དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-25

    185013_yis_1435116196310_s.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།

    ཚེས་17ནས་21ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་དང་པོར་ཕེབས་ཏེ་ས་གནས་ས་ཐོག་ཏུ་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་ལ་སྐུལ་གཏོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་ལག་བསྟར། དམངས་འཚོ་ལེགས་བཅོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།

    ཉིན་ཤས་བསྟུད་མར་བློ་བཟང་རྒྱལ་མཚན་གྱིས་ཐང་སྨད་དང་། ཕྲེད་ལུང་། ཉིང་ཁྲི་གྲོང་རྡལ་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་དང་། ཀླུ་ནང་ཁྱིམ་ཚང་མགྲོན་ཁང་། ཉང་ཆུ་ཆུ་ལོག་སྔོན་འགོག བྲག་ཡིབ་གྲོང་རྡལ་གྱི་གྲོང་ཁྱེར་གྱི་རྣམ་པ་བཅོས་སྒྲིག ཀརྨ་འདེབས་འཛུགས་གསོ་ཚགས་ཐད་འཚོང་ཁང་། ཉང་ཆུ་གཙང་པོའི་བདེ་སྐྱིད་ཁུལ་ཆུང་སོགས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་། དམངས་འཚོ་ལེགས་བཅོས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཅས་ཀྱི་རྣམ་གྲངས་ལ་བརྟག་ཞིབ་གནང་བ་རེད། ཕྲེད་ལུང་ས་ཚུགས་རྣམ་གྲངས་འཆར་འགོད་བྱེད་བཞིན་ཡོད་པས་བློ་བཟང་རྒྱལ་མཚན་གྱིས་བརྟག་ཞིབ་གནང་ཞོར་དུ་ངོ་སྤྲོད་གསན་པ་མ་ཟད། ཁྱིམ་ཚང་མགྲོན་ཁང་ཞིག་ཏུ་ཕེབས་ཏེ་རང་འགུལ་ངང་ཡུལ་སྐོར་བ་དང་སྦྱིན་བདག་སོགས་དང་གླེང་མོལ་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞུང་ལམ་318ཀྱི་ལམ་མཛེས་ཤོས་ལ་བརྟེན་ནས་ཁྱད་ཆོས་ཟབ་མོ་ལྡན་པའི་ཡུལ་སྐོར་ཞབས་ཞུའི་ས་ཚིགས་ཁག་གཅིག་སྐྲུན་དགོས་ངེས་ཡིན་པས་ཁྱད་ཆོས་མངོན་གསལ་དོད་པ་དང་སྤུས་ཚད་མཐོར་གཏོང་གིས་མི་རྩ་བར་འཛིན་ཏེ་འཆར་འགོད་ཡག་པོ་བྱས་ཐོག་ཡུལ་ལྗོངས་མཛེས་ཤོས་དེ་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་ཡིད་དབང་འཕྲོག་པ་ཞིག་ཏུ་གཏོད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་གནང་ནས་ཆེད་མངགས་རྣམ་གྲངས་འཛུགས་སྐྲུན་ཁུལ་དུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་གློག་སྒྱུར་ས་ཚིགས་དང་། བཙོག་ཆུ་ཐག་གཅོད་བཟོ་གྲྭ ཆུ་ལོག་སྔོན་འགོག་ལས་གྲྭ གྲོང་ཁྱེར་གྱི་སྒྲིག་བཀོད། ཀླུ་ནང་སློབ་ཆུང་། སྲིད་དོན་ལྟེ་གནས། ཚོང་ལས་ཁྲོམ་གཞུང་གི་རྣམ་གྲངས་བཅས་དང་དེ་བཞིན་ཧེང་ཏ་ཚོགས་པ་དང་། པའོ་ལི་ཚོགས་པ། ཀོང་ཏུང་ཡུལ་སྐོར་མ་རྐང་ཚོད་འཛིན་ཨར་ཁང་གི་རྣམ་གྲངས་སོགས་སྐྲུན་ཚུལ་ལ་གཟིགས་པ་མ་ཟད། ས་གནས་ས་ཐོག་ཏུ་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་གྱི་གནས་ཚུལ་སྙན་ཞུའང་གསན་ཞིང་། ཁོང་གིས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ནི་ཀོང་ཏུང་གི་བོད་སྐྱོར་རྣམ་གྲངས་ཤིག་ཡིན་ལ། འཛམ་གླིང་ཐོག་བོད་ཀྱི་ཡུལ་སྐོར་ལ་ཤུགས་རྐྱེན་བཟང་པོ་ཐེབས་པའི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན་པས་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་ཟབ་མོ་ལྡན་པའི་དཔེ་མཚོན་དུ་འགྱུར་ངེས་རེད། མིག་སྔར་རྣམ་གྲངས་འཛུགས་སྐྲུན་དེ་འགག་སྒྲོལ་ཐག་གཅོད་དམག་འཐབ་ཀྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད་པས་ཉིང་ཁྲི་གྲོང་ཁྱེར་དང་ཀླུ་ནང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ཚད་མཐོའི་མཐོང་ཆེན་བཅས་བྱས་ཏེ་འཁོར་སྐྱོད་དོ་དམ་གྱི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་འཆར་འགོད་སྣེ་འདྲེན་དུ་བྱེད་པ་དང་སྤུས་ཚད་ལྟེ་བར་བྱས་ཏེ་ཀླུ་ནང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་མ་མྱུར་པོ་གཏོང་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