2014ལོའི་ཟླ་7ཚེས་1ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཉི་དྲོད་ལྡུམ་རའི་གྲོང་མིའི་ཁུལ་ཆུང་དུ་ཉི་དྲོད་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དེ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་རུ་གནས་འཕར་གྱི་ལག་ཁྱེར་སྤྲོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཟླ་བ་5རིང་གྲ་སྒྲིག་བྱས་པ་བརྒྱུད། ཉི་དྲོད་གླིང་སྡེ་ཁུལ་ཏང་ཀྲི་པུས་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤུས་ཚད་དོ་དམ་མ་ལག་གིས་ཁས་ལེན་བྱས་པ་བརྒྱུད། ཏང་གི་སྤྱི་ཁྱབ་ཀྲི་པུའུ་རུ་གནས་འཕར་བྱུང་ཞིང་། སྡེ་ཁུལ་གྱི་ཏང་ཡོན་ཕུར་བུ་ཚེ་རིང་གིས“ད་ཐེངས་ང་ཚོའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་རུ་གནས་འཕར་བྱུང་བ་དེས་ང་ཚོའི་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་ཕུལ་དུ་བྱུང་བ་ཞིག་ཡིན་པ་གསལ་བཤད་ཐུབ་པ་མ་ཟད། དེ་བས་གལ་ཆེ་བ་ནི་ང་ཚོས་རྗེས་མའི་ལས་དོན་བསྒྲུབ་རྒྱུར་ལམ་ལུགས་ཅན་གྱི་འགན་སྲུང་མཁོ་འདོན་བྱས་ཡོད། སླད་ཕྱིན་ང་ཚོས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས”ཞེས་བཤད།
གྲོང་ཁྱེར་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་ཁྲོད་ཀྱི་སྡེ་ཁུལ་གྱི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་འཁུར་བའི་ལས་འགན་ཀྱང་དེ་བས་ལྕི་རུ་སོང་ཡོད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་དུ་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལྟེ་གནད་སྡེ་ཁུལ་ལ་གཤམ་སྒྱུར་དང་། སྟོབས་ཤུགས་སྡེ་ཁུལ་ལ་ཕྱོགས་པ། ནོར་ཤུགས་སྡེ་ཁུལ་དུ་གཅིག་སྡུད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་གྱི་དཔུང་ཁག་གཙོ་བོ་དང་། བྱེད་སྒོ་སྤེལ་ཡུལ། གཏོང་ཆ་འགན་སྲུང་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱུང་བ་རེད།
སྡེ་ཁུལ་གྱི་ལས་དོན་འཐུས་སྒོ་ཚང་དུ་དང་སྡེ་ཁུལ་ལས་དོན་མི་སྣའི་ཐོབ་ཐང་མཐོ་རུ་བཏང་བ།
ལྷ་ས་གྲོང་ཁྱེར་གྱིས་ལས་ཁུངས་ཀྱིས་གཤམ་གཏོང་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ་བསྡུ་བ། ལས་འཁྱུར་ངལ་གསོ་རྒྱག་མཁན་དང་ལས་བྱེད་ལས་བཟོ་གདམ་གསེས་གདན་ཞུ་དང་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ལས་དོན་མི་སྣ་གདན་ཞུ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྡེ་ཁུལ་ལས་དོན་སྟོབས་ཤུགས་ཀྱི་དཔུང་ཁག་སྟོབས་ཆེར་ཧུར་ཐག་བཏང་བ་རེད། སྡེ་ཁུལ་ལས་དོན་མི་སྣའི་སློབ་རྒྱུས་མཐོ་རུ་གཏོང་རྒྱུར་སྐུལ་མ་བཏང་སྟེ་འབྲེལ་ཡོད་ཀྱི་ཡིག་ཚད་བཏང་བ་དང་སྦྲགས་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པའི་སློབ་རྒྱུས་ཀྱི་ལག་ཁྱེར་ཐོབ་མཁན་ལ་ནོར་སྲིད་ནས་སློབ་སྦྱོང་གི་འགྲོ་གྲོན་ཆ་ཚང་རྩིས་ཞུ་བྱ་རྒྱུ་དང་སྤྱི་ཚོགས་ལས་དོན་ཆེ་མོ་བའི(ལས་རོགས་ཚུད་པ)ཐོབ་ཐང་ཐོབ་མཁན་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་དངུལ་སྒོར་3000སྤྲོད་རྒྱུ་ཡིན་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་སྒོར་ཁྲི་1000བཏང་སྟེ་ས་ཆ་དེ་གའི་གསར་དུ་བསྡུས་པའི་གཞུང་ཞབས་པའི་གླ་ཆའི་ཆུ་ཚད་ལ་གཞིགས་ནས་སྡེ་ཁུལ་གྱི་ལས་དོན་མི་སྣའི་གླ་ཆའི་ཐོབ་ཐང་གཏན་འཁེལ་བྱེད་ཀྱི་ཡོད། མིག་སྔར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་མི་ཨུ་ལྷན་ཀྲུའུ་རེན་གྱི་ཟླ་རེའི་གླ་ཆའི་ཐོབ་ཐང་དེ་སྒོར་2400ནས་སྒོར་3500བར་མང་དུ་བཏང་བས་45.84%མང་དུ་ཕྱིན་པ་དང་། ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཟླ་རེའི་གླ་ཆའི་ཐོབ་ཐང་སྒོར་2100ནས་སྒོར་3250བར་མང་དུ་བཏང་ནས་54.77%མང་དུ་ཕྱིན་པ། “ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་ཟླ་རེའི་གླ་ཆའི་ཐོབ་ཐང་སྒོར་1800ནས་སྒོར་3000བར་མང་དུ་བཏང་ནས་66.7%མང་དུ་ཕྱིན་པ། སྡེ་ཁུལ་གྱི་ལས་དོན་མི་སྣའི་ཟླ་རེའི་གླ་ཆའི་ཐོབ་ཐང་སྒོར་1800ནས་སྒོར་2500བར་མང་དུ་བཏང་ནས་38.9%མང་དུ་ཕྱིན་པ་བཅས་རེད།
སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་འཐུས་སྒོ་ཚང་དུ་དང་སྡེ་ཁུལ་གྱི་གྲོན་དངུལ་མང་དུ་བཏང་བ།
“ཁང་གསུམ་དང་། ཚོམས་ཆེན་གཅིག ལྟེ་བ་གསུམ་དང་། ཁང་གཅིག་དང་། སྒོ་རྩིས་ཚོང་ཁང་གཅིག ཐང་གཅིག”(ཕྱོགས་བསྡུས་གཞུང་ལས་ཁང་དང་། ཉེན་རྟོག་ལས་དོན་ཁང་། དཔེ་མཛོད་ཁང་། དམངས་ཕན་ཞབས་ཞུའི་ཚོམས་ཆེན། གྲོང་མིའི་བྱེད་སྒོའི་ལྟེ་གནས། བུ་བཅོལ་དོ་དམ་ལྟེ་གནས། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། མང་ཚོགས་ཀྱི་ཇ་ཁང་དང་། དམངས་ཕན་སྒོ་རྩིས་ཚོང་ཁང་། གྲོང་མིའི་ལུས་རྩལ་དང་བྱེད་སྒོ་ཐང)བཅས་སྡེ་ཁུལ་གྱི་བྱེད་སྒོ་ཐང་གི་འཛུགས་སྐྲུན་ཚད་གཞིར་གཞིགས་ཏེ་ལྷ་ས་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་དང་སྡེ་ཁུལ་གྱི་རིམ་གཉིས་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི་8500བསྡུ་སྒྲིལ་བྱས་ཏེ་བེད་སྤྱོད་རྒྱ་ཁྱོན་སྨི་ངོས་གྲུ་500ཡན