དབུ་ཤོག>སྲིད་དོན།
  • 《བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག》

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-21

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2015]ཡིག་ཨང་3པ།

    《བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག》འདི་2015ལོའི་ཟླ་དང་པོའི་ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2015ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།  2015ལོའི་ཟླ་1ཚེས་16ཉིན།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    ལེའུ་གསུམ་པ། ཐོག་ཟོན་ལས་གྲྭ

    ལེའུ་བཞི་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཞིབ་དཔྱད་ཚད་ལེན།

    ལེའུ་ལྔ་པ། ཐོག་གི་གནོད་འཚེའི་བརྟག་དཔྱད་དང་། འཕྲལ་སྡོམ་རོགས་སྐྱོབ། དེ་བཞིན་ཉེན་ཁ་ཚོད་སྐོར།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བདུན་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    དོན་ཚན་དང་པོ། ཐོག་གི་གནོད་འཚེ་འགོག་ཟོན་དང་གནོད་འཚེ་སེལ་ཐབས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་དཔྱད་བཅའ་ཁྲིམས》དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ཐོག་ཟོན་གེགས་སེལ་གྱི་ལས་དོན་སྒྲུབ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་ཟོན་གེགས་སེལ་ཞེས་པ་ནི་ཐོག་གི་གནོད་འཚེ་འགོག་ཟོན་དང་ཐོག་གི་གནོད་འཚེ་སེལ་བའི་ལས་དོན་ཞིག་ཡིན་ཞིང་། དེའི་ནང་ཐོག་དང་ཐོག་ལས་འབྱུང་བའི་གནོད་འཚེར་ཞིབ་འཇུག་དང་། ལྟ་ཞིབ་ཚད་ལེན། སྔོན་ཚུད་ཉེན་བརྡ། དེ་ལྟར་འགོག་སྲུང་བཅས་དང་། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན། དེ་བཞིན་ཐོག་གི་གནོད་འཚེར་བརྟག་དཔྱད་དང་། འཕྲལ་སྡོམ་རོགས་སྐྱོབ། དཔྱད་འདོམས། དེ་བཞིན་ཉེན་ཁ་ཚོད་སྐོར་སོགས་ཚུད་ཡོད།

    དོན་ཚན་གསུམ་པ། ཐོག་ཟོན་གེགས་སེལ་གྱི་ལས་དོན་ཐད་བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་བཟུང་། འགོག་བཅོས་ཟུང་འབྲེལ། གཅིག་གྱུར་འཆར་འགོད། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་དོ་དམ་བཅས་ཀྱི་རྩ་དོན་ལག་བསྟར་བྱ་རྒྱུ།

    དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོག་ཟོན་གེགས་སེལ་གྱི་ལས་དོན་ཐད་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཐོག་ཟོན་གེགས་སེལ་གྱི་གྲོན་དངུལ་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོག་གི་གནོད་འཚེར་འགོག་ཟོན་བྱེད་པའི་འཆར་འགོད་བཟོ་སྒྲིག་བྱེད་དགོས་པ་མ་ཟད། དེ་ལྟར་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་ནང་དུའང་འཇུག་དགོས།ཐོག་ཟོན་གེགས་སེལ་གྱི་ལས་དོན་དེ་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལས་ཀའི་ཁྱབ་ཁོངས་ནང་འཇུག་དགོས།

