དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ཚང་འཛོམས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-22

    ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་2015ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་ལྗོངས་ཏང་ཨུད་རྒྱུན་ཨུད་ཚོགས་འདུ་ཐེངས་130པའི་ཐོག་གི་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཡོད་རྫས་འགྱུར་དངོས་པོ་དང་འབར་གས་སླ་བའི་དངོས་ཟོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆེད་དོན་བཅོས་སྒྲིག་གཙོ་གནད་དུ་བྱ་རྒྱུའི་འབྲེལ་ཡོད་ལས་དོན་སྔར་བས་བཀོད་སྒྲིག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱི་མཆན་བཀོད་མཛུབ་སྟོན་ནང་ཐེན་ཅིན་གྲུ་ཁའི་དམིགས་བསལ་ཚབས་ཆེན་མེ་སྐྱོན་འབར་གས་ལས་འཛོལ་གྱི་བསླབ་བྱ་ནི་གཏིང་ཟབ་ལ་སྐྱོ་སྣང་ལྡན་པ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུ་ཐེངས་130ཐོག་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་གསུང་བཤད་གལ་ཆེན་དང་བླང་བྱ་གསལ་པོ་བཏོན་གནང་ཡོད། མིག་སྔར་རང་ལྗོངས་འདི་ཉིད་ཆར་པ་བབས་མང་བའི་དུས་དང་། ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་མང་བའི་དུས། ཡུལ་སྐོར་བྱེད་མཁན་མང་བའི་དུས། དུས་ཆེན་མཛད་སྒོ་མང་བའི་དུས་བཅས་སུ་སླེབས་ཡོད་པས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་འཛོལ་ཚབས་ཆེན་མི་ཐོན་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བསམ་ཕྱོགས་གཅིག་གྱུར་དང་། ཉེན་བརྡ་ཡུན་སྒྲོག འཕྲལ་སྒུལ་འཕྲལ་གཅོད། རྩ་ལག་མཉམ་བཅོས་བཅས་ཀྱི་ཐོག་ནས་ཉེན་ཡོད་རྫས་འགྱུར་དངོས་པོ་དང་འབར་གས་སླ་བའི་ཁྱབ་ཁོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞིབ་བཤེར་ནན་པོ་བྱེད་དགོས་པ་དང་།འགྲོ་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞིབ་བཤེར་ནན་པོ་བྱེད་པ། བཟོ་ལས་གཏེར་འདོན་ཁེ་ལས་དང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞིབ་བཤེར་ནན་པོ་བྱེད་པ། མི་སྣ་འདུ་འཛོམས་ཆེ་སར་ཐོན་སྲིད་པའི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞིབ་བཤེར་ནན་པོ་བྱེད་པ། རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞིབ་བཤེར་ནན་པོ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་ལ་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས་པ་དང་ཕན་འབྲས་ཡག་པོའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོས་སྤྱི་འགན་འཁུར་བ་དང་། སྐུ་ངོ་མས་དོ་དམ། སྐུ་ངོ་མས་འཐབ་ས་དང་པོར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་གནས་ཚུལ་ཐོན་ཚེ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས། འགོ་ཁྲིད་ཀྱི་འགན་འཁྲི་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི། གྲུབ་ཆ་གཙོ་བོའི་འགན་འཁྲི། ཁོངས་གཏོགས་ཀྱི་འགན་འཁྲི་བཅས་ནན་དུ་བཏང་ནས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་འགན་འཛོལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་སྙིང་རྗེ་སྤུ་ཙམ་མི་བྱེད་པར་ཐོན་སྐྱེད་བདེ་འཇགས་ཡོང་རྒྱུའི་འགན་ལེན་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་སྡེ་ཚན་དང་ཚན་པས་དེ་བས་བློ་ཐག་ཆོད་པ་དང་། དེ་བས་ནུས་ཤུགས་ལྡན་པ། དེ་བས་ཕན་ནུས་ལྡན་པའི་བྱ་ཐབས་སྤྱད་དེ“བདེ་འཇགས་ཐོན་སྐྱེད”ཀྱི་མ་མཐའི་མཚམས་ཐིག་དང་། དམར་ཐིག མཐོ་གནོན་གློག་སྐུད་བཅས་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པ་དང་ལས་འཛོལ་ཚབས་ཆེན་མི་ཐོན་པའི་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།