློས་གར་སློབ་གྲྭའི་ནང་འཁྲབ་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་རིག་གནས་ཀྱི་གཞི་རྒྱུ་སློབ་གྲྭར་རྒྱུན་འཛིན་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོའི་རྟེན་གཞི་ཁག་གཅིག་སྐྲུན་དགོས།

    བཞི། དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་དགོས།

    13.ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་ལྟེ་བའི་ལྷུ་ཚིགས་སུ་བརྩི་དགོས། རྩེ་གྲའི་འདུ་ཤེས་བརྟན་པོ་བཙུགས་ནས་བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་ཕུལ་དུ་བྱུང་བ། གསར་རྩོམ་སྤུས་ལེགས་བཅས་ཀྱི་བརྩམས་ཆོས་དང་། དུས་རབས་ཀྱི་རིག་གནས་གྲུབ་འབྲས་མངོན་པ། རྒྱལ་ཁབ་རིག་གནས་ཀྱི་གཟུགས་བརྙན་མཚོན་པ་བཅས་ཀྱི་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་འདོན་སྤེལ་བྱེད་དགོས། ཀྲུང་གོའི་དེང་རབས་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་འདུ་འགོད་སྒྲིག་འཛུགས་ལག་ལེན་བསྟར་ཏེ་ཚན་རིག་དང་མཐུན་པའི་ངང་དོན་དངོས་དང་། རྒྱལ་གཅེས་རིང་ལུགས། གསར་བརྗེ་དང་ལོ་རྒྱུས་གལ་ཆེན། གཞན་ནུ་ལོ་ཆུང་སོགས་བརྗོད་བྱར་བྱས་པའི་ཆེད་དོན་གསར་རྩོམ་འཆར་འགོད་བྱེད་པ་དང་གསར་རྩོམ་སྟེགས་བུ་བཏོད་ནས་རྩོམ་རིག་དང་། གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་། ཟློས་གར། རོལ་དབྱངས། མཛེས་རྩལ་སོགས་གསར་རྩོམ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྟོབས་ཤུགས་གཅིག་འགྲིལ་དང་ཐོན་ཁུངས་བསྡུ་སྒྲིལ་ངང་དོན་སྙིང་དང་། ཀུན་སྤྱོད། ཆུ་ཚད། སྒྱུ་རྩལ་གྱི་གཡོ་འགུལ་རང་བཞིན་བཅས་ཤུགས་ཆེན་ལྡན་པའི་བརྩམས་ཆོས་ཆེ་གྲས་ཁག་གཅིག་ཧུར་ཐག་བཏོན་ནས་རིག་རྩལ་གསར་རྩོམ་བྱེད་པའི་མཐོ་རླབས་ཤིག་འཕྱུར་བ་བྱེད་དགོས། ཀྲུང་དབྱང་དང་ས་གནས་ཀྱིས་རིག་རྩལ་གསར་རྩོམ་གྱི་ཆེད་དོན་མ་དངུལ་ལམ་ཐེབས་རྩ་འཛུགས་པ་དང་གསར་རྩོམ་ལས་དོན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དཔྱད་གཏམ་དང་། དྲིལ་བསྒྲགས། ཁྱབ་གདལ་བཅས་འགན་ལེན་ལ་ཤུགས་རྒྱག་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི“གཅིག་རེ་ལྔའི་འདུ་འགོད”སོགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་བྱ་དགའ་སྤྲོད་རྒྱུར་དཔྱད་བསྡུར་བྱེད་པའི་གྲུབ་འབྲས་དྲིལ་བསྒྲགས་འགྲེམས་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨྱན་སྦྱོར་རིག་རྩལ་ལེ་ཚན་དང་འཁྲབ་ཚན་ཡག་པོ་གཉེར་ནས་ཀྲུང་གོའི་རིག་རྩལ་གྱི་ཐོག་མའི་གསར་རྩོམ་གྱི་བརྩམས་ཆོས་རྩེ་གྲའི་དཔེ་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་དགོས།

    14.གསར་རྩོམ་གྱི་སྙིང་སྟོབས་གསར་རྩོམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནང་དོན་གཙོར་བཟུང་དང་གསར་རྩོམ་འདུ་ཤེས་གང་ལེགས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། རིག་རྩལ་གྱི་ཐོག་མའི་གསར་རྩོམ་ནུས་པ་ཆེ་རུ་གཏོང་བ། འཚོལ་ཞིབ་བྱེད་རིང་ཚད་བརྒལ་ཡོང་བ་བྱེད་པ། མཉམ་འདྲེས་བྱེད་རིང་བརྩམས་ཆོས་རྩེ་གྲ་དང་གསར་པ་འདོན་པ་བཅས་བྱས་ནས་རིག་རྩལ་བརྩམས་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་དགོས། རྩོམ་རིག་དང་། ཟློས་གར། གདངས་རྩོམ་སོགས་ཐོག་མའི་གསར་རྩོམ་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལྷུ་ཚིགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་རང་སོའི་ཁྱད་ཆོས་ལྡན་པའི་གསར་རྩོམ་ལ་མཐོང་ཆེན་དང་སྤུས་ཚད་ཞན་པའི་བརྩམས་ཆོས་ཐོན་རྒྱུ་སྔོན་འགོག་བྱས་ནས་ཡང་སྐོར་བསྐྱར་སྐོར་གྱི་བཅོས་སྒྲིག་བྱེད་སྟངས་མ་ཐོན་པ་བྱེད་དགོས། རྒྱུན་འཛིན་གསར་གཏོད་དང་སྤེལ་རེས་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུ་གཅིག་གྱུར་ཡོང་བ་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བསམ་བློའི་སྒྱུ་རྩལ་ལ་ཕན་པའི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ་དང་རྒྱལ་ཁབ་ཁག་གི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་བསྡུ་ལེན་ཧུར་ཐག་བྱས་ཏེ་རིག་རྩལ་དུས་རབས་ཡར་ཐོན་གྱི་འཕེལ་ཕྱོགས་དང་དེ་བས་མཐུན་པ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་དེ་བས་ལེགས་པའི་ངང་སྣེ་ཁྲིད་བྱེད་དགོས། ལག་རྩལ་གསར་པ་དང་། ལས་སྒོའི་རྣམ་པ་གསར་པ། བྱ་ཐབས་གསར་པ། སྨྱན་སྦྱོར་གསར་པ་བཅས་རིག་རྩལ་དང་ཕན་ཚུན་མཐུན་སྦྱོར་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ནས་གྲངས་གཞི་ཅན་གྱི་ལག་རྩལ་ཁྲིད་སྟོན་དུ་བྱེད་པ་དང་། རིག་རྩལ་གསར་རྩོམ་བྱེད་སྟངས་ཀྱི་འགྱུར་ལྡོག་དང་ཡར་ཐོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསར་རྩོམ་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། སྒྱུ་རྩལ་གྱི་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་སྒྱུ་རྩལ་མཚོན་ནུས་དང་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    15.རིག་རྩལ་གྱི་རིགས་པའི་གཞུང་ལུགས་དང་དཔྱད་གཏམ་སྤེལ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་ཏན་ཏིག་རྒྱག་དགོས། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་རྩལ་གྱི་རིགས་པའི་གཞུང་ལུགས་དཔྱད་གཏམ་གྱི་ཕུལ་བྱུང་ཤུལ་བཞག་རྒྱུན་འཛིན་བྱེད་པ། ཕྱི་རྒྱལ་གྱི་རིག་རྩལ་རིགས་པའི་གཞུང་ལུགས་རྩོད་སྒྲུབ་ངང་དཔྱད་གཞིའི་མེ་ལོང་དུ་འཛིན་པ། ཀྲུང་ཧྭ་ཡི་མཛེས་རིག་སྙིང་སྟོབས་ཞིབ་འཇུག་གསེས་དཀྲོལ་དང་དར་སྤེལ་གཏོང་བ། སྤྱོད་བཟང་དང་། མཛེས་རིག མཛེས་རྩོམ་བཅས་ཕན་ཚུན་ཟུང་འབྲེལ་བཅས་བྱས་ནས་དེང་རབས་ཀྲུང་གོའི་མཛེས་དཔྱོད་ཉམས་འགྱུར་མངོན་པ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་རིགས་པའི་གཞུང་ལུགས་དང་དཔྱད་གཏམ་སྤེལ་བའི་འདུ་འགོད་ལག་ལེན་བསྟར་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་རིགས་པའི་གཞུང་ལུགས་གྱི་སློབ་དེབ་རྩོམ་སྒྲིག་དང་བེད་སྤྱོད་ཡག་པོ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་སློབ་ཚན་སློབ་ཁྲིད་དང་རིག་རྩལ་དཔྱད་གཏམ་ལག་ལེན་དངོས་ཀྱི་ལྷུ་ཚིགས་ཁག་ཚང་མར་ཁྱབ་པ་བྱེད་དགོས། གཙོ་གནད་རིག་རྩལ་དཔྱད་གཏམ་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ནས་རིམ་ཁག་རིག་རྩལ་དཔྱད་གཏམ་རྩ་འཛུགས་དང་། ཞིབ་འཇུག་སྒྲིག་གཞི། མཐོ་རིམ་སློབ་གྲྭ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཙོ་གནད་རིག་རྩལ་དཔྱད་གཏམ་གྱི་ཚགས་པར་དང་། དུས་དེབ། དྲ་ཚུགས། ལེ་ཚན་བཅས་ཡག་པོ་གཉེར་ནས་མཚོན་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འགྲེམས་སྤེལ་ཐབས་ལམ་ལེགས་སུ་གཏོང་དགོས། ལོ་རྒྱུས་དང་། མི་རིགས། སྒྱུ་རྩལ། མཛེས་རིག་བཅས་ཀྱི་ལྟ་བའི་ཐོག་ནས་དཔྱད་གཏམ་དང་བརྩམས་ཆོས་ལ་གཟིགས་དཔྱད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལེགས་ཉར་ཞན་དོར་དང་བཟང་བསྟོད་ངན་སྨད་བྱེད་དགོས།