    དོན་ཚན་ལྔ་པ། རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་རང་རང་སྲིད་འཛིན་ས་ཁོངས་ནང་གི་ཐོག་ཟོན་གེགས་སེལ་གྱི་ལས་ཀའི་འགན་འཁུར་རྒྱུ། གནམ་གཤིས་གཙོ་འགན་ལས་ཁུངས་བཙུགས་མེད་པའི་རྫོང(གྲོང་ཁྱེར་དང་ཆུད)ཁག་གི་ཐོག་ཟོན་གེགས་སེལ་གྱི་ལས་དོན་རྣམས་རིམ་པ་གཅིག་གིས་མཐོ་བའི་གནམ་གཤིས་གཙོ་འགན་ལས་ཁུངས་ནས་འགན་འཁུར་རྒྱུ།རིམ་ཁག་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྲིམས་ལྟར་ཐོག་ཟོན་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་དྲུག་པ། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་ཐོག་ཟོན་གེགས་སེལ་གྱི་ལག་རྩལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོག་ཟོན་གེགས་སེལ་བྱ་རྒྱུའི་ཐད་ཀྱི་ཚན་རྩལ་ཁྱབ་གདལ་དང་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་ནས་སྤྱི་དམངས་ཀྱི་ཐོག་ཟོན་དང་། ཐོག་ཉེན་གཡོལ་ཐབས། གནོད་འཚེ་སེལ་རྒྱུ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།སློབ་གྲྭ་འབྲིང་ཆུང་གིས་ངེས་པར་དུ་ཐོག་ཟོན་གེགས་སེལ་གྱི་ཤེས་བྱ་རྣམས་བདེ་འཇགས་སློབ་གསོའི་ནང་དོན་ཁོངས་སུ་བཅུག་སྟེ་སློབ་མའི་ཐོག་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    དོན་ཚན་བདུན་པ། ཐོག་ཟོན་གེགས་སེལ་ཐད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་རང་སྐྱོང་ལྗོངས་ནས་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཐོག་ཟོན་ཐད་ཀྱི་ཚན་རྩལ་ཞིབ་འཇུག་འབྲས་བུ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ། ཐོག་ཟོན་ཚད་ལྡན་ཅན་དུ་འགྱུར་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཐོག་ཟོན་གྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ལེའུ་གཉིས་པ། ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ། དེ་བཞིན་ཁྱབ་བསྒྲགས།

    དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལུགས་མཐུན་ཁྱབ་བཀོད་དང་། ཆ་འཕྲིན་མཉམ་སྤྱོད། ནུས་ལྡན་བེད་སྤྱོད་བཅས་ཀྱི་རྩ་དོན་གཞིར་བཟུང་། ཐོག་ཉེན་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་དགོས།

    དོན་ཚན་དགུ་པ། རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་ཐོག་གི་གནོད་འཚེ་འགོག་ཟོན་བྱ་རྒྱུའི་དགོས་མཁོ་ལྟར་ཐོག་ཉེན་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནོད་འཚེ་འགོག་ཟོན་དང་ཐོག་ཉེན་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་རྣམས་རོགས་སྐྱོབ་སྡེ་ཚན་ལ་འཕྲལ་མར་མཁོ་འདོན་བྱེད་དགོས།

    དོན་ཚན་བཅུ་པ། རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་ཐོག་གི་གནོད་འཚེའི་ཐད་ཀྱི་སྔོན་ཚུད་ཉེན་བརྡའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོན་ཚུད་ཉེན་བརྡ་དང་ཐོག་ཟོན་གེགས་སེལ་ཐད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།

    དོན་ཚན་བཅུ་གཅིག་པ། རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་རང་སྲིད་འཛིན་ས་ཁོངས་ནང་གི་ཐོག་རྒྱག་ཚད་ལ་གཞིགས་ནས་ཐོག་ཉེན་བྱུང་སླ་བའི་ཁུལ་དབྱེ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ལའང་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། ཐོག་གི་གནོད་འཚེའི་སྔོན་བརྡ་དང་། ཉེན་བརྡ། སྔོན་ཚུད་ཉེན་བརྡ་བཅས་ཀྱི་འཕྲིན་བརྡ་རྣམས་གནམ་གཤིས་གཙོ་འགན་ལས་ཁུངས་ཁོངས་གཏོགས་ཀྱི་གནམ་དཔྱད་ས་ཚུགས་ནས་གཅིག་གྱུར་ཐོག་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་པ་ལས། དེ་མིན་གྱི་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་སྤྱི་ཚོགས་ལ་ཐོག་གི་གནོད་འཚེའི་སྔོན་བརྡ་དང་། ཉེན་བརྡ། སྔོན་ཚུད་ཉེན་བརྡ་བཅས་ཀྱི་འཕྲིན་བརྡ་གཏོང་མི་ཆོག

    ལེའུ་གསུམ་པ། ཐོག་ཟོན་ལས་གྲྭ

    དོན་ཚན་བཅུ་གསུམ་པ། ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དང་ཨར་ལས་བྱེད་མཁན་ཚན་པ་ཡིན་ཕྱིན་ངེས་པར་དུ་ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དང་ཨར་ལས་བྱེད་ཆོག་པའི་འོས་ཐོབ་ཡོད་དགོས། ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དམ་ཡང་ན་ཨར་ལས་བྱེད་ཆོག་པའི་འོས་ཐོབ་དེ་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ངོས་གཏན་བྱེད་དགོས།

