དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་་རྣམ་གྲངས་ཀྱི་ཆེད་དོན་སྙན་ཞུ་གསན་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-20

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིན་ཤས་གོང་ནག་ཆུ་ས་ཁུལ་དུ་ནག་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆེད་དོན་སྙན་ཞུ་གསན་སྐབས་ནག་ཆུ་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་དང་། ཆུ་མཁོ་སྤྲོད་མ་ལག་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ བཙོག་ཆུ་གཤོངས་འབུད་ལས་གྲྭ་བཅས་ལས་གྲྭ་ཁག་གསུམ་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་དམངས་འཚོའི་ལས་གཞི་གལ་ཆེན་ཡིན་པས་དེ་ནག་ཆུའི་ལས་གཞི་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་བྱ་བ་བཟང་པོ་ཡག་པོ་བསྒྲུབས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་ནག་ཆུའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་བའི་ནན་བཤད་གནང་བ་རེད།

    ཆུ་འགོ་གནས་ཡུལ་བཟོ་གྲྭ་དང་། ཆུ་དྭངས་སེལ་བཟོ་གྲྭ བཙོག་ཆུ་ཐག་གཅོད་བཟོ་གྲྭ ཚ་དྲོད་མཁོ་འདོན་བཟོ་གྲྭ་བཅས་སུ་བློ་བཟང་རྒྱལ་མཚན་གྱིས་ལས་གྲྭའི་ཨར་ལས་འཕེལ་རིམ་དང་། དོ་དམ་གཉེར་སྐྱོང་། ཐོན་སྐྱེད་ཕན་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་རྒྱ་ཆེའི་འཛུགས་སྐྲུན་པར་གཟིགས་པ་རེད། མིག་སྔར་ཆུ་མཁོ་སྤྲོད་བདེ་བླག་འཁོར་རྒྱུག་ཐུབ་པ་དང་བཙོག་ཆུ་གཤོངས་འབུད་འཁོར་རྒྱུག་ཚོད་ལྟའི་ཚད་གཞི་ལོན་པ་དང་། ཚ་དྲོད་མཁོ་འདོན་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ། ལས་གྲྭ་ཡོངས་ཀྱི་60%ཡན་ལེགས་སྒྲུབ་ཐུབ་ནས་འདི་ལོའི་ཟླ་བ་བཅུ་པར་ཚོད་ལྟའི་འཁོར་རྒྱུག་བྱེད་ཐུབ་རེ་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆེད་དོན་སྙན་ཞུ་གསན་རྗེས་མུ་མཐུད་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་སྟེ། གཅིག་ནས་འཕེལ་རིམ་ལ་དམ་འཛིན་གྱིས་ཨར་ལས་དུས་ཐོག་ཏུ་ཚར་དགོས་པ་དང་། གཉིས་ནས་ལྟ་སྐུལ་དོ་དམ་ལ་དམ་འཛིན་གྱིས་སྤུས་ཚད་འགན་ལེན་བྱེད་དགོས་པ། གསུམ་ནས་འགན་འཁྲི་དམ་འཛིན་གྱིས་ལྟ་བཤེར་ནན་པོ་བྱེད་དགོས་པ། བཞི་ནས་སྤྱི་འདོམས་ལ་དམ་འཛིན་གྱིས་སྐུལ་འདེད་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།