དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་དེང་རབས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-08

    179738_yis_1433654324040.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་པ་སྣམ་ཝང་ཏ་ཅོན་ཧྲན་བཞོན་མ་གསོ་ཚགས་རྟེན་གཞིའི་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཞིས་རྩེ་པ་སྣམ་རྫོང་དང་བསམ་གྲུབ་རྩེ་ཆུས་ཀྱི་ཞིང་ནང་དང་། འགྱིག་ཤོག་དྲོད་ཁང་དང་ཕྱུགས་ར། ཁེ་ལས་དང་ཁང་སུའོ། བྲིན་ཚོང་ས་ཚིགས་བཅས་སུ་ཕེབས་པ་དང་ཞིང་འབྲོག་ལས་ཚན་རྩལ་མི་སྣ་དང་། ཞིང་པའི་ཁེ་ལས་མཁས་ཅན། ཞིང་འབྲོག་མང་ཚོགས་བཅས་ལ་གཟིགས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ས་ཁུལ་འཕྲོད་བསྟེན་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞིབ་བཤེར་གནང་བ་རེད།

    ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས“བོད་ནས་ཨང་2000”སོགས་སོན་བཟང་ནས་ཁྱབ་གདལ་ཤུགས་ཆེན་བཏང་བར་བརྟེན་འབྲུ་རིགས་ཐོན་ཚད་ལོ་བཅུ་དྲུག་བསྟུད་མར་ཏུན་ཁྲི་90ཡན་རྒྱུན་འཁྱོངས་ཐུབ་པ་བྱུང་བ་དང་འདི་ལོ་ཏུན་ཁྲི་100ལ་ཚད་བརྒལ་ཡོང་རེ་ཡོད་པ་རེད། པ་སྣམ་རྫོང་གི“དཔྱིད་ནས་མུའུ་སྟོང་རྒྱ་མ་སྟོང”གི་དཔེ་སྟོན་ཞིང་ཁར་བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གཟིགས་གནང་བ་དང་འབྲེལ་ངོ་སྤྲོད་གསན་ཞིང་། ན་ནིང་མུའུ་རེ་ནས་ནས་རྒྱ་མ་དྲུག་ཅུ་ཐོན་འཕར་དང་། དུད་ཚང་རེར་ཡོང་འབབ་སྒོར་ཁྲི་གསུམ་བྱུང་བ། འདི་ལོ་སོན་བཟང་ཁྱབ་གདལ་གཏོང་བའི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེན་པོ་ཡོད་པ་བཅས་མཁྱེན་རྗེས་བློ་བཟང་རྒྱལ་མཚན་ཐུགས་མགུ་པོ་བྱུང་བ་རེད། ཁོང་གིས་ནས་ནི་རང་ལྗོངས་ཀྱི་དེང་རབས་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཡིན། ཞིང་ཁར་མུ་མཐུད་གཡོག་བྱེད་དང་སོན་བཟང་དང་འབྲུ་རིགས་རྟེན་གཞི་ཡག་པོ་བསྐྲུན་ཏེ་སྟོན་འབྲུར་ལོ་ལེགས་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་།སོན་བཟང་མགྱོགས་མྱུར་ཁྱབ་གདལ་གཏོང་བ། ཐོན་མཐོའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ནས་ཀྱི་ཐོན་འབབ་མཐོ་པོ་ཡོང་བའི་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

