དབུ་ཤོག>སྲིད་དོན།
  • བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-29

    ཚེས་27ཉིན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཅུས་ཀྲང་པི་ཅིང་ཆོན་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཤིག་ཚིག་གསུངས་པ། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་མིང་ཀྲུའུ་ཡིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ཉེ་བའི་ལོ་ཤས་ནང་གི་སྤྱིའི་རོགས་སྐྱོར་ཐོབ་ཚུལ་ངོ་སྤྲོད་གནང་བ་རེད།

    པི་ཅིང་ཆོན་གྱིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ནི་ཆེས་གཞི་རྩའི་དམངས་འཚོ་དང་གལ་འགངས་ཆེ་ཤོས་ཀྱི་སྤྱི་པའི་བདེ་འཇགས་ཡིན་ལ་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་བྱེད་ཕྱོགས་སྲིད་ཇུས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་གྱི་དགོས་མཁོ་དངོས་དང་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས། མཁྲེགས་ཆས་ལེགས་སུ་གཏོང་བ་དང་མཉེན་ཆས་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་མཐའ་འཁྱོངས། “གཞན་བརྟེན”དང“རང་སྤེལ”གཅིག་གྱུར་མཐའ་འཁྱོངས། དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་རྒྱུ་མཐུན་སྦྱོར་མཐའ་འཁྱོངས་བཅས་བྱས་ནས་ཁ་གཏད་བོད་སྐྱོར་ལས་ཀའི་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པ་གོང་མཐོར་བཏང་སྟེ་ཤེས་ལྡན་པའི་རོགས་སྐྱོར་རྩ་བར་འཛིན་པ་དང་། ལག་རྩལ་རོགས་སྐྱོར་གཙོ་གནད་དུ་བྱེད་པ། རྣམ་གྲངས་རོགས་སྐྱོར་འདེགས་སྐྱོར་དུ་བྱེད་པ། མ་དངུལ་རོགས་སྐྱོར་འགན་ལེན་དུ་བྱེད་པ། ཐོན་ལས་རོགས་སྐྱོར་རྨང་གཞིར་བྱེད་པ་བཅས་བྱས་ཐོག་བོད་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཁྲིམས་སྐྱོང་སྒྲིག་ཆས། ཞིབ་དཔྱད་ཚད་ལེན་ལག་རྩལ། མི་སྣའི་བྱང་ཚད་བཅས་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    གཅིག་ནས་འཆར་འགོད་བཟོ་བ་དང་རྣམ་གྲངས་འཛུགས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། བོད་ཀྱི་བཟའ་བཅའི་བདེ་འཇགས་ཞིབ་དཔྱད་ཚད་ལེན་བྱེད་ནུས་སྐྲུན་པའི་རྣམ་གྲངས་ཀྱི་མ་དངུལ་མཐུན་སྦྱོར་ངང་དོན་འཁྱོལ་བྱས་ནས་བོད་ཀྱི་བཟའ་བཅའ་ལྟ་སྐུལ་དོ་དམ་ཅུས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ་དང་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱབ་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཀྲུང་གོ་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་གཏན་འཁེལ་ཞིབ་འཇུག་ཁང་། རྒྱལ་ཁབ་སྨན་རྫས་ཀྱི་སྨན་ལོག་ལྟ་ཞིབ་ཚད་འཇལ་ལྟེ་གནས་བཅས་ཀྱིས་མཛུབ་ཁྲིད་རོགས་རམ་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་ཚད་ལེན་དང་ལྟ་ཞིབ་ཚད་འཇལ་ནུས་པ་ཟམ་མི་ཆད་པར་གོང་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས་པ། གཉིས་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཁ་གཏད་རོགས་སྐྱོར་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ལས་བྱེད་པའི་སྤེལ་རེས་དང་། ལག་རྩལ་སྤེལ་རེས། དོ་དམ་སྤེལ་རེས་བཅས་ལ་སྣང་ཆེན་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་རོགས་སྐྱོར་བྱ་ཡུལ་ལ་ལས་བྱེད་པ་དང་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་ཕྱོགས་གཉིས་ག་སྦྱར་སྦྱོང་བརྡར་གྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