དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-24

    ལྷ་ཉིང་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་གྲབས་ཡོད་པའི་མཚམས་དེར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉེ་དུས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་བརྟག་ཞིབ་གནང་སྐབས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པས་ལམ་རྒྱུད་ཀྱི་རིམ་ཁག་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སློབ་སྦྱོང་བྱ་རྒྱུ་དེ་སྒུལ་ཤུགས་སུ་བརྩིས་ནས་ལས་བཟོ་ཡོངས་ཀྱིས་ཞབས་ཞུ་དང་། ཁྱོན་ཡོངས་ནས་ཞབས་ཞུ། ལམ་ཚད་ཧྲིལ་པོར་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་ཞུ་བཅས་བྱས་ཏེ་བོད་ལྗོངས་དེ་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་དུམ་བུའི་ལམ་ཐིག་གི་ངོས་སྙོམས་བཅད་ཁའི་མཚོན་བྱེད་དཔེ་རིས་མདུན་དུ་བློ་བཟང་རྒྱལ་མཚན་གྱིས་འཛུགས་སྐྲུན་བཀོད་སྒྲིག་དང་རྣམ་གྲངས་འོས་སྐུལ་འོས་དཔོད་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་རེད།ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའི་འགན་འཁུར་མི་སྣས་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོའི་རིང་ཚད་སྤྱི་ལེ་402ཟིན་པར་རགས་རྩིས་མ་དངུལ་སྒོར་དུང་ཕྱུར་366གཏོང་རྒྱུ་དང་འཆར་འགོད་ལས་ཡུན་ལོ་7ཡིན་པ་རེད། ཟམ་ཕུག་གིས་74.6%བཟུང་བ་དེའི་ནང་བསམ་གྲུབ་གླིང་ཕུག་ལམ་དང་། བྲག་གཡུ་ཕུག་ལམ། བྲག་གཡུ་ལམ་ཐིག་གསུམ་གྱི་ཟམ་ཆེན་བཅས་ན་ནིང་ཟླ་བཅུ་གཉིས་པར་སྔོན་ཚུད་ནས་ལས་འགོ་ཚུགས་ཤིང་། མིག་སྔར་ལམ་ཐིག་ཧྲིལ་པོའི་འོས་སྐུལ་འོས་དཔོད་ཀྱི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ནས་ཟླ་དྲུག་པའི་ཟླ་མཇུག་ཏུ་ལམ་ཐིག་ཧྲིལ་པོའི་ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་ཁག་བསྒྲུབས་ཟིན་ཞེས་ངོ་སྤྲོད་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཁྱོན་ཡོངས་ནས་ལས་འགོ་མ་ཚུགས་གོང་གི་ལས་དོན་ཁག་གི་འཕེལ་རིམ་ལ་ཁས་ལེན་གང་ལེགས་གནང་བ་དང་ལྕགས་ལམ་འཛུགས་སྐྲུན་པ་དང་ས་གནས་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལས་དོན་ཏན་ཏིག་ངང་སྤེལ་ནས་ལས་གྲྭའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ཕྱག་རྟགས་གྱ་ནོམ་པ་ཞིག་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་ཁོང་གིས་ལྷ་ཉིང་ལྕགས་ལམ་ནི་ཁྲོན་བོད་དང་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ལྷོ་ནུབ་མཐའ་མཚམས་དང་མེས་རྒྱལ་ནང་ས་སྦྲེལ་མཐུད་ཀྱི་སྐམ་ལམ་བགྲོད་ལམ་གལ་ཆེན་ཞིག་རེད། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལྗོངས་ཕྱི་ནང་ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཇུར་མིག་གི་ཚོད་འཛིན་མེད་པ་བཟོ་བ། མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། ལྕགས་ལམ་འཛུགས་སྐྲུན་པ་དང་ས་གནས་ཕྱོགས་གཉིས་པོས་རྒྱུན་སྲོལ་གྱི་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། རང་འགུལ་ཞབས་ཞུ་བྱེད་པ། དམིགས་བསལ་ལས་དོན་དམིགས་བསལ་གྱིས་སྒྲུབ་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།