ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས་ཀྱི་སྒོ་བྱང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བའི་གནས་ཚུལ་ཡིན་པ།
ཟླ་7ཚེས་29ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེན་པོ་ཡོང་བ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་ཉམས་མྱོང་ཕྱོགས་སྡོམ་དང་སྤེལ་རེས་བྱས་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་སྔར་བས་སྐུལ་སློང་གཏིང་ཟབ་དང་། བསམ་བློ་གཅིག་གྱུར། ངོས་འཛིན་མཐོར་གཏོང་། མཉམ་ཤུགས་ཆགས་པ་བཅས་ཀྱི་ཐོག་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་མ་གཏོང་རྒྱུ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས་ཀྱི་སྒོ་བྱང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས《རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་སྔོན་ཐོན་ཚན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་ཚོར་སྣང་སྐྱེན་པོས་སྟངས་འཛིན་བྱས་ཏེ་རང་བྱུང་འཐུང་ཆུའི་ཐོན་ལས་དེ་རང་ལྗོངས་འདི་ཉིད་སྟོབས་ཆེར་གཏོང་བ་དང་དམངས་ཕྱུག་ཡོང་བར་བྱེད་པའི་ཐོན་ལས་སུ་འཛིན་ནས་གཙོ་གནད་ཐོག་བཏོད་པ་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་གཞི་ཁྱོན་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་པར་བྱེད་པ། ཐོན་རྫས་ཀྱི་སྤུས་ཀ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མགྱོགས་མྱུར་འཕེལ་རྒྱས་དང་། དབྱར་མཚོ་རྒྱས་པ་ལྟར་གྱི་གོང་འཕེལ། ཚན་རིག་དང་མཐུན་པའི་གོང་འཕེལ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་བྱེད་དགོས། “བོད་ཀྱི་ཆུ་བོ་ཡན་ལག་བརྒྱད་ལྡན”གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། སྤུས་ཀ་ལེགས་པ། རིག་གནས་ཟབ་པ་བཅས་ཡོད་པས་སྔོག་འདོན་གང་ལེགས་དང་བྱ་ཐབས་ཤུགས་ཆེར་བཏང་ནས“བོད་ཀྱི་ཆུ་བོ་ཡན་ལག་བརྒྱད་ལྡན”གྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཁྲོམ་རའི་དགོས་མཁོར་དབྱེ་ཞིབ་གནད་འཁེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འགོད་དགོས་པའི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ལེགས་ཆ་འདོན་སྤེལ་དང་། སྤུས་རྟགས་ཀྱིས་སྣེ་འཁྲིད་པ། ཁྲོམ་རའི་གཙོ་ཁྲིད། གོ་རིམ་ལྡན་པའི་གསར་སྤེལ་བཅས་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། ལེགས་ལྡན་ཐོན་ཁུངས་གཞི་བརྟེན་དུ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། སྤུས་རྟགས་བཏོད་པ་དང་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོར་གཏོང་དང་། གྲགས་ཅན་གཏོད་པ། གཞི་ཁྱོན་ལྡན་པ། ཁྲོམ་ར་གསར་འབྱེད་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་སྤུས་རྟགས་ཆེན་པོ་དང་། སྣ་ཁ་མང་པོ། ཚད་ལྡན་ཅན། ཁྲོམ་ར་ཅན་བཅས་ཀྱི་དམིགས་ཚད་ཕྱོགས་སུ་འབད་འཐབ་བྱས་ནས་ལོ་3ནས་5བར་གྱི་དུས་ཚོད་ནང་ལོར་ཐོན་ཚད་ཏུན་ཁྲི་500དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་400ཡན་གྱི་ཐོན་ལས་ཆེན་པོ་བཏོད་དེ་རྒྱལ་ཡོངས་ཀྱི་རང་བྱུང་འཐུང་ཆུ་འདོན་སྤྲོད་བྱ་ཡུལ་གལ་ཆེན་ཞིག་ཏུ་བསྐྲུན་དགོས་པ་སྟེ། གཅིག་ནས་འཆར་འགོད་ཀྱི་གྲུབ་ཚུལ་མངོན་གསལ་དགོས་པ་དང་། གཉིས་ནས་ཁྲོམ་རར་ཁྱབ་གདལ་ཤུགས་ཆེན་གཏོང་དགོས་པ། གསུམ་ནས་ལེ་ལག་ཚང་བའི་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་པ། བཞི་ནས་ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ། ལྔ་ནས“མ་མཐའི་མཚམས་ཐིག་གསུམ”བརྟན་སྲུང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། ལས་ཀའི་འགན་འཁྲི་གསལ་བཟོ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལྷོད་དུ་གཏོང་བ་དང་ལས་ཀ་དོན་འཁྱོལ་དམ་འཛིན་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་འཆར་གཞི་དང་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་བསམ་འཆར་རེ་རེ་བཞིན་དོན་འཁྱོལ་མགྱོགས་པོ་དང་གོམ་པ་རེ་ལ་རྗེས་ཤུལ་རེ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཏེ་རང་བྱུང་འཐུང་ཆུའི་ཐོན་ལས་འདི་ཉིད་རང་ལྗོངས་སྟོབས་ཆེར་གཏོང་བ་དང་དམངས་ཕྱུག་པོ་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སུ་བསྒྱུར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་འཆར་འགོད(བསམ་འཆར་བསྡུ་ལེན་མ་ཟིན)》དང《〈རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང〉གི་ལག་བསྟར་ཞིབ་སྲོལ(བསམ་འཆར་བསྡུ་ལེན་མ་ཟིན)》ཡིག་ཐོག་ནས་བཀྲམ་པ་རེད།