འདི་ནི་བློ་བཟང་རྒྱལ་མཚན་བོད་ལྗོངས་ཏ་ཀྲའོ་ཧྲེང་ཆོན་ཁེ་ལས་ཚད་ཡོད་ཀུང་སིར་འཐུང་ཆུ་ཐོན་སྐྱེད་དང་གཉེར་སྐྱོང་བྱ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པའི་གནས་ཚུལ་ཡིན་པ།
ཚེས་12ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུ་ཐོན་སྐྱེད་ཁེ་ལས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ་ཁེ་ལས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ཐོན་སྐྱེད་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་ཀྱང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་གནང་བ་དང་སྦྲགས་རང་བྱུང་འཐུང་ཆུའི་ཐོན་ལས་འདི་ཉིད་རང་ལྗོངས་ཀྱི་འཐབ་ཇུས་ཀ་རྟེན་ཐོན་ལས་སུ་སྒྱུར་དགོས་པའི་དམིགས་ཚད་དང་བླང་བྱ་ཡང་བཏོན་གནང་བ་རེད། སྲིད་གཞུང་འགན་ནུས་སྡེ་ཚན་དང་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོག་རྒྱུའི་གྲ་སྒྲིག་བྱེད་པ་དེ་འགྱུར་ལྡོག་འབྱུང་གཞིར་བརྩིས་ཏེ་བསམ་བློར་བཅིངས་འགྲོལ་དང་། དངོས་འཛིན་དངོས་སྒྲུབ། རོགས་ལས་ཤུགས་སྣོན་བཅས་ཀྱི་ལས་དོན་སྔར་ལས་ལྷག་པར་སྤེལ་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་པད་ལྡིངས་གྲོང་ཚོའི་ཏ་ཀྲའོ་ཧྲེང་ཆོན་ཁེ་ལས་ཚད་ཡོད་ཀུང་སིར་ཕེབས་ཏེ་རིམ་པ་བཞི་པའི་འཐུང་ཆུ་དྭངས་སིང་སྒྲིག་ཆས་དང་། འགྱིག་དམ་འཐུང་ཆུ་ཐོན་སྐྱེད་བྱ་ཡུལ། འཛུགས་སྐྲུན་བྱེད་བཞིན་པའི་ཤིས་ཏེ་ལེ་འགྱིག་དམ་འཐུང་ཆུ་ཐོན་སྐྱེད་བྱ་ཡུལ་བཅས་ལ་གཟིགས་ཞིབ་གནང་བར་ཕེབས་ཏེ་ཁེ་ལས་གསར་སྐྲུན་དང་། ཐོན་སྐྱེད། གཉེར་སྐྱོང་། ཁྲོམ་ར་གསར་འབྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁེ་ལས་ཀྱི་འགན་ཁུར་བས་ཀུང་སིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི“བོད་ཀྱི་དྭངས་གཙང་འཐུང་ཆུ། འཛམ་གླིང་ཀུན་གྱིས་སྤྱོད་པ”ཞེས་པའི་སྤུས་རྟགས་གཟུགས་བརྙན་ལ་བརྟེན་པ་དང་ཆབས་ཅིག རྒྱལ་ཡོངས་མི་དམངས་ཚང་མར་འཐུང་རྒྱུ་ཡོད་པ་དང་འཐུང་ཐུབ་པའི་བོད་ཀྱི་དྭངས་གཙང་འཐུང་ཆུའི་ཁྲོམ་རའི་གནས་བབ་ལ་གཞི་ཚུགས་ཤིང་། མིག་སྔར་འཐུང་ཆུའི་ཐོན་རྫས་ཧྲང་ཧའེ་ཡི་ཁྲོམ་རའི་ཐོག་བཏོན་པ་དང་འབྲེལ་སྡེ་ཁུལ་དུའང་བྲིན་ཚོང་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་སྟེ་གསར་སྐྲུན་རྒྱ་སྐྱེད་བྱས་རྗེས་འདི་ལོ་འཆར་གཞི་ལྟར་ན་སྤྱིའི་ཐོན་ཚད་ཏུན་ཁྲི་100ཟིན་པ་བྱ་རྒྱུ་དང་། བྲིན་ཚོང་བྱེད་ཚད་ཏུན་ཁྲི་20ཟིན་པ་བྱ་རྒྱུ། ཏུན་ཁྲི་30བྲིན་ཚོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་བཅས་ཡིན་ཞེས་ངོ་སྤྲོད་ཞུས་པ་གསན་རྗེས་བློ་བཟང་རྒྱལ་མཚན་ཐུགས་ཤིན་ཏུ་སྤྲོ་པོ་བྱུང་པ་རེད། ཁོང་གིས་ཁེ་ལས་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བའི་ཤར་རླུང་ལ་བརྟེན་ཐོག་རྐང་ལག་གློད་པ་དང་། བྱ་གཞག་ཧུར་གཏོད། སྤུས་ཚད་མཐོར་གཏོང་། ཐོན་འབོར