དབུ་ཤོག>སྲིད་དོན།
  • ​ ནུས་ཤུགས་ཡོད་རྒུས་སླར་གསོ་བསྐྱར་སྐྲུན་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-08

    གཞིས་རྩེ་གྲོང་ཁྱེར་གྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གལ་ཆེའི་རྒྱལ་ཁ་ཐོབ་པ་དང་། གེགས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་འོས་འཚམ་ཐུབ་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ཁག་དུས་ཚོད་དམ་འཛིན་གྱིས་འདིང་བཞིན་ཡོད་པ་རེད། གེགས་ཁུལ་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ལས་དོན་ཐད་ད་དུང་གནད་དོན་གང་དག་ཡོད་དམ། ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་ངང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་དགོས་སམ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་དོན་དེ་དག་ཐད་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཟླ་6ཚེས་4དང་5ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་སླར་ཡང་གཞིས་རྩེར་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་སྟེ་ས་ཆ་དངོས་སུ་བར་བརྒལ་བཀོད་སྒྲིག་དང་། གེགས་རྗེས་བསྐྱར་སྐྲུན་སླར་གསོ། མིག་སྔའི་འཕེལ་རྒྱས་དང་བརྟེན་ལྷིང་སོགས་ཀྱི་ལས་དོན་ཐད་བརྟག་ཞིབ་གནང་བ་རེད།

    ས་ཡོམ་གྱི་གནོད་འཚེ་ཐོན་རྗེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེའི་གཅིག་སྡུད་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་བློ་བཟང་རྒྱལ་མཚན་ཐེངས་གཉིས་པ་ཕེབས་པ་དང་། ད་ཆ་དེ་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་ཚང་མ་ཤར་གཏོང་བདེ་བླག་ཐུབ་པ་དང་། གུར་1200ལྷག་ཙམ་གྲལ་སྟར་སྒྲིག་པོས་ཕུབ་པའི་ཁར་ཟ་ཁང་དང་སྒོ་རྩིས་ཚོང་ཁང་སོགས་འཚོ་བའི་སྒྲིག་བཀོད་ཆ་ཚང་ཡོད་པ་དང་། བུ་བཅོལ་ཁང་དང་། རིན་མེད་སྤྱི་སྤྱོད་རླངས་འཁོར། སྨན་བཅོས་འཕྲོད་བསྟེན། མེ་ཟོན་ཉེན་དོན། འཕྲིན་གཏོང་འགན་ལེན་སོགས་སྤྱི་པའི་ཞབས་ཞུ་འཐུས་ཚང་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་ལྷ་མོ་སྒྲོལ་མ་དང་། སྐལ་བཟང་། ཐར་མ་སོགས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གུར་གསར་པའི་ནང་ཕེབས་ཏེ་ཅི་འཕྲོས་མོལ་འཕྲོས་ཐོག་ནས་བདེ་སྡུག་བཀའ་འདྲི་གནང་བ་དང་མར་བཞུགས་ནས་མང་ཚོགས་ཚོའི་བསམ་ཚུལ་གཟབ་ནན་ངང་གསན་པ་རེད།