་ཟིན་ནའང་ནུས་པ་ཆ་ཚང་པོ་མེད་པའི་སྡེ་ཁུལ་གྱི་བྱེད་སྒོ་ཐང་33བསྐྱར་སྐྲུན་བྱས་པ་དང་། བེད་སྤྱོད་རྒྱ་ཁྱོན་སྨི་ངོས་གྲུ་500ཙམ་གྱི་སྡེ་ཁུལ་གྱི་བྱེད་སྒོ་ཐང་3རྒྱས་སྐྲུན་བྱས་པ། བྱེད་སྒོ་སྤེལ་ས་གནས་སྐབས་མེད་པའི་སྡེ་ཁུལ་3དང་དེ་བཞིན་སྒྲིག་བཀོད་ཞན་པའི་སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ས་1གསར་སྐྲུན་བྱས་པ་བཅས་རེད།
2015ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་སྡེ་ཁུལ་དུ་ལས་ཀའི་འགྲོ་གྲོན་སྒོར་ཁྲི་1800བཀོད་སྒྲིག་བྱས་པ་དེ་སྡེ་ཁུལ་སོ་སོར་སྒོར་ཁྲི་45ཟིན་པའི་ནང་འཁོར་སྐྱོད་འགྲོ་གྲོན་སྒོར་ཁྲི་10དང་། ཏང་འཛུགས་སྐྱོང་གི་ཆེད་དོན་འགྲོ་གྲོན་སྒོར་ཁྲི་10 མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་འགྲོ་གྲོན་སྒོར་ཁྲི་10 དམངས་ལ་དོན་དངོས་སྒྲུབ་པའི་འགྲོ་གྲོན་སྒོར་ཁྲི་15ཟིན་པ་བཅས་རེད། གཞན་ཡང་ད་དུང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་སྒོར་ཁྲི་1000བཞག་ནས་སྡེ་ཁུལ་ལ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་གཏོང་རྒྱུར་སྐུལ་མ་བཏང་བས་སྡེ་ཁུལ་ལ་བྱ་བ་སྒྲུབ་པའི་དངུལ་ཡོད་ལ། བྱ་བཟང་སྒྲུབ་ཐུབ་པའི་འགན་ལེན་ཡང་བྱས་པ་རེད།
དམངས་ཕན་ཞབས་ཞུ་བསྒྲུབས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་བ།
གཅིག་སྡུད་ཞབས་ཞུ་དང་། ཁ་ཐོར་ཞབས་ཞུ། དུས་བཀག་ཞབས་ཞུ། ཉིན་རེའི་ཞབས་ཞུ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་ལྷ་ས་གྲོང་ཁྱེར་གྱིས་སྡེ་ཁུལ་དུ་བཅའ་སྡོད་ལས་ཐོག་ཏང་ཡོན་ཁྲི་8མཐུན་སྦྱོར་བྱས་ནས་སྡེ་ཁུལ་དུ་མང་ཚོགས་ལ་འབྲེལ་བ་དང་ཞབས་ཞུར་མིང་ཐོ་བཀོད་ནས་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”ཁྲི་5ལྷག་ཙམ་ངོས་འཛིན་ཐུབ་སྟེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད།
ཁྲོམ་གཞུང་གི“ལས་དོན་ཨུ་ལྷན་ཆེན་པོའི”ལམ་ལུགས་དང་སྡེ་ཁུལ་གྱི“ཏང་ཨུད་ཆེན་པོའི”ལམ་ལུགས་ལག་བསྟར་འཚོལ་ཞིབ་བྱས་ཏེ་མངགས་གཏོང་ཁང་གི་སུའོ་ཀྲང་ཤང(ཁྲོམ་གཞུང)ཏང(ལས་དོན)ཨུ་ལྷན་གྱི་ཚན་ཁག་གི་ཧྲུའུ་ཅི་གཞོན་པར་བསྡུས་པ་དང་། ཉེན་རྟོག་ལས་དོན་ཁང་གི་ཉེན་རྟོག་དཔོན་བསྡུས་ཏེ་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཚན་ཁག་ཏུ་བསྐྱོད་ནས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་སྟོབས་ཤུགས་སྔར་བས་སྤྱི་འདོམས་ཐུབ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་ཐེབས་ཡོད།