་དང་རྫོང་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་གསན་རྗེས་ཉིང་ཁྲི་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་ཉིང་ཁྲི་གྲོང་ཁྱེར་འགྱུར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཞིང་། ཁོང་གིས་འདི་ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས་དོན་ཆེན་མང་ལ་བཀྲ་ཤིས་པའི་བྱ་བ་མང་བ་དང་ལས་དོན་གལ་ཆེན་ཡང་མང་བས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ། གཅིག་ནས་ལེགས་ཆའི་གོ་སྐབས་དམ་འཛིན་གྱིས་བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད། རང་འགུལ་ངང་བྱ་བ་སྒྲུབ་པ་དང་འཕེལ་རྒྱས་མྱུར་པོ་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་། མི་རིགས་མཐུན་སྒྲིལ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན། སྣོད་བཅུད་ཡུལ་སྐོར་ལྟེ་གནས། ནུས་རྒྱུ་གཙང་མའི་རྟེན་གཞི་བཅས“སྔོན་ལ་ལྔ”མངོན་འགྱུར་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་རྣམ་གྲངས་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་མ་བཏང་ནས“རྣམ་གྲངས་དམ་འཛིན་བྱ་རྒྱུ་དེ་ནི་དཔལ་འབྱོར་དམ་འཛིན་དང་འཕར་རྒྱུར་བརྟན་པོ་ཡོང་བ་བྱེད་པ་ཞིག་དང་། གཏིང་ཤུགས་ཆེ་རུ་གཏོང་བ་དང་རྨང་གཞི་འདིང་བ་ཞིག འཕེལ་རྒྱས་དམ་འཛིན་དང་མཆོང་སྐྱོད་ལ་སྐུལ་མ་གཏོང་བ་ཞིག”བཅས་ཡིན་པའི་འདུ་ཤེས་ཟབ་པོ་བཙུགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་རྣམ་གྲངས་འཆར་འགོད་ཡག་པོ་བྱས་ཏེ་བོད་སྐྱོར་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་མ་ཏན་ཏིག་བཏང་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་ཡོང་བ་བྱེད་དགོས་པ། གསུམ་ནས་སྣོད་བཅུད་ཡུལ་སྐོར་ལྟེ་གནས་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལམ་སྲོལ་གསར་གཏོད་དང་། འཚོལ་ཞིབ་བྱེད་ཕོད་པ། ཁྲོམ་རར་བརྟེན་པ། ཡུལ་སྐོར་དམངས་ཕྱུག་བཅས་ཡོང་བ་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་དང་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་དགོས་པ། བཞི་ནས་སྤྱི་ཚོགས་བྱ་གཞག་དང་དབུལ་སྐྱོར་གསར་སྤེལ་ཡག་པོ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་གསོ་ཡག་པོ་སྤེལ་ནས་རྫོང་སྨན་ཁང་གི་ཚད་ལྡན་ཅན་དང་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་རྒྱུར་སྐུལ་མ་ཤུགས་ཆེན་བཏང་སྟེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་དང་བྱ་གཞག་གསར་གཏོད་ཡོང་བ་དང་སྤྱི་ཚོགས་ཕན་བདེ་ཡག་པོ་སྒྲུབ་པ་དང་དབུལ་སྐྱོར་གནད་འཕིགས་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས་པ། ལྔ་ནས་སྒྱུར་བཅོས་སྒོ་དབྱེར་དམ་འཛིན་ཡག་པོ་བྱས་ཏེ་ཁྲོམ་ར་འཕེལ་རྒྱས་དང་ཁྲོམ་རའི་གཙོ་གཟུགས་རྒྱ་སྟོབས་ཆེ་རུ་བཏང་ཐོག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྲིད་དོན་ཞབས་ཞུ་ལེགས་སུ་བཏང་ནས་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བྱེད་དགོས་པ། དྲུག་ནས་འཆར་འགོད་ཀྱི་སྣེ་འདྲེན་དེར་དམ་འཛིན་ནན་པོ་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་། ནུས་པ་ཚན་རིག་དང་ལྡན་པ། སྣོད་བཅུད་བཟང་བ། དོ་དམ་ཞིབ་ཚགས། འཆར་འགོད་ལེགས་པ་བཅས་ཀྱི་གཟབ་ནན་རང་བཞིན་ཆེ་རུ་གཏོང་བ་དང་ཞིབ་ཆར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ། བདུན་ནས་ཁྲིམས་སྐྱོང་འཛུགས་སྐྲུན་དམ་འཛིན་ནན་པོ་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དོན་འཁྱོལ་གྱིས་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་ནས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།