    16.དྲ་རྒྱའི་རིག་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། དྲ་རྒྱའི་རིག་རྩལ་ལ་གསོན་ཤུགས་ཀྱིས་ཁེངས་པ་མ་ཟད། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད། “འཛུགས་སྐྱོང་དང་། འཕེལ་རྒྱས། དོ་དམ། ཁྲིད་སྟོན་བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་གཙོ་གནད་དུ་བྱེད་པའི”བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་དྲ་རྒྱའི་རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་དང་འགྲེམས་སྤེལ་འཆར་གཞི་ལག་ལེན་བསྟར་བ་དང་། ཕུལ་བྱུང་དྲ་རྒྱའི་གསར་རྩོམ་བརྩམས་ཆོས་རྩེ་གྲ་འདོན་རྒྱུར་སྐུལ་ལྕག་བྱེད་པ། དྲ་རྒྱའི་རྩོམ་རིག་དང་། དྲ་རྒྱའི་རོལ་དབྱངས། དྲ་རྒྱའི་ཟློས་གར། གློག་བརྙན་ཐུང་གྲས། དྲ་རྒྱའི་འཁྲབ་སྟོན། དྲ་རྒྱའི་འགུལ་བརྙན་སོགས་གསར་དར་རིག་རྩལ་གྱི་རིགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་རིག་རྩལ་དང་དྲ་རྒྱའི་རིག་རྩལ་གྱི་གསར་རྩོམ་རང་བཞིན་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྩོམ་པ་པོ་དང་སྒྱུ་རྩལ་མཁས་ཅན་གྱིས་དྲ་རྒྱའི་ཐབས་ལམ་གང་ལེགས་སྤྱད་དེ་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་འགྲེམས་སྤེལ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། སྨྱན་སྦྱོར་གསར་པའི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁྱབ་སྤེལ་ཆོས་ཉིད་ཁོང་དུ་ཆུད་པ་དང་། གཙོ་གནད་རིག་རྩལ་དྲ་ཚིགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། དཔོད་ཆུང་དང་། སྐད་འཕྲིན། སྒུལ་བདེའི་འཛད་སྤྱོད་མཐའ་སྣེ་སོགས་ཀྱི་གཞི་རྟེན་གང་ལེགས་སྤྱོད་པ་བཅས་བྱས་ཏེ་ཕུལ་བྱུང་བརྩམས་ཆོས་ཐབས་ལམ་མང་པོའི་ཐོག་ནས་འགོད་སྤེལ་དང་། སྟེགས་བུ་མང་པོའི་ཐོག་ནས་འགྲེམས་སྤེལ། མཐའ་སྣེ་མང་པོའི་ཐོག་ནས་འགོད་གཏོང་བཅས་བྱེད་དགོས། ནང་དོན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དོ་དམ་བྱེད་སྟངས་གསར་གཏོད་དང་འགྲེམས་སྤེལ་སྒྲིག་ལམ་ཚད་ལྡན་ཡོང་བ་བྱས་ཏེ་དྲང་ནུས་ཀྱིས་དྲ་རྒྱའི་རིག་རྩལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས།

    17.རིག་རྩལ་འཐབ་ས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་དང་འཆར་འགོད་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚགས་པར་དང་། དུས་དེབ། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ལས་ཁུངས། དྲ་རྒྱའི་སྨྱན་སྦྱོར། དཔེ་དེབ་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་དངོས་པོ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཟློས་གར་དང་། གློག་བརྙན་ཁང་། རིག་གནས་ཁང(ས་ཚིགས) མང་ཚོགས་སྒྱུ་རྩལ་ཁང་། མཛེས་རྩལ་ཁང་། བཟོ་པའི་རིག་གནས་ཕོ་བྲང་། རིག་གནས་ཐང་ཆེན། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་སོགས་རིག་རྩལ་འཐབ་ས་སྣ་ཚོགས་ཡག་པོ་བསྐྲུན་པ་དང་ཡག་པོ་སྤྱོད་དགོས། ཡུལ་བབ་དང་དུས་བབ་ལ་བསྟུན་ནས་མང་ཚོགས་ཀྱིས་ཉན་དགའ་མཐོང་སྤྲོའི་བྱ་ཐབས་སྤྱད་དེ་བཤམས་སྟོན་དང་། འགྲེམས་སྟོན། འགྲེམས་འཁྲབ་བཅས་སྣ་ཚོགས་དང་ཀློག་ལྟ་དང་། གཟིགས་དཔྱད། བརྒྱུད་གཏོང་བཅས་ཀྱི་བྱེད་སྒོ་སྤེལ་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དེ་དག་གཞི་རིམ་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་སྟོན་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། གཡུལ་སའི་འདུ་ཤེས་བཅས་ཏན་ཏིག་ངང་ཆེ་རུ་བཏང་སྟེ་སུས་གཙོ་གཉེར་བྱེད་པ་དེས་འགན་འཁུར་བ་དང་ཁོངས་གཏོགས་ཁུལ་ལ་དོ་དམ་བྱེད་པའི་རྩ་དོན་ལ་གཞིགས་ཏེ་རིག་རྩལ་གཡུལ་ས་ཁག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ས་སྲུང་བར་འགན་འཁྲི་ཡོད་པ་དང་། ས་སྲུང་བར་འགན་སྒྲུབ་དགོས་པ། ས་སྲུང་བར་རང་འགན་གཙང་སྒྲུབ་བཅས་བྱེད་པ་ལས་ནོར་འཁྲུལ་གྱི་རིག་རྩལ་བསམ་པའི་རླབས་རྒྱུན་དང་ཚུལ་མིན་གྱི་རིག་རྩལ་བརྩམས་ཆོས་ལ་ཁྱབ་སྤེལ་གྱི་ཐབས་ལམ་གཏན་ནས་སྤྲོད་རྒྱུ་མེད།

