དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་ཁྲེང་ཀོན་ཆུས་ས་གཙང་ལྷད་མེད་ཐོན་ལས་དཔལ་སྡིངས་རྟེན་གཞིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-15

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ལྷད་མེད་ཐོན་ལས་དཔལ་སྡིངས་རྟེན་གཞིར་བརྟག་ཞིབ་གནང་སྐབས་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གཙོ་བོ་ཡིན་པའི་བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་ལེགས་ཆ། ཐོན་རྫས་ཀྱི་ལེགས་ཆ་བཅས་ལ་གཞི་ཚུགས་ཏེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཆེད་ལས་ཅན་དང་། ཚད་གཞི་ཅན། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་འབྲེལ་དོན་དངོས་ལ་གཞི་ཚུགས་པ་དང་། ལེགས་ཆ་འདོན་སྤེལ། འཕེལ་རྒྱས་གསར་གཏོད་བཅས་བྱེད་པའི་ཐོག་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་མྱུར་ཚད་དང་། སྤུས་ཚད། ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་སུ་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། གྲང་ཉར། ཟོག་འགྲེམས་བཅས་གཞི་གཅིག་ཅན་གྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་གཞི་ཁྱོན་ཞིག་ཆགས་ཡོད། བློ་བཟང་རྒྱལ་མཚན་གྱིས་དེ་གར་ཕེབས་ཏེ་བཞོན་མ་གསོ་ཚགས་ལྟེ་གནས་དང་། སོས་ཉར་གྲང་མཛོད། སྔོ་ཚལ་ལས་སྣོན་བཟོ་གྲྭ སྔོ་ཚལ་ཐད་ཚོང་རླངས་འཁོར་སོགས་ཀྱི་རྣམ་གྲངས་ལ་བརྟག་ཞིབ་གནང་བ་རེད། གང་དུ་ཕེབས་རིམ་བཞིན་ཁོང་གིས་ནན་ཏན་ངང་གཟིགས་པ་མ་ཟད། རྣམ་གྲངས་ཁག་གི་འཛུགས་སྐྲུན་དོ་དམ་དང་འཁོར་སྐྱོད་ཕན་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཁྲེང་ཀོན་ཆུས་བཞོན་མ་གསོ་ཚགས་ལྟེ་གནས་དེ་2014ལོར་སྐྲུན་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.44བཏང་ཞིང་། ལྟེ་གནས་དེ་སྐྲུན་རྗེས་བཞོན་མ་མགོ་གྲངས་2000གསོ་ཚགས་བྱ་རྒྱུ་དང་འབྲེལ་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་དང་། དགོན་སྡེ། ལས་ཁུངས་ཚན་པ་སོགས་ལ་འོ་མ་སོས་པ་འདང་ངེས་མཁོ་འདོན་ཐུབ་རྒྱུ་མ་ཟད། སྔོན་རྩིས་བྱས་ན་ལོའི་ཐོན་ཚད་བསྡོམས་འབོར་སྒོར་ཁྲི་སྟོང་ཡན་ཟིན་རྒྱུ་རེད། རྣམ་གྲངས་དེ“སྤུས་ལེགས་ཀྱི་འོ་ཁུངས་དང་། ལས་སྣོན་ཞིབ་ཚགས། ཁྱད་ལྡན་ཐོན་ཟོག་བྲིན་ཚོང”བཅས་གཞི་གཅིག་ཅན་གྱི་རྣམ་པ་ཞིག་ཆགས་ཟིན་པ་དང་འབྲེལ་རྟེན་གཞིའི་ཤིང་འབྲས་སྔོ་ཚལ་དང་གཟན་ཆས་འདེབས་འཛུགས་ཐོན་ལས་དབར་ལྷན་སྦྱར་འཁོར་རྒྱུག་ཞིག་ཆགས་པ་མཁྱེན་སྐབས་བློ་བཟང་རྒྱལ་མཚན་གྱིས་གཞི་ཁྱོན་གཉེར་སྐྱོང་གི་ཐོག་ནས་ཕན་འབྲས་ཐོན་པ་བྱེད་པར་ལེགས་བསྡུས་ཞིབ་གཉེར་གྱི་འདེབས་གསོ་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྣམ་གྲངས་ཀྱི་ཕན་ནུས་ཆེ་ཤོས་འདོན་སྤེལ་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས་ད་དུང་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་ཚན་རྩལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱུད་བཟང་བཞོན་མ་གསོ་ཚགས་དང་ཁྱབ་གདལ་གཏོང་རྒྱུའི་མངགས་བཅོལ་གནང་བ་རེད།

