དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲིའི་གཞུང་ལམ་གྱི་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-22

    རང་ལྗོངས་ཀྱི་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་གཙོ་གནད་རྣམ་གྲངས་ཡིན་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་སྨན་གླིང་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་མཐའ་མའི་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད་པ་རེད། ཟླ་6ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་སླར་ཡང་ཉིང་ཁྲིར་ཕེབས་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ཉིང་ཁྲིའི་དུམ་བུ་དང་ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་ཧྲིལ་པོར་བརྟག་ཞིབ་གནང་ཞིང་། ཁོང་གིས་ཁྱོན་ཡོངས་ལ་གཞི་ཚུགས་ནས་གཞུང་ལམ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་གལ་ཆེའི་དོན་སྙིང་གསལ་ཤེས་གང་ལེགས་ཐུབ་པ་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག འབད་འབུངས་ཧུར་ལེན། མགོ་ཡོད་མཇུག་ཡོད་བཅས་ཀྱི་ཐོག་ནས་གཏན་འཁེལ་གྱི་དུས་ཚོད་ནང་ལས་གྲྭའི་འཛུགས་སྐྲུན་ལས་འགན་ཁག་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་བྱས་ཐོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བར་ཕྱག་རྟགས་གྱ་ནོམ་པ་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་ཉང་ཆུ་ཟམ་ཆེན་དང་། མདོ་བུ་ཁུག་ཁུལ་ཟམ་ཆེན། ཁོར་ཡུག་སྲུང་སྐྱོང་སླར་གསོའི་ལམ་དུམ། ཀོང་པོ་རྒྱ་མདའི་ཕུག་ལམ་སོགས་སུ་ཕེབས་ནས་ལས་གྲྭའི་འཛུགས་སྐྲུན་འཕེལ་རིམ་དང་། བདེ་འཇགས་དོ་དམ། ཁོར་ཡུག་སྲུང་སྐྱོང་སོགས་ལས་གྲྭ་ཕྱོགས་གང་ས་ཅི་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་འགོ་ཚུགས་ནས་ལོ་གཉིས་ལྷག་ཙམ་སོང་ཚུན་བློ་བཟང་རྒྱལ་མཚན་དེ་ཁུལ་གྱི་ལས་གྲྭ་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བར་ཕེབས་ཐེངས་བདུན་པ་ཡིན་པ་རེད། མིག་སྔར་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཉིང་ཁྲི་དུམ་བུར་མ་འཇོག་བྱེད་ཚད་90%ཡན་ཟིན་ཡོད་པ་དང་། ད་ལྟ་གཅིག་སྡུད་སྣུམ་ལམ་འདིང་བ་དང་། འཕྲུལ་གློག་སྤྱོད་པ། ཁོར་ཡུག་སྲུང་སྐྱོང་དང་། ཤིང་འཛུགས་སོགས་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་བཞིན་ཡོད་ཅིང་། སྔོན་དཔག་ལྟར་ན། འདི་ལོའི་ཟླ་7པའི་ཟླ་མཇུག་ཏུ་ལས་གྲྭའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

    ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ནི་རང་ལྗོངས་ཀྱི་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་མཚོན་པའི་གཙོ་གནད་ལས་གྲྭ་ཞིག་ཡིན་པ་དང་། རྣམ་གྲངས་དེར་ཚོད་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་28བཏང་ཡོད་པ་དང་། 2014ལོའི་ཟླ་8པར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་མིག་སྔར་མ་འཇོག་བསྡོམས་འབོར་གྱི་70%ལེགས་གྲུབ་ཟིན་ཡོད་པ་རེད། བློ་བཟང་རྒྱལ་མཚན་སྒང་དཀར་ཟམ་ཆེན་དང་སྤང་ནག་ཉང་ཆུའི་ཟམ་ཆེན་གྱི་ལས་ཡུལ་དུ་རྐང་ཐང་མར་ཕེབས་ནས་ཟམ་སྒྲོམ་སྒྲིགས་པའི་ལས་དོན་ལ་གཟིགས་ཐོག་ཚང་མས་མུ་མཐུད་སྒྲིག་འཛུགས་ཞིབ་ཚགས་དང་། ལས་དུས་དམ་འཛིན། དཀའ་ངལ་ལས་རྒྱལ་བ། ཚད་ལྡན་གྱི་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག འབད་འབུངས་ཧུར་བརྩོན་བཅས་ཀྱི་ཐོག་ནས་བོད་ཀྱི་མི་དམངས་རྣམས་ལ་བློ་ཡིད་ཚིམས་པའི་སྤུས་ཚད་མཐོ་བའི་ལས་གྲྭ་ཞིག་བསྐྲུན་དགོས་པའི་སྐུལ་ལྕག་གནང་བ་རེད།