    18.ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཕྱིར་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། རིག་རྩལ་གྱི་རྣམ་པ་སྤྱད་དེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་མངོན་པ་བྱེད་པ་ནི་དེང་སྐབས་ཀྲུང་གོའི་གཟུགས་བརྙན་བཟང་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། རྒྱ་ཆེ་ལ་གཏིང་ཟབ་པའི་སྲོལ་རྒྱུན་གྱི་རིག་གནས་དང་། རྣམ་པ་སྣ་ཚོགས་ཀྱི་མི་རིགས་ཀྱི་རིག་གནས། དཔའ་སྐྱེད་ཡར་ཐོན་གྱི་གསར་བརྗེའི་རིག་གནས། གསོན་ཤུགས་ལྡན་པའི་དེང་རབས་ཀྱི་རིག་གནས་བཅས་སྔོག་འདོན་གཏིང་ཟབ་བྱས་ནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་གྱི་ཆོས་ཉིད་དང་འཚམ་པ་དང་། ཕྱི་རྒྱལ་སྤྱི་དམངས་ཀྱིས་དང་ལེན་བྱེད་བདེ་བའི་ཕུལ་བྱུང་གི་བརྩམས་ཆོས་ཐོན་སྐྱེད་དང་གསར་གཏོད་ཀྱིས་ཀྲུང་གོའི་རིག་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་བློ་སེམས་འགུགས་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། གཅིག་གྱུར་འཆར་འགོད་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དར་གོས་ལམ་བུའི་རིག་གནས་རྣམ་གྲངས་དང་། དར་གོས་ལམ་བུའི་གློག་བརྙན་དང་བརྙན་འཕྲིན་གྱི་ཟམ་པ། དར་གོས་ལམ་བུའི་ཁྱིམ་རྒྱུད་དཔེ་ཆ་སོགས་ཀྱི་རྣམ་གྲངས་དག་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་བཞག་ནས་རིག་གནས་སྤེལ་རེས་མཉམ་ལས་ཀྱི་ཆེད་དོན་འཆར་གཞི་བཟོ་དགོས། ཀྲུང་གོའི་དེང་རབས་བརྩམས་ཆོས་ཀྱི་ཡིག་སྒྱུར་ལས་དོན་ལག་བསྟར་བྱས་ནས་དེང་རབས་ཀྱི་མཚོན་བྱེད་རང་བཞིན་གྱི་ཀྲུང་གོའི་དེང་རབས་ཀྱི་རིག་རྩལ་བརྩམས་ཆོས་བདམས་ཏེ་སྐད་ཡིག་སྣ་ཚོགས་སུ་ཡིག་སྒྱུར་དང་། དཔེ་སྐྲུན། བསྟན་གཏོང་། འགྲེམས་སྟོན་བཅས་བྱེད་དགོས། རྒྱལ་ནང་དང་རྒྱལ་སྤྱི་དང་སྲིད་གཞུང་དང་དམངས་ཁྲོད་ཀྱི་སྤེལ་རེས་ཐབས་ལམ་སྣ་ཚོགས་དང་བྱེད་སྒོའི་སྟེགས་བུ་གང་ལེགས་སྤྱད་དེ་རིག་རྩལ་དེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལམ་སྲོལ་ནང་བཅུག་ནས་འཛམ་གླིང་ཐོག་རང་རྒྱལ་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འོས་སྦྱོར་བྱེད་དགོས།

    ལྔ། སྤྱོད་བཟང་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས།

    19.བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་རྩལ་ལས་དོན་པ་ནི་ཡིད་ཤེས་བཟོ་བཀོད་པ་ཞིག་ཡིན་པས་ངེས་པར་དུ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་འཇོག་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་རིག་རྩལ་ལས་དོན་པ་ཏང་གི་རིག་རྩལ་བྱེད་ཕྱོགས་སྲིད་ཇུས་ལ་བརྩི་བཀུར་བྱེད་མཁན་དང་ལག་བསྟར་བྱེད་མཁན་དུ་འགྱུར་བ་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་སྔོན་བྱོན་པ་དང་སྔོན་གཏོད་པར་འགྱུར་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་གཏོང་བ་དང་། རིག་རྩལ་ལས་དོན་པས་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུའི་ཁྲིད་སྟོན་བྱེད་པ། ཡིན་མིན་དང་། བཟང་ངན། ལེགས་ཉེས་བཅས་ཀྱི་དབྱེ་མཚམས་གསལ་འབྱེད་བྱེད་པ། མ་རབས་དང་། ཐ་ཤལ། སྤྲེལ་ལད་བཅས་ཀྱི་སྣང་ཚུལ་འདོར་དགོས་པ། སྤྱིའི་ཀུན་སྤྱོད་ཀྱི་ལེགས་རིམ་དར་སྤེལ་གཏོང་བ། སྲོལ་གསར་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱེད་དགོས། “མི་དམངས་ཀྱིས་དགའ་ཞེན་བྱེད་པའི་རིག་རྩལ་ལས་དོན་པ་ཞིག་བྱེད་པའི”བྱེད་སྒོ་སྤེལ་ནས་རིག་རྩལ་ལས་དོན་པས་རིག་གནས