    དོན་ཚན་བཅུ་བཞི་པ། ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དང་ཨར་ལས་ཚན་པས་ངེས་པར་དུ་གཏན་འབེབས་གཞིར་བཟུང་། རང་གི་འོས་ཐོབ་གདང་རིམ་གྱི་ཆོག་འཐུས་ཁྱབ་ཁོངས་སུ་ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དང་ཨར་ལས་བྱེད་དགོས། འོས་ཐོབ་མེད་པའམ་ཡང་ན་འོས་ཐོབ་ཆོག་འཐུས་ཁྱབ་ཁོངས་ལས་བརྒལ་ཏེ་ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དམ་ཡང་ན་ཨར་ལས་བྱེད་རིགས་མི་ཆོག

    དོན་ཚན་བཅོ་ལྔ་པ། ཐོག་ཟོན་ལས་གྲྭའི་ཆེད་ལས་ཇུས་འགོད་དང་ཨར་ལས་བྱེད་མཁན་ལ་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཆེད་ལས་ལག་རྩལ་གྱི་ཆ་རྐྱེན་ཚང་དགོས།

    དོན་ཚན་བཅུ་དྲུག་པ། ཐོག་ཟོན་ལས་གྲྭའི་ཨར་ལས་ཚན་པས་ངེས་པར་དུ་ཞིབ་དཔྱད་ཆོག་མཆན་ཐོབ་པའི་ཐོག་ཟོན་ལས་གྲྭའི་ཇུས་འགོད་དང་ཇུས་གཞི་ལྟར་ཨར་ལས་བྱེད་དགོས་པ་མ་ཟད། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱི་ལྟ་སྐུལ་དང་ལག་རྩལ་མཛུབ་ཁྲིད་ཀྱང་དང་ལེན་ཞུ་དགོས།

    དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་ཁོངས་གཏོགས་མིན་པའི་ཐོག་ཟོན་ལས་གྲྭ་ཇུས་འགོད་དང་ཨར་ལས་ཆེད་ལས་ཚན་པས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ཐོག་ཟོན་ལས་གྲྭའི་ཇུས་འགོད་དང་ཨར་ལས་བྱེད་སྐབས་ངེས་པར་དུ་རང་སྐྱོང་ལྗོངས་གནམ་གཤིས་གཙོ་འགན་ལས་ཁུངས་ལ་ཐོ་འགོད་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཇུས་འགོད་དང་ཇུས་གཞི་རྣམས་ངེས་པར་དུ་ས་ཁུལ་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ལ་ཞིབ་དཔྱད་བྱ་རྒྱུར་འབུལ་དགོས། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་རེ་འདུན་ཞུ་ཡིག་ལག་འབྱོར་བྱུང་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་10ཡི་ནང་ཚུན་དུ་ཞིབ་དཔྱད་བྱེད་དགོས། བླང་བྱ་དང་མཐུན་རིགས་ལ་ཞིབ་དཔྱད་ཆོག་མཆན་ཡིག་ཆ་འདོན་དགོས་པ་དང་། བླང་བྱ་དང་མ་མཐུན་པའི་རིགས་ལ་བཅོས་སྒྲིག་དགོས་པའི་བསམ་འཆར་བཏོན་ཐོག་རེ་ཞུ་འབུལ་མཁན་ཚན་པར་བཟོ་བཅོས་རྒྱག་རྒྱུར་ཕྱིར་སློག་བྱས་རྗེས་བསྐྱར་དུ་ཞིབ་དཔྱད་ཡོང་རེ་ཞུ་དགོས། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ཞིབ་དཔྱད་དུས་ཚོད་བརྒལ་ཡང་ལན་འདེབས་མ་བྱས་ཚེ་མོས་མཐུན་བྱས་པར་བརྩི་རྒྱུ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཇུས་འགོད་དང་ཇུས་གཞིར་འགྱུར་བ་གཏོང་དགོས་ན་ངེས་པར་དུ་བརྒྱུད་རིམ་བཞིན་བསྐྱར་དུ་ཞིབ་དཔྱད་ཞུ་རྒྱུའི་རེ་བ་ཞུ་དགོས། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཇུས་འགོད་དང་ཇུས་གཞིར་ཞིབ་དཔྱད་ཆོག་མཆན་མ་ཐོབ་ཚེ་འཛུགས་སྐྲུན་ལས་འགོ་འཛུགས་མི་ཆོག

