དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འགྲེམས་ཚོགས་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བ་དང་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-28

    ཟླ་9ཚེས་25ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་ཕེབས་ནས། བོད་ཀྱི་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་སླར་ཡང་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ། ས་གནས་ས་ཐོག་ཏུ་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ་རེད། ཁོང་གིས་བོད་ཀྱི་འགྲེམས་ཚོགས་གཉེར་བ་ནི། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ཞིག་ཡིན་པས། ཚད་མཐོའི་མཐོང་ཆེན་དང་ཞིབ་ཚགས་ནན་ཏན་བྱས་ཏེ། མུ་མཐུད་ཛ་དྲག་དང་གོ་རིམ་ལྡན་པའི་ངང་གྲ་སྒྲིག་གི་མཇུག་བསྡུའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས། བོད་ཀྱི་འགྲེམས་ཚོགས་བདེ་འཇགས་ཞི་མཐུན་དང་། གཟབ་རྒྱས་དགའ་སྤྲོ། ཚ་ཚ་འུར་འུར། ངོ་མཚར་རྫོགས་ལྡན། ཏན་ཏིག་ནུས་ལྡན་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    བློ་བཟང་རྒྱལ་མཚན་སྔ་རྗེས་སུ་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དང་། འགྲེམས་ཡུལ། བརྗོད་དོན་གཙོ་བོའི་གླེང་སྟེགས་གཉེར་ཡུལ། སྒྲིག་འཛུགས་ཨུ་ལྷན་གྱི་གཞུང་ལས་ཁང་སོགས་སུ་ཕེབས་ནས་རྟོག་ཞིབ་ནན་ཏན་གནང་བ་དང་། ལས་དོན་མི་སྣ་དང་འཁྲབ་སྟོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད། སྐབས་འདིའི་བོད་ཀྱི་འགྲེམས་ཚོགས་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་རྗེས་ཕྱོགས་ཁག་གི་འགྲེམས་ཞུགས་མི་སྣས་ལས་དུས་སྤར་བ་དང་། དཀའ་ངལ་ལ་མི་སྐྲག་པ། རང་ནུས་ཡོད་རྒུ་བཏོན་པ། གཞོགས་འདེགས་དམ་ཟབ་བཅས་བྱས་པ་དང་། ལས་དོན་ཁག་སྒྲིག་འཛུགས་ནུས་ལྡན་དང་གཅིག་འདོམས་གཞོགས་འདེགས་བྱས་ནས། སྐུལ་འདེད་མགྱོགས་པོ་བཏང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྐབས་འདིའི་བོད་ཀྱི་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་དེ་བས་འབུར་དུ་ཐོན་པ་དང་། ཁྱད་ཆོས་དེ་བས་མངོན་གསལ་དོད་པ། ནང་དོན་དེ་བས་ཕུན་སུམ་ཚོགས་པ་བཅས་འགྲེམས་ཞུགས་གཞི་ཁྱོན་དང་། མི་སྣའི་ཁོངས་མི། རྒྱལ་སྤྱི་ཅན་གྱི་ཚད་གཞི་སོགས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། བློ་བཟང་རྒྱལ་མཚན་གྱིས་གྲ་སྒྲིག་ལས་དོན་གཞི་རྩའི་ཆ་ནས་གྲ་སྒྲིག་འཐུང་ཚང་ཡིན་པ་དང་འགྲེམས་ཚོགས་གཉེར་བའི་ཆུ་ཚད་མཐོ་རུ་ཕྱིན་པ་གཟིགས་རྗེས། དགྱེས་ཚོར་ཆེན་པོས་ཚོགས་ཆུང་ཁག་དང་འགྲེམས་ཞུགས་ཚན་པ་དང་ལས་དོན་མི་སྣ་ཁག་གིས་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྗིད་པ། བསམ་ཕྱོགས་མང་བ་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་པ་དང་། དུས་ཐོག་དང་སྤུས་ཚད་མཐོ་བའི་ངང་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས། བོད་ཀྱི་འགྲེམས་ཚོགས་བདེ་བླག་ངང་གཉེར་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་། འགན་འཁུར་ཕོད་པ་དང་། དངོས་འཛིན་དངོས་སྒྲུབ། གང་སྒྲུབ་མཐར་ཕྱིན། གང་སྒྲུབ་ཕུལ་བྱུང་བཅས་ཀྱི་བསམ་བློའི་ཉམས་འགྱུར་དང་ལས་ཀའི་སྤྱོད་ཚུལ་མཚོན་པས། ངས་སྒྲིག་འཛུགས་ཨུ་ལྷན་གྱི་ཚབ་ཞུས་ནས་བོད་ཀྱི་འགྲེམས་ཚོགས་ལ་དཀའ་སྤྱད་འབད་བརྩོན་གནང་མཁན་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་དེ་གདོང་མཆོང་བྱེད་པའི་དུས་མཚམས་དང་མཐའ་མའི་འགག་རྩའི་དུས་མཚམས་སུ་སླེབས་པས། ལས་དོན་དེ་བས་དཀའ་ཚེགས་ཆེ་ལ་ལས་འགན་དེ་བས་ལྗིད་པོ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཁ་གསལ་རེད། དེའི་འགག་རྩ་ནི་ཚོགས་ཆུང་ཁག་དང་འགྲེམས་ཞུགས་ཚན་པ་དང་ལས་དོན་མི་སྣ་ཁག་གིས་མཐའ་མའི་དུས་ཚོད་དམ་འཛིན་བྱས་ཏེ། དཀའ་ངལ་ཁྱད་བསད་དང་འབད་བརྩོན་ལྡབ་བརྒྱ་བྱས་ནས། ལས་དོན་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན་པས། གཅིག་ནས་གཅིག་འདོམས་མཐུན་སྦྱོར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་དང་། གཉིས་ནས་གཙོ་གནད་འབུར་དུ་ཐོན་པ་བྱས་ནས་དོན་འཁྱོལ་ལ་དམ་འཛིན། གསུམ་ནས་འགག་རྩ་བསྲུངས་ནས་དོན་འཁྱོལ་ལ་དམ་འཛིན། བཞི་ནས་ཞིབ་ཆ་འཐུས་ཚང་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།