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་བློ་ལ་བརྟན་པོ་ངེས་རྒྱུར་ཁྲིད་སྟོན་བྱས་ནས་བློ་སྦྱོང་དང་། ཡོན་ཚད། བྱང་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ལས་རིགས་ཀུན་སྤྱོད་དང་ལས་རིགས་སྙིང་སྟོབས་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་བཏང་ནས་རིག་རྩལ་ལས་དོན་པས་རང་རྟོགས་ངང《ཀྲུང་གོའི་རིག་རྩལ་ལས་དོན་པའི་ལས་རིགས་ཀུན་སྤྱོད་ཀྱི་སྤྱི་ཆིངས》ལ་བརྩི་སྲུང་ཞུས་ཏེ་དྲང་བདེན་དང་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་དངུལ་དད་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས་མཐར་སོན་པ་བཅས་ལ་ངོ་རྒོལ་གྱིས་ལས་རིགས་ཀྱི་སྤྱོད་ལམ་ཐོག་ནས་གཟུགས་བརྙན་བཟང་པོ་ཞིག་གཏོད་དགོས།

    20.རིག་རྩལ་གྱི་སྣེ་ཁྲིད་མི་སྣ་དང་བྱང་ཚད་མཐོ་བའི་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། ཤུགས་རྐྱེན་ལྡན་པའི་ཁྱབ་ཁོངས་ཁག་གི་རིག་རྩལ་སྣེ་ཁྲིད་མི་སྣ་འབོར་ཆེན་གསོ་སྐྱོང་བྱ་རྒྱུར་དམིགས་ནས་མི་དམངས་ཀྱིས་དགའ་ཞེན་བྱེད་པའི་གྲགས་ཅན་དང་སློབ་དཔོན་ཆེན་པོ་དང་མི་རིགས་རིག་གནས་ཀྱི་མཚོན་བྱེད་མི་སྣ་འབོར་ཆེན་སྐྱེད་སྲིང་བྱེད་པ་དང་། རིག་གནས་གྲགས་ཅན་དང“ཁག་གཅིག་བཞིའི”ཤེས་ལྡན་མི་སྣའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ། རིག་རྩལ་གྲགས་ཅན་གྱི་རོགས་རམ་དང་རོགས་སྐྱོར་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི“མི་སྟོང་གི་འཆར་གཞི”དང“མི་ཁྲིའི་འཆར་གཞིའི”རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་པའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། རྒྱལ་ནང་གི་རིག་གནས་སྒྱུ་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་པ་དང་གཞོན་ནུའི་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱས་ཐོག་ཁོང་ཚོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་རིགས་པའི་གཞུང་ལུགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིག་རྩལ་རིག་གཞུང་དཔུང་ཁག་གསོ་སྐྱོང་གི་འཆར་གཞི་ལག་བསྟར་བྱེད་དགོས། རིག་རྩལ་ཤེས་ལྡན་པ་སྣ་ཚོགས་གསོ་སྦྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་གཞི་རིམ་གྱི་རིག་གནས་དཔུང་ཁག་གསོ་སྦྱོང་འཆར་གཞི་དང་མི་རིགས་ས་ཁུལ་གྱི་རིག་རྩལ་ཤེས་ལྡན་པའི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱེད་དགོས། ཆེད་ལས་སྒྱུ་རྩལ་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། རིག་གནས་ཀྱི་རྣམ་གྲངས་ཆེ་གྲས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། རིག་རྩལ་ཤེས་ལྡན་པའི་གོ་མིང་དང་གོ་གནས་དཔྱད་བསྡུར་དང་གདན་ཞུའི་བྱ་ཐབས་དང་ཐབས་ཤེས་འཐུས་ཚང་དུ་གཏོང་བ། དམིགས་བསལ་གྱི་ཆེད་ལས་རིག་རྩལ་ཤེས་ལྡན་པའི་ཡོན་ཚད་དང་གོ་མིང་ངོས་འཛིན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    21.རིག་རྩལ་རྩ་འཛུགས་དང་རིག་རྩལ་ཚོགས་སྤྱི་གསར་པའི་ལས་དོན་ཡག་པོ་སྒྲུབ་དགོས། རིག་རྩལ་རྩ་འཛུགས་དང་རིག་རྩལ་ཚོགས་སྤྱི་གསར་པ་དེ་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་གསོན་ཤུགས་ལྡན་པའི་སྟོབས་ཤུགས་སུ་གྱུར་ཡོད། ལས་ཀའི་ཁྱབ་ཁྱོན་རྒྱ་ཆེར་གཏོང་བ་དང་། འབྲེལ་གཏུག་བྱེད་རྒྱ་ཆེ་རུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བྱེད་པ། མཐུན་སྒྲིལ་དང་། ཁྲིད་སྟོན། ཞབས་ཞུ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་སྤེལ་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་རིག་རྩལ་རྩ་འཛུགས་