་བསྡུར་ཚད་རིམ་བཞིན་ཆེ་རུ་གཏོང་དགོས་པ། གསུམ་ནས་མ་དངུལ་དང་རྣམ་གྲངས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། ཕྱོགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ཁ་གསབ་མ་དངུལ་སྤྲོད་སྐབས་བོད་ཀྱི་དམིགས་བསལ་རང་བཞིན་ལ་བསམ་གཞིག་གང་ལེགས་བྱེད་པ་དང་བོད་སྐྱོར་མ་དངུལ་རིམ་པ་དེ་གའི་སྲིད་གཞུང་གི་འཆར་འགོད་ནང་འཇུག་རྒྱུ་བརྩོན་ལེན་ཧུར་ཐག་བྱེད་དགོས། ཁྲིམས་སྐྱོང་སྒྲིག་ཆས་དང་། སྒྲིག་བཀོད་སྒྲིག་ཆས། ཁྲིམས་སྐྱོང་འཁོར་རིགས་བཅས་བཀོད་སྒྲིག་དང་ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཐད་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་ལྟ་ཞིབ་ཚད་འཇལ་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། བཞི་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཤིང་། བོད་སྨན་སྲུང་སྐྱོང་དང་གསར་སྤེལ་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་བོད་སྨན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཆེད་ལས་མཛུབ་ཁྲིད་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་དགོས། ཁྱད་ལྡན་ཟས་རིགས་དང་འཐུང་བྱ་དང་། འཕྲོད་སྦྱོར་ཟས་རིགས་ཞིབ་སྤེལ། འཕྲོད་འབྱོར་ཟས་རིགས་ཐོ་འགོད་བཅས་ཐད་ལག་རྩལ་གྱི་མཛུབ་ཁྲིད་བྱས་ནས་ཞིབ་མཆན་འགོད་མགྱོགས་སུ་གཏོང་དགོས། སྟོབས་ཤུགས་ལྡན་པའི་ཁེ་ལས་བོད་ཀྱི་ཁྱད་ལྡན་ལེགས་ལྡན་ཟས་རིགས་དང་སྨན་རྫས་ཐོན་ལས་མཉམ་ལས་གསར་སྤེལ་ནང་ཞུགས་ནས་བོད་ཀྱི་ཟས་རིགས་དང་སྨན་རྫས་ཐོན་ལས་གསར་གཏོད་ནུས་པ་ཆེ་རུ་དང་བོད་ཀྱི་ཁྱད་ལྡན་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཡུན་རིང་བོད་ཀྱི་ལས་དོན་དང་ལྷག་པར་དུ་བོད་ཀྱི་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བཟའ་བཅའ་དང་སྨན་རྫས་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དེས་བོད་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་ཁ་གཏད་བོད་སྐྱོར་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ནས་འབྲེལ་གཏུག་དང་། འབྲེལ་མཐུད། སྙན་ཞུ་བཅས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་ཡིན། ས་ཁུལ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བཟའ་བཅའ་དང་སྨན་རྫས་རོགས་སྐྱོར་རྣམ་གྲངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རོགས་སྐྱོར་མ་དངུལ་ཡག་པོ་སྤྱོད་པ་དང་བེད་སྤྱོད་ཕན་འབྲས་མཐོ་རུ་བཏང་ནས་མ་དངུལ་ཚང་མ་དགོས་མཁོ་ཆེ་ཤོས་སུ་སྤྱོད་དགོས། དུས་མཚུངས་སྨན་རྫས་དང་བཟའ་བཅའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པའི་ཞབས་ཞུར་སྔར་བས་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་ལས་སྒྲུབ་ལས་གཏོད་ཁོར་ཡུག་བཟང་པོ་གཏོད་དགོས། ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་ཤུགས་ཆེའི་རོགས་སྐྱོར། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་ཁོངས་གཏོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་ཡོད་སྟབས་བོད་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་བྱ་གཞག་ལ་སླར་ཡང་འོད་སྟོང་འབར་བ་དང་། སླར་ཡང་བྱས་རྗེས་གསར་པ་འཇོག་པ། སླར་ཡང་སྐས་རིམ་གསར་པར་སླེབས་པ་བཅས་ཡོང་རྒྱུ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།