    དོན་ཚན་བཅུ་དགུ་པ། གཤམ་གསལ་གྱི་ཨར(བཟོ)སྐྲུན་དངོས་པོ་དང་། གནས་ཡུལ། དེ་བཞིན་སྒྲིག་བཀོད་བཅས་ལ་ངེས་པར་དུ་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས། ཐོག་ཉེན་འགོག་ཟོན་སྒྲིག་ཆས་རྣམས་ངེས་པར་དུ་ལས་གྲྭ་ཨ་མ་དང་དུས་མཉམ་དུ་ཇུས་འགོད་དང་། དུས་མཉམ་དུ་ཨར་ལས། དུས་མཉམ་དུ་བེད་སྤྱོད་བཅས་བྱེད་དགོས་པ་སྟེ། (གཅིག) 《ཨར་སྐྲུན་དངོས་པོའི་ཐོག་ཟོན་ཇུས་འགོད་ཚད་གཞིའི》ནང་གཏན་འབེབས་བྱས་པའི་ཐོག་ཟོན་རིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཨར(བཟོ)སྐྲུན་དངོས་པོ་དང་།

    (གཉིས)རྡོ་སྣུམ་དང་། རྫས་འགྱུར་བཟོ་ལས། སོལ་རླངས། དམངས་སྤྱོད་འབར་གཏོར་སོགས་འབར་གས་སླ་བའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། ཕྱིར་ཚོང་སོགས་བྱ་ཡུལ།

    (གསུམ) འཕྲིན་གཏོང་སྒྲིག་བཀོད་དང་། རླུང་འཕྲིན་བརྙན་འཕྲིན་མ་ལག རྩིས་འཁོར་དྲ་རྒྱའི་ཆ་འཕྲིན་མ་ལག རང་འགུལ་ཚོད་འཛིན་མ་ལག་རིགས།

    (བཞི) གློག་ཤུགས་ཀྱི་ཐོན་སྐྱེད་སྒྲིག་བཀོད་དང་འགྲེམས་སྐྱེལ་མ་ལག་རིགས།

    (ལྔ) སློབ་གྲྭ་དང་། སྨན་ཁང་། གནམ་ཐང་། མོ་ཊའི་བབས་ཚུགས། མགྲོན་ཁང་། ཚོང་ཁང་། ལུས་རྩལ་ཐང་ངམ་ཁང་། གློག་བརྙན་འཁྲབ་སྟོན་ཁང་སོགས་མི་འདུ་འཛོམས་ཆེ་ཁུལ་དང་ཐང་ཐེར་གྱི་རོལ་རྩེད་སྒྲིག་ཆས་ཆེ་གྲས་རིགས།

    (དྲུག) གལ་ཆེའི་དངོས་ཟོག་བཀར་འཇུག་བྱེད་གནས།

    (བདུན) གཞན་ཡང་ཁྲིམས་བཞིན་ངེས་པར་དུ་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པའི་གནས་ཡུལ་དང་སྒྲིག་བཀོད་བཅས། དོན་ཚན་ཉི་ཤུ་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཨར(བཟོ)སྐྲུན་དངོས་པོར་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་ཚེ། དེའི་ཐོག་ཟོན་ཇུས་འགོད་ལ་ངེས་པར་དུ་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ཆེད་ལས་མཁས་པ་སྒྲིག་འཛུགས་ཀྱིས་ཞིབ་དཔྱད་བྱས་རྗེས་ཚད་ལོན་བྱུང་ན་བསྒར་སྒྲིག་བྱེད་ཆོག དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་གནམ་གཤིས་གཙོ་འགན་ལས་ཁུངས། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ངེས་པར་དུ་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ཐོག་ཟོན་ཤེས་བྱ་དང་ཐོག་གཡོལ་བྱ་ཐབས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོག་ཟོན་གེགས་སེལ་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ལ་ཐོག་ཟོན་བདེ་སྲུང་གི་ལག་རྩལ་སྤྱོད་རྒྱུ་ཁྱབ་གདལ་གཏོང་དགོས་པ་དང་། ཞིང་འབྲོག་མང་ཚོགས་འདུས་སྡོད་ཁུལ་ལ་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱ་རྒྱུའི་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། ཞབས་ཞུ་ཡང་སྒྲུབ་དགོས།