དང་རིག་རྩལ་ཚོགས་སྤྱི་གསར་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་དང་། རིག་གནས། གསར་འགྱུར་དཔེ་སྐྲུན། རྒྱང་བསྒྲགས་དང་བརྙན་འཕྲིན་སྡེ་ཚན། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་རྣམ་གྲངས་འདུན་ཞུ་དང་། སློབ་གསོ་གསོ་སྦྱོང་། འགྲེམས་འཁྲབ་འགྲེམས་སྟོན། དཔྱད་བསྡུར་དང་གཟེངས་བསྟོད་བསྔགས་བརྗོད་སོགས་ཐད་ཀྱི་གསར་གཏོད་ཆ་རྐྱེན་དང་ཚོགས་མི་འཕེལ་རྒྱས་གཏོང་བ་དང་གོ་མིང་དཔྱད་བསྡུར་སོགས་ལ་སྟབས་བདེ་སྐྲུན་དགོས། རིག་གནས་གླིང་དང་རིག་རྩལ་ཚོགས་སྤྱི་གསར་པའི་འདུས་སྡོད་ཁུལ་གནས་ཡུལ་གྱི་རྫོང(ཆུས)དང་དེ་བཞིན་ཁྲོམ་གཞུང་དང་ཤང་གྲོང་ཏང་ཨུད་དང་སྲིད་གཞུང་གིས་དོ་དམ་དང་ཞབས་ཞུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

    དྲུག ཏང་གིས་རིག་རྩལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

    22.ཏང་གི་འགོ་ཁྲིད་ནི་རིག་རྩལ་དར་རྒྱས་དང་གོང་འཕེལ་གཏོང་བའི་གཞི་རྩའི་འགན་ལེན་ཡིན། རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བའི་འཐབ་ཇུས་མཐོ་ཚད་ཐོག་ནས་རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཏང་གཤིས་དང་མི་དམངས་རང་བཞིན་དང་། ཆབ་སྲིད་ལངས་ཕྱོགས་དང་གསར་རྩོམ་རང་དབང་གི་འབྲེལ་བ་ཁོང་དུ་ཏན་ཏིག་ཆུད་པ་བྱེད་པ། རིག་རྩལ་ལས་དོན་དེ་གྲོས་རིམ་གལ་ཆེན་ནང་འཇོག་པ་དང་། སྤྱི་ཁོག་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིག་རྩལ་ཁ་ཕྱོགས་ཡག་པོ་སྲུང་བ་བཅས་བྱས་ཏེ་གསར་རྩོམ་ཐོན་སྐྱེད་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་རྦད་དེ་ཁྲོམ་རས་སྙོམས་སྒྲིག་བྱེད་ཚུལ་གཏན་འགོག་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་རིག་རྩལ་བྱ་གཞག་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་དཔྱད་ཞིབ་གདེང་འཇོག་མ་ལག་ནང་བཅུག་ནས་ཀྲུང་དབྱང་གིས་རིག་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རང་ཡུལ་གྱིས་རིག་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཞིབ་ཕྲ་བཟོ་བ། རིག་རྩལ་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དྲིལ་བསྒྲགས་སྡེ་ཚན་གྱིས་གཅིག་འདོམས་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས་རིག་རྩལ་ལས་དོན་ཡག་པོ་བསྒྲུབས་ཏེ་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་འགོ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པ། རིག་གནས་དང་། སློབ་གསོ། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རིག་རྩལ་ལྷན་ཚོགས། མཉམ་ལས་སོགས་སྡེ་ཚན་དང་ཚོགས་པས་མཉམ་དུ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཕྱོགས་ཁག་རིག་རྩལ་ལས་དོན་ནང་ཧུར་ཐག་ཞུགས་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས། རིག་རྩལ་ཚན་པའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་འཇོན་བསྐོ་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་དང་། རིག་རྩལ་ལས་དོན་པའི་ཆོས་ཉིད་གསལ་པོ་རྟོགས་པ། རིག་རྩལ་ལས་དོན་པ་དང་འབྲེལ་འདྲེས་ཐུབ་པའི་ལས་བྱེད་པ་འགོ་ཁྲིད་ལས་གནས་ཐོག་འཇོག་དགོས། རིག་རྩལ་ལས་རིགས་ཀྱི་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་དགོས།

