དབུ་ཤོག>སྲིད་དོན།
  • ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-09-10

     

    0910at3.jpg

    ཟླ་9ཚེས་9ཉིན་གྱི་སྔ་དྲོ་ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་བསྐྲུན་ཟིན་པའི་གཞུང་ལམ་དུམ་བུ་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།

    ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཚེས9ཉིན་གྱི་སྔ་དྲོ་སྟག་རྩེ་རྫོང་དུ་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁ་ཤས་ཀྱི་སྣེ་འཁྲིད་དེ་མཛད་སྒོར་ཞུགས་པ་མ་ཟད་གཞུང་ལམ་ཤར་གཏོང་ཐུབ་པར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་བ་རེད།

    ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རག་སྡིས་སོགས་ལྷན་དུ་མཛད་སྒོར་ཞུགས་པ་རེད།

    མཛད་སྒོ་འཚོག་ཡུལ་གྱི་རྣམ་པ་སྟབས་བདེ་ལ་བབ་ཆགས་པ་ཞིག་དང་སྤྲོ་སེམས་འཁོལ་བ་ཞིག་ཡོད། བོད་ལུགས་ཀྱི་རྣམ་པ་ལྡན་པའི་མཛད་སྒོ་སྟེགས་བུའི་རྒྱབ་ལྗོངས་སྒྲོམ་གྱི་ཐོག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཚོགས་རྟགས་བཀལ་ཡོད། མཛད་སྒོ་སྟེགས་བུའི་མཐའ་སྐོར་གྱི་དར་མཚོན་སྣ་ཚོགས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ཅིང་། གཞུང་ལམ་འཛུགས་སྐྲུན་པའི་འཐུས་མི་དང་། ལམ་སྐྱོང་པའི་འཐུས་མི་བརྒྱ་ཕྲག་ཁ་ཤས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་བསྐྲུན་ཟིན་པའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད།

    ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་ནི་བོད་ཤར་ནས་བོད་དབུས་སུ་ཤར་གཏོང་ཐུབ་པའི་ལམ་གལ་ཆེན་ཞིག་ཡིན་ལ་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། རྣམ་གྲངས་འདི་2013ལོར་འགོ་ཚུགས་པ་དང་། ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་400ཡོད་པ། ཚོད་རྩིས་བྱས་ན་འགྱུར་མེད་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་380ཟིན་པ་རེད། དེ་རིང་ཤར་གཏོང་ཐུབ་པ་ནི་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་ཀོང་པོ་རྒྱ་མདའ་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ལམ་དུམ་གཉིས་རེད། སྔོན་དཔག་ལྟར་ན། ལམ་ཧྲིལ་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་ཉིང་ཁྲི་བར་གྱི་འགྲོ་སྐྱོད་དུས་ཚོད་ཐུང་དུ་ཆེས་ཆེར་གཏོང་ཐུབ་པ་དང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་མགྱོགས་མྱུར་འགྲོ་བ། གཞུང་ལམ་རྒྱུད་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ། མཐའ་མཚམས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།