དབུ་ཤོག>སྲིད་དོན།
  • བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པའི་བོད་ཀྱི་རིག་དངོས་སྤུས་རྟགས་འགྲེམས་སྟོན་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-30

    ཚེས་28ཉིན་གྱི་ཕྱི་དྲོ་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་བོད་ཀྱི་རིག་དངོས་སྤུས་རྟགས་འགྲེམས་སྟོན་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་འགྲེམས་སྟོན་འགོ་བཙུགས་པའི་ཁྱབ་བསྒྲགས་གནང་བ་དང་། ནེ་པ་ལའི་རིག་གནས་ཡུལ་སྐོར་མཁའ་འགྲུལ་པུའི་དྲུང་ཡིག་ཏན་ཉི་སི·ཁུ་མར·ཐ་ཕ་ལི་ཡ་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའུ་ཡུས་ཚེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ཀན་ཧྲི་ལྷག་པ་ཕུན་ཚོགས། རིག་གནས་པུའུ་ཕྱི་འབྲེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཡན་ཕེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་བཅས་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་གཙོ་སྐྱོང་གནང་བ་བཅས་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་ནང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་རྒྱུ་དེ་ཀྲུང་དབྱང་གི་སྔ་ཕྱི་བར་གསུམ་གྱི་བྱེད་ཕྱོགས་དང་སྲིད་ཇུས་རེད། རྒྱལ་ཁབ་ཀྱིས་བོད་ཀྱི་རིག་གནས་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཁྲོད་བཅུག་ནས་མི་རྒྱུ་དངུལ་གསུམ་འབོར་ཆེན་བཏང་སྟེ་བོད་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་རེད། དེ་དག་ཚང་མའི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་བ་གང་ལེགས་མཚོན་པ་དང་དུས་མཚུངས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཡང་དག་པ་དང་རླབས་པོ་ཆེ་ཡིན་པ་གང་ལེགས་མཚོན་ཡོད། དེང་སྐབས་བོད་ཀྱི་རིག་དངོས་སྲུང་སྐྱོང་བྱ་གཞག་དེ་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་ང་ཚོས་རིག་དངོས་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གོ་སྐབས་དམ་འཛིན་དང་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་ཏན་ཏིག་བཏང་ཐོག་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པའི་བོད་ཀྱི་རིག་དངོས་སྤུས་རྟགས་འགྲེམས་སྟོན་ནང་སྒྲོལ་མ་ཉེར་གཅིག་གི་ཐང་ག་འགྲེམས་སྟོན་དང་། 《གསེར་མདོག་ཅན་གྱི་བོད་ལྗོངས--བོད་ཀྱི་གསེར་དངུལ་ཡོ་ཆས་འགྲེམས་སྟོན》《ལོ་རྒྱུས་ཀྱི་བདེན་དཔང--བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཤམས་སྟོན》བཅས་ཁག་ཆེན་པོ་གསུམ་ཚུད་ཡོད།

    ད་ཐེངས་ཀྱི་འགྲེམས་སྟོན་ནང་སྟོན་པའི་སྒྲོལ་མ་ཉེར་གཅིག་གི་ཐང་གའི་ཆེད་དོན་འགྲེམས་སྟོན་དེས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཐང་གའི་ཡིག་ཚགས་བཟོ་བའི་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས་ཞིབ་ཚགས་ངང་སྟོན་པ་ཞིག་ཡིན་ཞིང་། སྒྲོལ་མ་ཉེར་གཅིག་གི་ཐང་ག་དེའང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྟོན་ཐེངས་དང་པོ་རེད།

    བོད་ཀྱི་གསེར་དངུལ་ཡོ་ཆས་འགྲེམས་སྟོན་དེ་སྒམ་བརླིང་ལྡན་པའི་མཆོད་ཆས་དང་། རྣམ་བཀྲའི་ལྟོ་སྣོད་ཡོ་ཆས། ཁྲ་ཆིལ་ཆིལ་གྱི་རྒྱན་ཆ་བཅས་ཆ་ཤས་གསུམ་ལ་དབྱེ་བ་དང་འགྲེམས་སྟོན་བྱས་པའི་གསེར་དངུལ་ཡོ་ཆས་ཀྱི་རྩ་ཆེའི་རིག་དངོས་སྣ་ཁ་བརྒྱ་ལྷག་ཙམ་དེ་དག་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་བཅས་རིག་དངོས་འགྲེམས་ཚོགས་སྒྲིག་གཞི་གསུམ་ནས་བདམས་པ་ཞིག་རེད།

    《ལོ་རྒྱུས་ཀྱི་བདེན་དཔང--བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཤམས་སྟོན》ནང་གཙོ་བོ་ཐང་རྒྱལ་རབས་དང་། སུང་རྒྱལ་རབས། ཡོན་རྒྱལ་རབས། མིང་རྒྱལ་རབས། ཆིང་རྒྱལ་རབས། མིན་གོ ཀྲུང་གོ་གསར་པ་སོགས་སྡེ་ཚན་བདུན་ལ་དབྱེ་བ་དང་གཞུང་ཕྱོགས་ཀྱི་ཐམ་སྦྱར་ཡི་གེ་དང་། གཞུང་ཡིག་ཡིག་ཚགས། རྩ་ཆེའི་ལག་བཏགས་སོགས་རིག་དངོས་འབོར་ཆེན་བརྒྱུད་བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་སྟོན་གཏིང་ཟབ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།