    དོན་ཚན་ཉེར་གཉིས་པ། གསར་སྐྲུན་དང་། བསྐྱར་བཟོ། རྒྱས་སྐྲུན་བཅས་བྱེད་པའི་ཨར(བཟོ)སྐྲུན་དངོས་པོ་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་སྐབས། དེ་དང་དུས་མཚུངས་སུ་གནམ་གཤིས་གཙོ་འགན་ལས་ཁུངས་ལ་ངེས་པར་ཐོག་ཟོན་ལས་གྲྭར་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་རེ་འདུན་ཞུ་དགོས། ཨར་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་རེ་ཞུ་འབྱོར་རྗེས། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་བླང་བྱ་དང་མཐུན་ན་ལས་ཀའི་ཉིན་གྲངས་ལྔའི་ནང་ཞིབ་བཤེར་རྩིས་ལེན་བྱས་པའི་ཡིག་ཆ་འདོན་རྒྱུ། བླང་བྱ་དང་མ་མཐུན་ན་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་འདོན་དགོས་ཤིང་། རེ་འདུན་ཞུ་མཁན་ཚན་པས་བཅོས་སྒྲིག་བྱས་རྗེས་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་རེ་འདུན་བསྐྱར་དུ་ཞུ་དགོས། ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་མ་ལོན་པའི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་རིགས་བེད་སྤྱོད་བྱེད་མི་ཆོག

    དོན་ཚན་ཉེར་གསུམ་པ། ཐོག་ཟོན་ཐོན་རྫས་ཕྱིར་ཚོང་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་ཁར། ཐོན་རྫས་ཀྱི་ཚད་ལོན་དཔང་ཡིག་དང་བེད་སྤྱོད་བྱེད་སྟངས་ཀྱི་གསལ་བཤད་ཡི་གེ་ཡང་འདོན་དགོས། ཚད་གཞི་དང་མི་མཐུན་པའི་ཐོག་ཟོན་ཐོན་རྫས་རིགས་ཐོན་སྐྱེད་དང་། ཕྱིར་ཚོང་། བསྒར་སྒྲིག བེད་སྤྱོད་བཅས་བྱེད་མི་ཆོག

    ལེའུ་བཞི་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཞིབ་དཔྱད་ཚད་ལེན།

    དོན་ཚན་ཉེར་བཞི་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ངེས་པར་དུ་ལོ་ལྟར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ་དང་། འབར་གས་སླ་བའི་ཁུལ་དང་། གཙོ་གནད་རིག་དངོས་གནའ་ཤུལ། འཕྲིན་གཏོང་དང་རླུང་འཕྲིན་བརྙན་འཕྲིན་གྱི་སྒྲིག་ཆས་བཅས་ཀྱི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ངེས་པར་དུ་ལོ་ཕྱེད་ནང་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས། ལས་རིགས་ཀྱི་ཚད་གཞིར་དམིགས་བསལ་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དེ་ངེས་པར་དུ་ཐོག་ཟོན་ཞིབ་དཔྱད་ཚད་ལེན་གྱི་འོས་ཐོབ་ཡོད་པའི་ཞིབ་དཔྱད་ཚད་ལེན་ལས་ཁུངས་ནས་བྱ་རྒྱུ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ངེས་པར་དུ་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་འདོན་དགོས། ཞིབ་དཔྱད་ཚད་ལེན་བྱེད་རིམ་ནང་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཐད་བདེ་འཇགས་ཀྱི་རྐྱེན་རྩ་ཡོད་པ་ཤེས་ཚེ་ངེས་པར་དུ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ཚན་པར་འཕྲལ་མར་བརྡ་ལན་གཏོང་དགོས་པ་མ་ཟད། ས་ཁུལ་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ལའང་སྙན་སེང་ཞུ་དགོས་པ་དང་། དེར་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ལྟ་སྐུལ་བཅོས་སྒྲིག་བྱེད་དགོས། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ངེས་པར་དུ་ཞིབ་གཏན་འཁེལ་བའི་ཞིབ་དཔྱད་ཚད་ལེན་གྱི་རྣམ་གྲངས་དང་། ཁྱབ་ཁོངས། དེ་བཞིན་ཐོག་ཟོན་ལག་རྩལ་ལྡན་ཚད་དང་ལག་རྩལ་གྱི་ཚད་གཞི་བཅས་ལ་གཞིགས་ཏེ་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་སྤེལ་དགོས། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་སྙན་ཞུ་གང་ཡིན་ངེས་པར་དུ་བདེན་ཐུབ་དང་ཁུངས་འཕེར་ཞིག་ཡིན་དགོས།

