དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆ་འཕྲིན་ཡོངས་བསྒྲགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིམ་མཐོའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་ཆབས་ཅིག《བོད་རང་སྐྱོང་ལྗོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྒྲིག་བཟོ་དང་ཐོ་འགོད་གཏན་འབེབས(བཟོ་བཅོས་འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ICགཱ་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་བསམ་འཆར(2015ནས་2020བར)》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་སྲིད་དོན་ཡོངས་བསྒྲགས་དང་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡོངས་བསྒྲགས་བྱེད་ཤུགས་དང་ཡོངས་བསྒྲགས་ཁྱབ་ཁོངས་ཆེ་རུ་དང་། ཡོངས་བསྒྲགས་ནང་དོན་ཟབ་ཏུ། ཡོངས་བསྒྲགས་ཐབས་ལམ་མང་དུ་བཅས་བཏང་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་བ་དང་། འདི་ལོའི་ལོ་འགོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆ་འཕྲིན་ཡོངས་བསྒྲགས་བྱེད་རྒྱུ་དེ་འདི་ལོའི་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་གིས་སྒྲིག་སྲོལ་དང་ལམ་སྲོལ་གྱི་རིམ་ངོས་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཚོགས་འདུའི་ཐོག་བོད་ཀྱི་དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་སྒོ་ནས་དྲང་སྙོམས་དང་། གཞུང་དྲང་། དངོས་འབྲེལ། ཡང་དག དུས་ཐོག དམངས་ཕན་བཅས་ཀྱི་རྩ་དོན་ལྟར་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་སྒྲིག་འཛུགས་འགོ་ཁྲིད་བྱེད་པའི་ཐད་སྔར་བས་ཤུགས་སྣོན་བརྒྱབ་པའི་ཁར་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་དང་། ལྟ་སྐུལ་འགན་སྲུང་ལམ་སྲོལ་དང་སྟེགས་བུ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱིས་དོ་ཁུར་ཟབ་མོ་བྱེད་པའི་སྤྱི་ཁོག་དཔལ་འབྱོར་དང་དམངས་འཚོ་ལེགས་གཏོང་སོགས་ཀྱི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་དང་། བཏོན་ཟིན་པའི་སྲིད་ཇུས་དང་ཁྲིམས་སྲོལ་གལ་ཆེན་ལ་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་ལ་ཡ་ལན་ཧུར་ཐག་སློག་རྒྱུ་བཅས་ཀྱི་ཁར། ད་དུང་མི་དམངས་མང་ཚོགས་ཀྱི་རེ་སྒུག་བཅས་ཚང་མ་སྲིད་གཞུང་གི་ཐབས་ཇུས་དང་ལས་དོན་ཁྲོད་བཅུག་ནས་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྒྲིག་བཟོ་དང་ཐོ་འགོད་ལ་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ན་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་ལུགས་གཅིག་གྱུར་དང་སྲིད་བཀའ་ཤར་འཕྲོད་འགན་ལེན། ཁྲིམས་ལུགས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བཅས་ལ་ཕན་པ་ཡོད། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྒྲིག་བཟོ་དང་ཐོ་འགོད་གཏན་འབེབས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ཡོ་བསྲང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བའི་ཁར། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དུས་བཀག་ལྟར་གཙང་བཤེར་བྱེད་པའི་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ཡིག་ཚགས་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཏེ་ཡིག་ཆ་ཡོད་ཚེ་ངེས་པར་དུ་ཐོ་འགོད་དང་། ཐོ་འགོད་བྱས་ཚེ་ངེས་པར་དུ་ཞིབ་བཤེར། ནོར་འཁྲུལ་ཡོད་ཚེ་ངེས་པར་དུ་ཡོ་བསྲང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་ཞེས་ནན་བཤད་གནང་བ་རེད། རང་བྱུང་ཁོར་ཡུག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་རིམ་སོགས་ཕྱི་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་སྟབས་རང་ལྗོངས་ཀྱི་ཤེས་ལྡན་མི་སྣ་གྲབས་གསོག་དང་ལྷག་པར་དུ་ཆེད་ལས་ལག་རྩལ་ཤེས་ལྡན་པ་ད་དུང་ཧ་ཅང་དཀོན་པོ་ཡོད་པ་རེད། དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཤེས་ལྡན་མི་སྣ་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ཁག་གཅིག་ནང་འདྲེན་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་པའི་དོན་སྙིང་དང་དགོས་གལ་ཆེན་པོ་ཡོད་པ་མ་ཟད་ད་དུང་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཀྱང་རེད། ཤེས་ལྡན་མི་སྣར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་སྐུལ་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཁྱད་ལྡན་ལེགས་ལྡན་ཐོན་ལས་དང་། གསར་གཏོད་ལས་གཏོད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པར་བྱེད་པ། ཕན་ཐོགས་ན་གཏོགས་ཁོངས་ལ་མི་ལྟ་བར་ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་སྣ་ཚོགས་ནང་འདྲེན་ཤུགས་ཆེན་བྱས་ནས་བོད་ལྗོངས་གསར་སྤེལ་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས།

    ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། དངུལ་རྩའི་ICགཱ་ནི་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་དང་དངུལ་རྩའི་ཞབས་ཞུ་ཚད་མཐོའི་མཉམ་བསྲེས་བྱེད་པའི་ཡོ་བྱད་ཅིག་ཡིན་པའི་ཆ་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཐོན་ཁུངས་ལེགས་ཆ་ཧ་ཅང་མངོན་གསལ་དོད་པོ་ལྡན་པ་དང་། དངུལ་རྩའི་ICགཱ་རྒྱ་ཁྱབ་ངང་བེད་སྤྱོད་བཏང་ན་རང་ལྗོངས་ཀྱི་དངུལ་ཁང་གཱ་ཡི་སྤྱིའི་ཉེན་འགོག་ནུས་པ་མཐོ་རུ་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་བློ་བདེ་དང་སྟབས་བདེའི་གཏོང་སྤྲོད་ཞབས་ཞུ་སྒྲུབ་པ། ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་པ་བཅས་ཀྱི་ཐད་ཕན་པ་ཡོད་པ་མ་ཟད། ད་དུང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ICགཱ་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་བསམ་འཆར(2015ནས་2020བར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཆབས་ཅིག“སྲིད་གཞུང་གིས་སྣེ་ཁྲིད་པ་དང་། ཁྲོམ་ར་འཁོར་སྐྱོད་བྱེད་པ། ཚད་གཞི་གཅིག་གྱུར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀར་ལྟ་རྟོག་བྱེད་པ། གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཐོག་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་དེང་བརྒལ་འོས་འཚམ་བྱེད་པ་དང་། འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་སྐུལ་འདེད་གཏོང་བ། དངུལ་རྩའི་ICགཱའི་བདག་སྤྲོད་ཁོར་ཡུག་རིམ་སྤོར་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ICགཱའི་ཐོན་རྫས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་དངུལ་རྩའི་ICགཱ་བེད་སྤྱོད་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གློག་རྡུལ་དངུལ་སྨར་བེད་སྤྱོད་གཏོང་ཚད་དང་དེའི་སྟབས་བདེ་རང་བཞིན་ཆེ་རུ་གཏོང་བ། སྒུལ་བདེའི་དངུལ་རྩ་འཕེལ་རྒྱས་གཏོང་བ། རང་ལྗོངས་སུ་དངུལ་རྩའི་ICགཱ་འཕེལ་རྒྱས་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་དངུལ་རྩས་དམངས་འཚོར་ཞབས་འདེགས་ཞུ་བ་དང་དངུལ་རྩས་དམངས་འཚོ་ལེགས་སུ་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།