ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པར་ཕེབས་པའི་ནེ་པ་ལའི་རིག་གནས་ཡུལ་སྐོར་མཁའ་འགྲུལ་པུའི་པུའུ་ཀྲང་ཐ་ཕ་ལ་ཡ་དང་། ཀྲུང་གོར་བཅའ་སྡོད་བྷང་ག་ལའི་གཞུང་ཚབ་ཆེ་མོ་བ་ག་ལི་མུའུ། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་མཱ་སི་ཅི་དང་དེ་བཞིན་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་དང་། འཇར་མན། སུའེ་ཙེར། རྒྱ་གར། ཧྥ་རན་སེ། ཁ་ན་ཏ་སོགས་ཀྱི་ཕོ་ཉ་དང་མཁས་དབང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ནས་ཐ་ཕ་ལི་ཡ་དང་ཀྲུང་གོར་བཅའ་སྡོད་ཕོ་ཉ་རྣམས་བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པར་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས་ནེ་པ་ལ་དང་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱིས་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་དུས་ཡུན་རིང་པོའི་ནང་དགོངས་བཞེས་དང་། དོ་ཁུར། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ན་ནིང་ཟླ་9ཚེས་25ཉིན་བོད་ཀྱི་འགྲེམས་ཚོགས་སྐབས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། ད་རེས་འཚོག་རྒྱུའི་བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པའི་ཐོག“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་ཚོགས་འཁྲབ་སྟོན་དང་། གླེང་སྟེགས་གཏམ་བཤད། དངོས་པོ་ངོམས་སྟོན། ཐོན་ཟོག་བྲིན་ཚོང་། མ་འཇོག་གྲོས་མོལ་སོགས་བརྒྱུད་རྒྱལ་ཁབ་ཕྱི་ནང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གཅིག་སྡུད་ཐོག་བསྟན་ཏེ་སྐུ་མགྲོན་རྣམས་ལ་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྣོད་བཅུད་བཅས་གང་ས་ཅི་ཐད་ལ་ཐོབ་པའི་འཕེལ་རྒྱས་ཆེན་པོ་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།
བློ་བཟང་རྒྱལ་མཚན་གྱིས“4·25”ས་ཡོམ་ཆེན་པོས་ནེ་པ་ལར་གྱོང་གུན་ཆེན་པོ་བཟོས་པར་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལའི་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ཡིན། ནེ་པ་ལས་ཕྱོགས་མང་པོའི་རོགས་རམ་ལ་བརྟེན་ནས་སླར་གསོ་བསྐྱར་སྐྲུན་ཧུར་ཐག་བྱས་ཏེ་ཁྱིམ་གཞིས་སྔར་བས་མཛེས་སྡུག་ལྡན་པ་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་དང་། ཁོང་གིས་གཞུང་ཚབ་ཆེ་མོ་བ་རྣམས་བོད་ལ་མང་ཙམ་ཕེབས་ནས་ཕན་ཚུན་མཛའ་མཐུན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཁྱེད་རྣམས་སླར་ཡང་ཕེབས་པར་དགའ་བསུ་ཞུ་ཞེས་གསུངས་པ་རེད།
ཐ་ཕ་ལི་ཡས་ནེ་པ་ལ་དང་ཀྲུང་གོའི་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ལ་གཟི་བརྗིད་ཀྱི་སྲོལ་རྒྱུན་བཟང་པོའང་ལྡན་ཡོད། ནེ་པ་ལ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་ཀྱིས་ནེ་པ་ལར་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མེད། ནེ་པ་ལ་དང་བོད་གཉིས་ལ་རྒྱབ་མདུན་ཡིན་པ་དང་ཕན་ཚུན་འབྲེལ་བ་ཟབ་པས་རིག་གནས་ཡུལ་སྐོར་མཁའ་འགྲུལ་པུས་ནེ་པ་ལ་དང་བོད་དབར་མཉམ་ལས་ཟབ་མོ་ཡོང་རྒྱུར་གཞོལ་ནས་ནེ་པ་ལ་དང་ཀྲུང་གོའི་མཛའ་མཐུན་ནམ་ཡང་གནས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།