    དོན་ཚན་ཉེར་དྲུག་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་སྤྱོད་མཁན་ཚན་པས་ངེས་པར་དུ་ཐོག་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་བཟོ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཐོག་ཟོན་ལག་རྩལ་ཚད་གཞིའི་བླང་བྱ་ལྟར་རྒྱུན་གཏན་དུ་བདག་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ཐོག་ཟོན་ཞིབ་དཔྱད་ཚད་ལོན་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས་པ་མ་ཟད། དུས་བཅད་ཀྱིས་ཞིབ་བཤེར་ཡང་བྱེད་དགོས།

    ལེའུ་ལྔ་པ། ཐོག་གི་གནོད་འཚེའི་བརྟག་དཔྱད་དང་། འཕྲལ་སྡོམ་རོགས་སྐྱོབ། དེ་བཞིན་ཉེན་ཁ་ཚོད་སྐོར།

    དོན་ཚན་ཉེར་བརྒྱད་པ། རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་དུས་བཅད་ཐོག་དེ་ག་སྲིད་འཛིན་ས་ཁོངས་ནང་བྱུང་བའི་ཐོག་གི་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་དང་དབྱེ་ཞིབ་བྱེད་དགོས་པ་མ་ཟད། ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་དང་རིམ་པ་གོང་མའི་གནམ་གཤིས་གཙོ་འགན་ལས་ཁུངས་ལ་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་དགུ་པ། རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་ཐོག་གི་གནོད་འཚེར་འཕྲལ་མར་བརྟག་དཔྱད་དང་དཔྱད་འདོམས་བྱེད་དགོས་པ་དང་། ཐོག་གི་གནོད་འཚེའི་བྱུང་རྐྱེན་དང་ངོ་བོ་རྩད་བཤེར་གསལ་པོ་བྱས་ཏེ་དེ་མཐུན་གྱི་བཅོས་སྒྲིག་བྱ་ཐབས་འདོན་དགོས། བརྟག་དཔྱད་དང་དཔྱད་འདོམས་བྱས་པའི་སྙན་ཞུ་དེ་རིམ་མཚུངས་མི་དམངས་སྲིད་གཞུང་དང་གོང་རིམ་གནམ་གཤིས་གཙོ་འགན་ལས་ཁུངས་ལ་སྙན་སེང་ཞུ་དགོས། དོན་ཚན་སུམ་ཅུ་པ། ཐོག་གི་གནོད་འཚེ་ཕོག་མཁན་དང་དེ་དོན་ཤེས་རྟོགས་བྱུང་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གནམ་གཤིས་གཙོ་འགན་ལས་ཁུངས་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་མ་ཟད། ས་ཁུལ་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ཐོག་གི་གནོད་འཚེའི་གནས་ཚུལ་བརྟག་དཔྱད་བྱས་པར་གཞོགས་འདེགས་ཀྱང་བྱེད་དགོས།རིམ་ཁག་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་དང་གོང་རིམ་གནམ་གཤིས་གཙོ་འགན་ལས་ཁུངས་ལ་ཐོག་གི་གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་ཞུ་དགོས་པ་ལས། གསང་ནས་མི་ཞུ་བ་དང་རྫུས་ཞུ་བྱེད་པའམ་ཡང་ན་ཞུ་འགྱངས་བྱེད་རིགས་མི་ཆོག

    དོན་ཚན་སོ་གཅིག་པ། ཐོག་གི་གནོད་འཚེ་བྱུང་གནས་ཀྱི་མི་དམངས་སྲིད་གཞུང་དང་གནམ་གཤིས་གཙོ་འགན་ལས་ཁུངས་ལ་ཐོག་གི་གནོད་འཚེའི་སྙན་ཞུ་འབྱོར་རྗེས་ངེས་པར་དུ་འཕྲལ་མར་བྱ་ཐབས་སྤེལ་དགོས་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་བཟོས་ཏེ་རོགས་སྐྱོབ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ཀྱིས་ངེས་པར་དུ་ཐོག་གི་གནོད་འཚེའི་རོགས་སྐྱོབ་ལས་ཀར་གཞོགས་འདེགས་བྱས་ནས་དེར་སྟབས་བདེ་སྐྲུན་དགོས།