    ད་ཆ་མང་ཚོགས་ཚོའི་འཚོ་བ་བཀོད་སྒྲིག་ཡག་པོ་ཐུབ་ནས་ཚང་མ་བློ་བདེ་བྱུང་བ་དང་ཉིན་དེ་དག་ནང་གང་ཅིའི་ཐད་སེམས་ཁྲལ་བྱེད་མི་དགོས་པའི་ཁར་རྗེས་སུ་ལས་མི་བྱེད་པ་དང་། ཚོང་གཉེར་བྱེད་པ། ལས་གཏོད་བྱེད་པ་སོགས་ཐོན་སྐྱེད་རང་སྐྱོབ་བྱེད་རྒྱུའི་བསམ་ཚུལ་མཁྱེན་སྐབས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་རང་སྟོབས་རང་སྤེལ་དང་འབད་འབུངས་ཧུར་ལེན་གྱི་གེགས་ཁུལ་མང་ཚོགས་ཀྱི་སྙིང་སྟོབས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱིས་གེགས་ཁུལ་མང་ཚོགས་ཀྱི་ཟས་གོས་འགྲོ་འདུག་ཐད་སེམས་ཁྲལ་མེད་པའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་ངེས་པར་དུ་མང་ཚོགས་བཀོད་སྒྲིག་བདེ་སྡོད་དང་ལས་ཞུགས་ལས་བརྩོན་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མས་ཡིད་ཆེས་བརྟན་དུ་གཏོང་དགོས་པའི་སྐུལ་ལྕག་གནང་ཞིང་། ཁོང་གིས་ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚང་མའི་འཚོ་བ་དང་ཐོན་སྐྱེད་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་བར་ས་ཡོམ་བརྒྱབ་ནས་ཉིན་40ལྷག་ཙམ་འདས་ཟིན་འདུག ཚང་མའི་འཚོ་བ་གོ་རིམ་ལྡན་པ་དང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་པ་མཐོང་སྐབས་ང་རང་དགའ་ཚོར་ཆེན་པོ་བྱུང་། གོམ་སྟབས་རྗེས་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་བཞིན་ཚང་མའི་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་པ་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱས་ཐོག་གེགས་ཁུལ་གྱི་མང་ཚོགས་ཁང་པ་ཡག་པོའི་ནང་སྡོད་ཐུབ་ལ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་དངོས་འབྲེལ་བྱེད་རྒྱུ་ཡིན། ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་གེགས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཚོའི་འཚོ་བ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    བཀོད་སྒྲིག་བྱ་ཡུལ་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཕེབས་ཀྱིན་གཟིགས་ཀྱིན་གནང་བ་དང་། འགྲམ་གྲོང་རྡལ་སྤང་གྲོང་ཚོའི་གྲོང་མི་ཨུ་ལྷན་དང་། བཀོད་སྒྲིག་བྱ་ཡུལ་གྱི་བུ་བཅོལ་ཁང་། ཟ་ཁང་། ཁ་ལོ་བ་གསོ་སྦྱོང་བྱ་ཡུལ་བཅས་སུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ལས་ཀའི་ཟིན་བྲིས་དེབ་དང་། ཕྲུ་གུ་ཚོའི་སློབ་སྦྱོང་གནས་ཚུལ། ལྟོ་ཆས་བཟོ་ཚུལ་བཅས་ལ་གཟིགས་ཞིབ་གནང་བ་དང་གསོ་སྦྱོང་དང་ལས་ཞུགས་གནས་ཚུལ་བཀའ་འདྲི་དང་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གེགས་ཁུལ་གྱི་མང་ཚོགས་རྣམས་བཀོད་སྒྲིག་བྱ་ཡུལ་དུ་དུས་ཚོད་ཅུང་རིང་པོ་འཚོ་བ་སྐྱེལ་རྒྱུ་ཡིན་པས་གཅིག་སྡུད་བཀོད་སྒྲིག་ལས་དོན་ཐད་ངེས་པར་དུ་དམངས་འཚོ་གཙོ་གནད་དུ་འཛིན་ནས་ཞབས་ཞུར་ཤུགས་སྣོན་དང་ཚན་རིག་དང་མཐུན་པའི་ངང་དོ་དམ་བྱས་ཏེ་དུད་ཚང་ཚང་མར་སེམས་ཁུར་དང་། མི་ཚང་མར་ཞབས་འདེགས། ཀུན་ལ་བརྩེ་སེམས་འཆང་བ་བཅས་ཀྱི་ཐོག་ནས་གནོད་འཚེ་ཕོག་པའི་མང་ཚོགས་དེ་ཁུལ་དུ་བློ་བདེ་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    གཉའ་ལམ་རྫོང་སློབ་འབྲིང་ལོ་རིམ་དང་པོའི་སློབ་ཚན་འཚོག་ཡུལ་དུ་བློ་བཟང་རྒྱལ་མཚན་སློབ་ཁང་སྟར་པ་མཇུག་ཤོས་སུ་སློབ་མ་དང་མཉམ་དུ་བཞུགས་ནས་དགེ་རྒན་གྱིས་ཚབ་རྩིས་སློབ་ཁྲིད་གཟབ་ནན་ངང་གསན་པ་རེད། དེ་ཁུལ་ནས་ཞལ་གྱེས་སྐབས་ཁོང་གིས་སློབ་མ་ཚོས་སེམས་ནང་ཕུགས་བསམ་ཆེན་པོ་བཅངས་ནས་ལང་ཚོར་གཅེས་སྤྲས་དང་འབད་འབུངས་ཧུར་ལེན་གྱིས་སློབ་སྦྱོང་ཧུར་ཐག་བྱས་ཐོག་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། གཞུང་ལས་ཁང་དུ་དགེ་རྒན་ཚོས་སློབ་ཁྲིད་གྲ་སྒྲིག་ནན་ཏན་བྱེད་བཞིན་ཡོད་པ་དང་བློ་བཟང་རྒྱལ་མཚན་ཁོང་ཚོའི་མདུན་དུ་ཕེབས་ནས་འཚམས་འདྲི་གནང་བ་དང་དེ་གར་བཞུགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མས་སྤེལ་རེས་ལ་ཤུགས་སྣོན་དང་། ལས་སྒོའི་འཇོན་ཐང་ཆེར་གཏོང་། བརྩོན་ཞིབ་གཏིང་ཟབ། ལས་གཅེས་ལས་བཀུར། སློབ་ཁྲིད་ཡག་པོ། མི་སྣ་གསོ་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    གཞིས་རྩེའི་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་དང་རྫོང་ཁག་གཅིག་གི་ཡོམ་འགོག་གེགས་སེལ་དང་། ཐོན་སྐྱེད་སླར་གསོ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་ཀའི་སྙན་སེང་གསན་ཞིང་། ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཚོགས་འདུའི་ཐོག་གནང་བའི“གཙོ་གནད་གསུམ་ལ་དམ་འཛིན་བྱེད་རྒྱུའི”སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བླང་བྱ་གཞིར་བཟུང་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་དུས་མཇུག་ལས་དོན་ཁག་ལ་དམ་འཛིན་ནན་ཏན་དང་། སྲིད་ཇུས་ཁག་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན། སླར་གསོ་བསྐྱར་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན། མདུན་ཕྱོགས་བཀོད་འདོམས་པུའི་ལས་དོན་ལ་རང་འགུལ་ངང་དམ་འཛིན་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས། མིག་སྔའི་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་གིས་འགྲིམ་འགྲུལ་དང་། ཆུ་བེད། འཕྲིན་གཏོང་། གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མཐའ་མཚམས་ཉོ་ཚོང་དང་ཡུལ་སྐོར་སོགས་ཐོན་ལས་སླར་གསོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་འོས་འཚམ་གཏོང་བ་དང་། གེགས་རྗེས་བསྐྱར་སྐྲུན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཁག་བཟོ་འགོད་ལ་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་ཁོར་ཡུག བདེ་འཇགས་ཐོན་སྐྱེད་བཅས་ཀྱི་མ་མཐའི་མཚམས་ཐིག་གསུམ་ཡག་པོ་སྲུང་བ། ཡོམ་འགོག་གེགས་སེལ་དང་འཕེལ་རྒྱས་བརྟན་ལྷིང་གི་གཡུར་ཟའི་གྲུབ་འབྲས་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།