    སོས་ཉར་གྲང་མཛོད་ནང་ཏུན་5000ཡན་གྱི་ཤིང་འབྲས་དང་། སྔོ་ཚལ། ཚགས་ཤ་དང་ལུག་ཤ མར་སོགས་གྲང་ཉར་བྱེད་ཆོག་པ་མ་ཟད། དཔལ་སྡིངས་རྟེན་གཞིའི་སྔོ་ཚལ་འདེབས་འཛུགས་དང་། སྔོ་ཚལ་ལས་སྣོན། སྔོ་ཚལ་ཐད་ཚོང་རླངས་འཁོར་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཐོན་སྤྲོད་ཚོང་བཅས་ཀྱི་གཞི་གཅིག་ཅན་གྱི་རྣམ་པ་ཆགས་ཤིང་། བློ་བཟང་རྒྱལ་མཚན་གྱིས་རྟེན་གཞིའི་འཛུགས་སྐྲུན་ལ་བརྟེན་ནས་ཞིང་ཞོར་ཐོན་ཟོག་གསོག་ཉར་དང་མཁོ་སྤྲོད་ཡག་པོ་བྱེད་དགོས་པ་དང་འབྲེལ་དེང་རབས་ཅན་གྱི་ཞིང་ལས་ཐོན་རྫས་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་འཛད་སྤྱོད་པས“ལྷད་མེད་དང་། ཁོར་ཡུག་སྲུང་སྐྱོང་། བདེ་ཐང”བཅས་ཀྱི་ཐོན་ཟོག་སྤྱོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པ་མ་ཟད། ཟོག་གོང་སྙོམས་སྒྲིག་དང་ཁྲོམ་རའི་དགོས་མཁོ་དོ་སྙོམས་ཡོང་རྒྱུར་དེ་བས་ལེགས་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    སྔོ་ཚལ་ལས་སྣོན་བཟོ་གྲྭར་སྐྱོད་སྐབས་བློ་བཟང་རྒྱལ་མཚན་གྱིས་ལྕགས་རིགས་ཞིབ་དཔྱད་དང་སྔོ་ཚལ་ལས་སྣོན་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་མ་ཟད། རྣམ་གྲངས་འཁོར་སྐྱོད་དང་ལས་མི་བསྡུ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ནི་ཐོན་ལས་ཅན་གཉེར་སྐྱོང་ལ་གྲུབ་འབྲས་ཐོབ་མིན་གྱི་འགག་རྩའི་རྒྱུ་རྐྱེན་ཡིན་པས་ཀུང་སི་དང་། མཉམ་ལས་རྩ་འཛུགས། ཞིང་དུད། རྟེན་གཞི་བཅས་ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁེ་ལས་དང་ཞིང་དུད་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་འགུལ་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་ཚད་མཐོའི་འདེང་འཇོག་གནང་ཞིང་། ཁོང་གིས་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་ནི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་སྒྱུར་རྒྱུའི་བྱེད་ཐབས་ཤིག་དང་དེང་རབས་ཅན་ཞིང་ལས་གཉེར་སྐྱོང་སྒྲིག་གཞིའི་ལམ་སྲོལ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དེས་ཞིང་འབྲོག་ལས་ཀྱི་ཕན་འཕར་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་རྟེན་གཞི་གལ་ཆེན་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དཔེ་མཚོན་དང་ཉམས་མྱོང་ཁྱབ་གདལ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་ལམ་བུ་ཞིག་གཏོད་དེ་རྟེན་གཞི་ཞིག་སྐྲུན་པ་དང་། ཁྱད་ཆོས་ཤིག་འབུར་དུ་ཐོན་པ། སྣེ་འདྲེན་ཞིག་ཆགས་པ་བྱེད་པ། ཁག་གཅིག་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ། མང་ཚོགས་ཁག་གཅིག་ཕྱུག་པོར་འགྱུར་བ་བྱེད་པ་བཅས་ཀྱི་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།