    བརྟག་ཞིབ་ཀྱི་བརྒྱུད་རིམ་ནང་བློ་བཟང་རྒྱལ་མཚན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་སྐབས་གསར་པའི་སྲིད་གཞུང་གིས་སེམས་ཐག་གཙང་བཅད་ངང་འགྲིམ་འགྲུལ་སྐྱེལ་འདྲེན་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འཐབ་ཇུས་བཏོན་ནས། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཚོད་འཛིན་གྱི་གནད་དོན་ཐག་གཅོད་བྱས་ཐོག་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་སྨན་གླིང་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་སོགས་གལ་ཆེའི་རྣམ་གྲངས་ཁག་གཅིག་བསྐྲུན་འགོ་ཚུགས་ཡོད། གལ་ཆེའི་ཐབས་ཇུས་དེ་དག་ནི་རྦད་དེ་ཡང་དག་ཡིན་པ་ལག་ལེན་དངོས་ནས་ར་འཕྲོད་ཐུབ་པ་དང་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་ཡོད། ལས་གྲྭ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དངུལ་རྩ་འདེགས་ཤིང་དུ་བྱེད་པ་དང་། ཁྲོམ་རས་སྐུལ་འདེད་གཏོང་བ། གསར་གཏོད་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་རྣམ་གྲངས་ཚབ་སྐྲུན་ལམ་ལུགས་དང་། “རིམ་པ་གཉིས”ཀྱི་ལྟ་སྐུ་དོ་དམ། གས་རས་དང་སྣོད་བཅུད་རས་ཕད་སོགས་ཀྱི་འདུ་ཤེས་གསར་པ་དང་། ལམ་སྲོལ་གསར་པ། ལག་རྩལ་གསར་པ་སོགས་སྤྱད་པས་དགུན་དུས་ལས་མཚམས་མི་འཇོག་པ་དང་། ཚད་གཞི་ཅན་གྱི་འཛུགས་སྐྲུན་ཐུབ་པ། ལས་གྲྭའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་བཅས་བྱུང་ནས་ཕན་འབྲས་བཟང་པོ་ཐོན་ཏེ་རང་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་ཚད་གཞི་གསར་པ་བཏོད་ཡོད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་འབྲེལ་ཡོད་སྡེ་ཚན་དང་། ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་བཅས་ཀྱིས་སྔར་ལས་ལྷག་པའི་ངང་བསམ་བློ་གཅིག་གྱུར་གྱིས་སྤུས་ཚད་དང་བདེ་འཇགས་འགན་ལེན་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག དུས་ཚོད་དམ་འཛིན་དང་འཕེལ་རིམ་མགྱོགས་སུ་བཏང་ནས་ལས་གྲྭའི་འཛུགས་སྐྲུན་ལས་འགན་ཁག་དུས་ཐོག་ཏུ་ལེགས་གྲུབ་བྱེད་དགོས་ཏེ། གཅིག་ནས་རྒྱུན་མཐུད་ངང་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་ལ་དམ་འཛིན་བྱེད་དགོས་ཤིང་། ལས་གྲྭའི་སྤུས་ཚད་ཚེ་གང་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཇི་ཙམ་འགག་རྩའི་དུས་སུ་དེ་ཙམ་གྱིས་ལས་གྲྭའི་སྤུས་ཚད་དང་སྤུས་ལེགས་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་ལྷོད་གཡེང་གཏོང་མི་ཉན་པ་དང་། གཉིས་ནས་མུ་མཐུད་དེ་ལས་གྲྭའི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཤིང་། སྔར་ལས་ལྷག་པའི་ངང་སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་གཏོང་ལ་ཤུགས་སྣོན། ཚན་རིག་དང་མཐུན་པའི་ངང་ཨར་སྐྲུན་བཅས་བྱས་ནས་ལས་གྲྭ་དུས་བཀག་བཞིན་ལས་འཇུག་འགྲིལ་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་རྒྱུན་མཐུད་ངང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དམ་འཛིན་བྱེད་དགོས་ཤིང་། གཞུང་ལམ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་དུས་གཅིག་ཏུ་སྤེལ་བ་དང་། ལས་ཡུལ་གཙང་བཟོ་དང་སྣོད་བཅུད་སླར་གསོ་དུས་གཅིག་ཏུ་བྱེད་པ། ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཤིང་འཛུགས་ནགས་བཟོ་དུས་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་ལས་གྲྭ་གཏོད་དགོས་པ། བཞི་ནས་མུ་མཐུད་བདེ་འཇགས་དོ་དམ་ལས་དོན་ལ་དམ་འཛིན་བྱེད་དགོས་ཤིང་། བདེ་འཇགས་དང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་བསམ་གཞི་དམ་སྲུང་དང་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ། ལྔ་ནས་མུ་མཐུད་དེ་མཐུན་སྦྱོར་མཉམ་འགུལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། མུ་མཐུད་དེ་རིམ་ཁག་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་དང་འགན་ལེན་ནུས་པ་འདོན་སྤེལ་གྱིས་ཀུན་སེམས་གཅིག་སྒྲིལ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཐོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ཕྱག་རྟགས་གྱ་ནོམ་པ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།