་མང་གཏོང་བཅས་བྱས་ནས་སྤུས་དག་གི་རིན་ཐང་དང་ཁྲོམ་རའི་སྐར་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ལྕག་སྐུལ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་རང་བྱུང་འཐུང་ཆུའི་ཆུ་སྤུས་དག་ལ་ཆུ་ཁུངས་ཀྱང་འཛོམས་པོ་ཡོད། རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་གཏོང་ཆ་ཉུང་བ་དང་། ཐོན་འབོར་ཆེ་བ། སྦགས་བཙོག་མེད་པ། ཕན་འབྲས་ཆེན་པོ་ཡོད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ“ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པའི”བྱ་སྤྱོད་གལ་ཆེན་ཞིག་ཏུ་བརྩིས་པ་ནི་ཀྲུང་དབྱང་གི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བྱེད་ཕྱོགས་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང“སྲུང་ཡོལ་གཉིས་དང་ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་རེད་ལ། “རང་བརྟེན་ནུས་པ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད། སེམས་ཐག་གཙང་བཅད་ཀྱིས་ལས་ཀ་བྱས་ན་བྱ་བ་ལས་ཀྱིས་འགྲུབ་རྒྱུ་དང་རང་བྱུང་འཐུང་ཆུའི་ཐོན་ལས་འདི་ཉིད་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་དང་། རང་སྟོབས་ཆེ་རུ་གཏོང་བའི་ཐོན་ལས། དམངས་རྣམས་ཕྱུག་པོར་འགྱུར་བའི་ཐོན་ལས་བཅས་སུ་སྒྱུར་ཐུབ་ངེས་རེད། སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། དམིགས་ཚད་ཆེན་པོ་བཟོ་བ། ཁྲོམ་རའི་གྲུབ་ཆ་གཙོ་བོ་གསོ་སྐྱོང་ཧུར་ཐག་བྱེད་པ། གཞི་ཁྱོན་ཆེ་རུ་དང་སྤྱི་འབོར་མང་དུ་གཏོང་བ། བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་བ་བཅས་བྱས་ན“བོད་ཀྱི་དྭངས་གཙང་འཐུང་ཆུ། འཛམ་གླིང་ཀུན་གྱིས་སྤྱོད་པ”ཡི་དམིགས་ཚད་མངོན་འགྱུར་ངོ་མ་ཐུབ་རྒྱུ་རེད། འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པའི་བསམ་གཞི་བརྟན་པོར་བཙུགས་ཏེ་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། སྲིད་ཇུས་དང་། ཁྲོམ་ར། ཁེ་ལས་བཅས་ལ་ནུས་ཤུགས་མཉམ་དུ་འདོན་རྒྱུའི་སྐུལ་འདེད་གཏོང་བ། ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས“རང་བརྟེན་ནུས་པ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་རྒྱུན་དུ་བསྐྱོད་ནས་ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་ཞེས་བསྟན་གནང་ཞིང་། ཁོང་གིས་མཉམ་དུ་ཡོད་པའི་འབྲེལ་ཡོད་སྡེ་ཚན་ལ་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཡག་པོ་ཞིག་འཚོག་རྒྱུའི་གྲ་སྒྲིག་བྱེད་པ་དང་། ལས་འགན་འཁུར་ཕོད་པ་དང་བྱ་བ་སྒྲུབ་ཕོད་པའི་དཔེ་མཚོན་ཁེ་ལས་གསར་འཛུགས་དང་། རོགས་སྐྱོར། གཟེངས་བསྟོད་བཅས་བྱེད་པ། ཁ་ཕྱོགས་གསལ་པོར་སྟོན་པ། ཞབས་ཞུའི་བྱེད་ཐབས་འདོན་པ། བྱ་གཞག་གཏོད་པའི་སེམས་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བཀའ་མངགས་གནང་བ་རེད།