    23.རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་དགོས། རིག་རྩལ་གྱི་ཤེས་ལྡན་མི་སྣར་བརྩི་འཇོག་དང་། རིག་རྩལ་གསར་གཏོད་ལ་བརྩི་འཇོག རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་གི་རིག་རྩལ་ལས་དོན་པར་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་དགོས། ཕུལ་བྱུང་གི་རིག་རྩལ་ཤེས་ལྡན་མི་སྣ་དང་རིག་རྩལ་བརྩམས་ཆོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་གི་རྩོམ་པ་པོ་དང་སྒྱུ་རྩལ་པར་ཆེད་ལས་ཐད་དབང་གྲགས་ལྡན་པ་དང་སྤྱི་ཚོགས་ཐོག་བརྩི་འཇོག་ཐོབ་པ་བྱེད་དགོས། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་གཞོན་དར་ལས་དོན་པ་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། རིག་རྩལ་ལས་དོན་པས་བྱ་གཞག་གཏོད་སྐབས་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་བློ་གཅིག་སེམས་གཅིག་གིས་ཁོང་ཚོ་དང་གྲོགས་པོ་སྒྲིག་པ་དང་ཁོང་ཚོར་བྱ་བ་དངོས་སྒྲུབ་དགོས། རིག་རྩལ་དར་རྒྱས་གོང་འཕེལ་ལ་ཕན་པ་ཡོད་པའི་གླ་རྔན་དང་བྱ་དགའ་སྤྲོད་ཐབས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། རིག་རྩལ་ཆོས་ཉིད་ལ་བརྩི་འཇོག་དང་བརྩི་སྲུང་ཞུས་ནས་རིག་ལམ་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་གཏོང་བ་དང་། ལྟ་བ་དང་གྲུབ་མཐའ་མི་འདྲ་བར་གྲོས་བསྡུར་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བྱེད་པ། བརྗོད་གཞི་དང་། རྩོམ་ལུས། རྣམ་པ། འབྲི་སྟངས་བཅས་འཕེལ་རྒྱས་གང་ལེགས་གཏོང་དགོས་པའི་འབོད་སྐུལ་བྱེད་པ། ལྟ་བ་དང་། ནང་དོན། ཉམས་འགྱུར། གྲུབ་མཐའ་བཅས་གསར་གཏོད་ཧུར་ཐག་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་གསོན་ཤུགས་ཕན་ཚུལ་འགྲན་འཕེལ་དང་རིག་རྩལ་བརྩམས་ཆོས་ལེགས་པོ་དང་རིག་རྩལ་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་ཐོན་པའི་རྣམ་པ་གསོན་ཉམས་དོད་པོ་ཞིག་ཆགས་པ་བྱེད་དགོས།

    24.རྒྱུན་ཆད་མེད་པར་སྒྱུར་བཅོས་གཏིང་ཟབ་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་རིག་གནས་བྱ་གཞག་ཚན་པའི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བརྩམས་ཆོས་དང་ཤེས་ལྡན་མི་སྣ་ཐོན་རྒྱུར་ཕན་པ་ཡོད་པའི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྐང་འཛིན་རིག་གནས་ཁེ་ལས་དང་ཁེ་ལས་ཆེས་ཆུང་གྲས་སོགས་ཁྲོམ་རའི་གྲུབ་ཆ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་དང་ཁྲོམ་རའི་ལམ་སྲོལ་སྤྱད་དེ་རྩོམ་པ་པོ་དང་སྒྱུ་རྩལ་པའི་ཧུར་སེམས་འཕེལ་བ་དང་ཕུལ་བྱུང་བརྩམས་ཆོས་མང་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ཚན་པའི་ལྷན་སྦྱར་སྒྱུར་བཅོས་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་ཁོང་ཚོ་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་རིག་གནས་ཐོན་ལས་ཀྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། རིག་རྩལ་འདེགས་སྐྱོར་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་ནས་གཞུང་བཙུགས་རིག་རྩལ་ཁང་དང་ཚོགས་པ་སྒྱུར་བཅོས་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་རྩོམ་རིག་སྒྱུ་རྩལ་གྱི་ཚགས་པར་དུས་དེབ་གཙོ་བོ་དང་དྲ་བའི་རྩོམ་རིག་དྲ་ཚིགས་གཙོ་བོར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་ལ་ཁ་ཕྱོགས་པའི་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་རིག་རྩལ་རྣམ་གྲངས་གལ་ཆེན་སྤྱི་པའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། ཆེད་སྤྱོད་མ་དངུལ་དང་ཐེབས་རྩ་སྣ་ཚོགས་ཡག་པོ་སྤྱད་དེ་ཁ་ཕྱོགས་ཁོང་དུ་ཆུད་པ་དང་གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ་ཀྲུང་གོའི་ཕུགས་འདུན་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་རིག་རྩལ་བརྩམས་ཆོས་ལ་ཁ་ཕྱོགས་དགོས། སྲིད་གཞུང་གིས་ཁྲིད་སྟོན་དང་ཁྲོམ་རས་སྙོམས་སྒྲིག་བྱེད་པའི་སྒུལ་ཤུགས་གཉིས་མཐའ་འཁྱོངས་ཀྱིས་མ་དངུལ་གཏོང་སྟངས་གསར་གཏོད་བྱེད་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་དང་། རྣམ་གྲངས་ཁ་གསབ། དངུལ་བུན་སྐྱེད་གསབ། ཞལ་འདེབས་ལྕག་སྐུལ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཕན་རང་བཞིན་གྱི་ཞལ་འདེབས་ཁྲལ་གོང་འཐེན་ཆ་འཐེན་པ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རིག་རྩལ་གསར་རྩོམ་ཐོན་སྐྱེད་དང་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བཅས་བྱས་ནས་རིག་རྩལ་གསར་རྩོམ་ཐོན་སྐྱེད་ཀྱི་མ་རྩའི་མ་ལག་རིམ་བཞིན་ཆགས་པ་བྱེད་དགོས། རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་རིག་རྩལ་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་དང་སྤྱི་ཚོགས་སྒྱུ་རྩལ་སློབ་གསོའི་ཐོན་ཁུངས་དང་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་བྱང་ཚད་མཐོ་རུ་གཏོང་དགོས། རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་འགན་ལེན་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་སྒྲིག་བཟོ་བྱེད་དགོས། ཁྲིམས་ལྟར་རིག་གནས་ཁྲོམ་རར་དོ་དམ་བྱེད་པ་དང་། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རིག་གནས་ཁྲོམ་རའི་ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “འཆལ་རྡུང་ལོག་སེལ”གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་རིག་རྩལ་ལས་དོན་པ་དང་རིག་རྩལ་སྒྲིག་གཞིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། རིག་རྩལ་བྱ་དགའ་དཔྱད་བསྡུར་དོ་དམ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། བྱ་དགའ་དཔྱད་བསྡུར་ཚད་གཞི་ནན་དུ་གཏོང་བ། བརྩམས་ཆོས་ལ་ལྟ་དགོས་ལ་ཀུན་སྤྱོད་ལ་སྣང་ཆེན་བཅས་བྱས་ཏེ་བྱ་དགའ་དཔྱད་བསྡུར་ཐད་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་ཏན་ཏིག་གཏོང་དགོས།

    25.རིག་རྩལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་སོགས་མི་དམངས་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེཌ་བྱེད་དགོས། རིག་རྩལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ནི་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་རིག་རྩལ་ལས་དོན་པ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིག་རྩལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་མཐུན་སྒྲིལ་ཁྲིད་སྟོན་དང་། འབྲེལ་གཏུག་མཐུན་སྦྱོར། ཞབས་ཞུ་དོ་དམ། རང་གཅུན་དབང་སྲུང་བཅས་ཀྱི་འགན་ནུས་བསྒྲུབ་རྒྱུར་རྒྱབ་སྐྱོར་ཏན་ཏིག་བྱས་ཏེ་ལས་རིགས་འཛུགས་སྐྱོང་ནང་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་བྱེད་དགོས། རིག་རྩལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྒྱུར་བཅོས་གསར་གཏོད་དང་གསོན་ཤུགས་འཕེལ་བ་བྱེད་པ་དང་། ལམ་ཀའི་ལམ་སྲོལ་དང་ཐབས་ཤེས་ལེགས་སུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་ཁུངས་ཅན་དུ་འགྱུར་ནས་མང་ཚོགས་དང་ཁ་བྲལ་བའི་སྣང་ཚུལ་ཐོན་རྒྱུ་འགོག་པ་བཅས་བྱས་ཏེ་དེ་ཉིད་རིག་རྩལ་ལས་དོན་པའི་ཁྱིམ་ཚང་དངོས་སུ་འགྱུར་བ་བྱས་ཐོག་རྒྱ་ཆེའི་རིག་རྩལ་ལས་དོན་པར་དེ་བས་ལེགས་པའི་སྒོ་ནས་མཐུན་སྒྲིལ་གྱིས་གོང་བུ་སྒྲིལ་བ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་གང་ལེགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་ཆེད་ལེགས་སྐྱེས་འབུལ་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།