2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་རང་ལྗོངས་ཀྱི་གཞིས་རྩེ་ས་ཁུལ་དང་མངའ་རིས་ས་ཁུལ་སོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་དེ་ཁུལ་གྱི་མི་དམངས་མང་ཚོགས་ཚོའི་ཚེ་སྲོག་རྒྱུ་ནོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྱོང་གུན་ཚབས་ཆེན་བཟོས་ཡོད། གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་དུས་ཐོག་ཏུ་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ནས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་ཐབས་ཇུས་བཏོན་པ་དང་མདུན་ཕྱོགས་སུ་བཀོད་འདོམས་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་སྒྲིག་འཛུགས་མགྱོགས་མྱུར་བྱས་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་ཡོད། གེགས་ཁུལ་གྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཀྲུང་དབྱང་གི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཚེ་སྲོག་གོང་དུ་བཀུར་བ་དང་།མི་སྐྱོབ་རྒྱུ་ཨང་དང་པོར་འཇོག་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“གཞུང་ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། དཀའ་ངལ་ཡོད་ཀྱང་མི་སྐྲག་པ། དཀའ་ངལ་ཡོད་ཀྱང་བཟོད་ཐུབ་པ། དཀའ་ངལ་ཡོད་ཀྱང་སྐད་མི་རྒྱག་པ། ལུས་ཤ་ཤོར་བར་མི་སྐྲག་པ། གདོང་ལྤགས་བཞུད་པར་མི་སྐྲག་པ། རྔུལ་ཆུས་འཚོས་པར་མི་སྐྲག་པ། སྲོག་ལ་ཐུག་ཀྱང་མི་སྐྲག་པ། ནུས་ཤུགས་ཡོད་རྒུས་ཉེན་སེལ་བྱེད་པ། ཚད་གཞི་མཐོ་ཤོས་ངང་མི་སྣ་འཆི་རྨས་དང་གནོད་འཚེའི་གྱོང་གུན་དམའ་རུ་གཏོང་བ། ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་ཀྱི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་བཅས་བྱས་པས་གདོང་དུ་མཆོང་ཕོད་པ་དང་། ལྷག་བསམ་དག་ལ་འགན་འཁུར་ཕོད་པ། རང་སྲོག་ཤོར་བར་མི་འཛེམ་པ་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མང་པོ་ཞིག་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་གཞུང་དྲང་དར་སྤེལ་བཏང་ནས་སྔར་ལས་ལྷག་པའི་ངང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་མི་དམངས་ཚོས་དེ་བས་ཆེ་བའི་སྙིང་སྟོབས་དང་། དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཏན་ཏིག་བསྒྲུབས་ཐོག་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཉའ་ལམ་རྫོང་འགྲམ་འགག་སྒོ་སྤྱི་བདེ་ཡན་ལག་ཅུས་ཏང་ཀྲི་པུའུ་སོགས་ཚན་པ་70ལ“4·25”ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ཝང་ཁུན་སོགས་བློ་མཐུན་229ལ“4·25”ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། བློ་མཐུན་དཔལ་མཆོག་ལ“4·25”ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱེད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་ཡོམ་འགོག་གེགས་ཁུལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་བཟང་པོ་དང་། གསར་གཏོད་རང་བཞིན་གྱི་ཉམས་མྱོང་། ཆགས་པའི་སྤྱོད་ཚུལ་བཟང་པོ་བཅས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། འབད་འབུངས་ཧུར་ལེན། སླར་ཡང་བྱས་རྗེས་འཇོག་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་དང་། མཐུན་སྒྲིལ། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཕྱིར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།
ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་བཟུང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་གནང་བའི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་སྤྱི་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་སྐྱོང་བར་ངེས་པར་ཏུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། བསམ་བློ་སྔར་བས་གཅིག་གྱུར་དང་སྙིང་སྟོབས་སྔར་བས་ཆེར་སྐྱེད་ཡོང་བ་བྱེད་པ། འབད་འབུངས་ཧུར་ལེན་དང་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྣོད་བཅུད་བཟང་པོ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས་པ་མ་ཟད་ད་དུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་དྲིན་ལན་འཇལ་དགོས།