    དོན་ཚན་སོ་གཉིས་པ། འཛུགས་སྐྲུན་ལས་གྲྭ་ཆེ་རིགས་དང་། གཙོ་གནད་ལས་གྲྭ འབར་གས་སམ་མེ་སྐྱོན་བྱུང་ཉེན་ཆེ་བའི་ཁོར་ཡུག མི་འདུ་འཛོམས་བྱེད་ས་སོགས་ཀྱི་རྣམ་གྲངས་རིགས་ལ་ངེས་པར་དུ་ཐོག་གི་གནོད་འཚེ་འབྱུང་ཉེན་ཚོད་སྐོར་བྱས་ཏེ་སྤྱི་པའི་བདེ་འཇགས་འགན་ལེན་ཐུབ་པ་བྱེད་དགོས། རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྲིད་འཛིན་ས་ཁོངས་ནང་གི་ཐོག་ཉེན་ཚོད་སྐོར་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།

    དོན་ཚན་སོ་གསུམ་པ། འཆར་འགོད་འགན་འཁུར་བྱེད་མཁན་ནམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགོད་མཁན་དང་ཞིབ་དཔྱད་ཆོག་མཆན་སྤྲོད་མཁན་སྡེ་ཚན་གྱིས་ངེས་པར་དུ་ཐོག་གི་གནོད་འཚེར་ཚོད་སྐོར་ཆོད་བསྡོམས་དང་ཆེད་ལས་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་ལས་བྱུང་བའི་ཐོག་གི་གནོད་འཚེའི་ཚོད་སྐོར་སྙན་ཞུ་རྣམས་འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱད་འཐུས་ཞིབ་འཇུག་བྱེད་པའི་ཞིབ་བཤེར་ནང་དོན་ཁོངས་སུ་བཅུག་ནས་ཐོག་གི་གནོད་འཚེའི་ཚོད་སྐོར་ཆོད་བསྡོམས་ལ་གཅིག་གྱུར་བསམ་གཞིགས་བྱེད་དགོས། ཐོག་གི་གནོད་འཚེ་འབྱུང་ཉེན་ཚོད་སྐོར་བྱེད་པའི་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ལ་ཐོག་གི་གནོད་འཚེ་འབྱུང་ཉེན་ཚོད་སྐོར་མ་བྱས་པའམ་ཡང་ན་ཚོད་སྐོར་ཚད་ལོན་མ་བྱུང་ན་ཞིབ་མཆན་ནམ་འཐུས་མཆན་སྤྲོད་མི་ཆོག

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

     དོན་ཚན་སོ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རང་དགར་སྤྱི་ཚོགས་སུ་ཐོག་གི་གནོད་འཚེའི་སྐོར་གྱི་སྔོན་བརྡ་དང་། ཉེན་བརྡ། སྔོན་ཚུད་ཉེན་བརྡ་བཅས་ཀྱི་འཕྲིན་བརྡ་བཏང་རིགས་ལ་རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཐ་ཚིག་སྒྲོག་པ་དང་སྦྲགས་སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་བཀལ་ཆོག་པ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱེད་སྤྱོད་ཡོད་རིགས་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གང་ཞིག་ཡོད་རིགས་ལ་རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཐ་ཚིག་སྒྲོག་པ་དང་སྦྲགས་སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་བཀལ་ཆོག་པ་དང་། མི་གཞན་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་དགོས་པ་སྟེ། (གཅིག) རེ་བ་དང་མ་མཐུན་པའི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་བའི་རིགས་དང་། (གཉིས) ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་དགོས་ཀྱང་བསྒར་དུ་མ་བཅུག་པའི་རིགས།(གསུམ) ཞིབ་དཔྱད་ཚད་ལེན་བྱེད་མ་བཅུག་པའམ་ཡང་ན་ཞིབ་དཔྱད་ཚད་ལོན་མེད་པའི་ཁར་བཅོས་སྒྲིག་ཀྱང་མ་བྱས་པའི་རིགས་བཅས།

    དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་བྱེད་སྤྱོད་གང་ཞིག་ཡོད་རིགས་ལ་རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་དེའི་དབང་ཚད་ལྟར་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་དགོས་པ་དང་སྦྲགས་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ། མི་གཞན་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ་སྟེ། (གཅིག)འོས་ཐོབ་མེད་པའམ་ཡང་ན་འོས་ཐོབ་སྤྱད་འཐུས་ཁོངས་ལས་བརྒལ་ནས་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཇུས་འགོད་དང་། ཨར་ལས། ཞིབ་དཔྱད་ཚད་ལེན་བཅས་བྱས་པའི་རིགས་དང་། (གཉིས)ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཇུས་འགོད་ལ་ས་ཁུལ་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ཞིབ་དཔྱད་བྱས་མེད་པའམ་ཡང་ན་ཞིབ་དཔྱད་ཚད་ལོན་མ་བྱུང་བར་དེ་ལྟར་རང་འགར་ཨར་སྐྲུན་བྱས་པའི་རིགས། (གསུམ)ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ས་ཁུལ་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་རྩིས་ལེན་བྱས་མེད་པའམ་ཡང་ན་རྩིས་ལེན་ཚད་མཐུན་མ་བྱུང་བར་དེ་ལྟར་རང་དགར་བེད་སྤྱོད་བྱས་རིགས་བཅས།

    དོན་ཚན་སོ་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་ཐོག ཐོག་གི་གནོད་འཚེ་འབྱུང་ཉེན་ཚོད་སྐོར་བྱེད་པའི་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ལ་དགོས་ངེས་ཀྱི་ཚོད་སྐོར་མ་བྱས་ཚེ་རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་དང་། མི་གཞན་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་དགོས།

    དོན་ཚན་སོ་བརྒྱད་པ། གནམ་གཤིས་གཙོ་འགན་ལས་ཁུངས་ཀྱི་ལས་བྱས་ཐོག་ཟོན་ལས་ཀའི་ཁྲོད་རང་འགན་སྣང་མེད་དུ་བཏང་བ་དང་། འགན་དབང་གང་བྱུང་དུ་སྤྱད་པ། ཉེར་ཕྱོགས་གཡོ་ཟོལ་བྱས་པ་བཅས་ལས་ཐོག་གི་གནོད་འཚེའི་རྐྱེན་ཚབས་ཆེན་པོ་ཐོན་པར། རང་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ།

    དོན་ཚན་སོ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཆད་གཅོད་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་ཟོན་ལས་གྲྭ་ཞེས་པ་ནི་རྩད་ཞིབ་ཇུས་འགོད་དང་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱས་པ་བརྒྱུད་དེ་ཐོག་གི་གནོད་འཚེ་འགོག་ཟོན་གྱི་ལས་གྲྭ་དངོས་གཞིར་ཟེར་བ་ཡིན། སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞེས་པ་ནི་གློག་འཁྱུག་བསྡུ་ཆས་དང་། ཐོག་འདྲེན་འོག་སྐུད། ས་མཐུད་སྒྲིག་ཆས། གློག་འཚང་སྲུང་ཆས་བཅས་དང་། དེ་བཞིན་གློག་རྒྱུན་སྦྲེལ་མཐུད་སོགས་ལས་གྲུབ་ཡོད་ཅིང་། དེ་དག་ནི་ཐོག་གི་གནོད་འཚེ་འགོག་ཟོན་བྱེད་པར་སྤྱོད་རྒྱུའི་སྒྲིག་བཀོད་དམ་ཡང་ན་མ་ལག་རྣམས་ཡིན། སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་གི་གནོད་འཚེ་འབྱུང་ཉེན་ཚོད་སྐོར་ཞེས་པ་ནི་རྣམ་གྲངས་གནས་སར་བྱུང་བའི་ཐོག་ཉེན་དང་དེའི་གནོད་འཚེ་ལས་མི་ཤི་རྨས་དང་རྒྱུ་ནོར་གྱོང་གུན་བཟོ་སྲིད་པའི་ཚད་གཞི་དང་གནོད་འཚེ་ཕོག་ཚད་སོགས་ཀྱི་ཐད་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་ཉེན་ཚབས་བཟོ་རིགས་རྩིས་བརྒྱབ་སྟེ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་གནས་ཡུལ་འདེམས་རྒྱུ། བྱེད་ནུས་དབྱེ་ཁུལ་ཁྱབ་བཀོད། ཐོག་ཟོན་བྱེད་རིགས་དང་ཐོག་ཟོན་བྱ་ཐབས་བཅས་བཏོན་པའི་བྱེད་སྒོར་ཟེར་བ་ཡིན།

    དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདི་2015ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (ལྗོངས་མི་དམངས་འཐུས་ཚོགས་ཡིག་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།