    དཔལ་ཚལ་ཤང་བ་ཚང་གྲོང་ཚོས་སྔོ་ཚལ་བཏབ་པར་བརྟེན་2011ལོར་པ་སྣམ་རྫོང་དུ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་བརྒལ་མཁན་གྱི་གྲོང་ཚོ་དང་པོར་གྱུར་ཡོད། འགྱིག་ཤོག་དྲོད་ཁང་ནང་སྔོ་ཚལ་དག་སྔོ་སིང་ངེར་སྐྱེས་ཤིང་། བློ་བཟང་རྒྱལ་མཚན་གྱིས་ཧོང་ཀྭ་འཐུ་བཞིན་པའི་གྲོང་མི་ཟླ་བུ་ཚེ་དང་བྱམས་བརྩེའི་ངང་གླེང་མོ་གནང་བ་དང་ཟླ་བུ་ཚེས་རང་ལ་དྲོད་ཁང་གསུམ་ཡོད་པ་དང་ཡོང་འབབ་ཀྱང་བརྟན་པོ་ཡོད་ལུགས་བློ་བཟང་རྒྱལ་མཚན་ལ་ཞུ་སྐབས། བློ་བཟང་རྒྱལ་མཚན་གྱིས་ཁོང་ཁྱིམ་གྱི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད། ཤིས་ཀྭ་འདེབས་སའི་དྲོད་ཁང་ནང་བློ་བཟང་རྒྱལ་མཚན་གྱིས་གྲོང་ཚོའི་ཀྲི་ཧྲུའུ་སྤེན་པ་དོན་གྲུབ་ལ་ཤིས་ཀྭ་ཡི་ཐོན་སྐྱེད་གནས་ཚུལ་སྐོར་བཀའ་འདྲི་གནང་སྐབས། སྤེན་པ་དོན་གྲུབ་ཀྱིས་མིག་སྔར་གྲོང་ཚོ་ཡོངས་སུ་འགྱིག་ཤོག་དྲོད་ཁང་106ཡོད་པ་དང་ཆ་སྙོམས་ཡོང་འབབ་སྒོར་22500ཡོད་ལུགས་སྐོར་ངོ་སྤྲོད་ཞུས། བློ་བཟང་རྒྱལ་མཚན་གྱིས་ཁོང་སྔོ་ཚལ་འདེབས་འཛུགས་མཁས་ཅན་དུ་གྱུར་པར་བསྔགས་བརྗོད་གནང་བ་མ་ཟད། སྔོ་ཚལ་འདེབས་འཛུགས་ཐད་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཞིང་ལས་དང་སྒོ་རྩིས་ཚོང་ཁང་འབྲེལ་མཐུད་བྱས་ཏེ་ཁྱད་ལྡན་སྤུས་རྟགས་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད། དེ་ནས་བློ་བཟང་རྒྱན་མཚན་གྱིས་གཞུང་ལམ་འགྲམ་དུ་ཤིས་ཀྭ་འཚོང་བཞིན་པའི་གྲོང་མི་ཕུར་སྤེན་གྱི་འཁྲིས་སུ་ཕེབས་ཏེ་ཚོང་གི་གནས་ཚུལ་བཀའ་འདྲི་གནང་། ཕུར་ཕན་གྱིས་ཤིས་ཀྭ་གསར་པར་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་འདུག ཉིན་གཅིག་ལ་ཡོང་འབབ་སྒོར་ཉིས་བརྒྱ་སུམ་བརྒྱ་ཡོང་གི་འདུག་ཅེས་ཞུས་པར་བློ་བཟང་རྒྱལ་མཚན་གྱིས་ཚོང་ཡག་པོ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

    པ་སྣམ་རྫོང་རིག་གནས་ཡུལ་སྐོར་ཐང་ཆེན་དུ་བློ་བཟང་རྒྱལ་མཚན་གྱིས་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་དང་། ཞིང་འབྲོག་ལས་ལས་སྣོན། ཡུལ་སྐོར་གྱི་དྲན་རྟེན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། བློ་བཟང་རྒྱལ་མཚན་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། འགག་རྩ་ནི་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་བརྟེན་ནས་གཞི་ཁྱོན་ཆགས་པ་དང་སྤུས་རྟགས་ཀྱི་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་རེད། རེ་བར་ད་ཡོད་ཀྱི་ཆ་རྐྱེན་བཟང་པོའི་རྨང་གཞིའི་ཐོག་ནུས་ཤུགས་ཡོད་རྒུས་གཙོ་གནད་ཐོན་ལས་དམ་འཛིན་དང་གཙོ་གནད་ཁེ་ལས་དམ་འཛིན་བྱས་ཏེ་ལོ་ཁ་ཤས་ནང་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཁེ་ལས་དང་སྤུས་རྟགས་རེ་གཉིས་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

    ད་ཕན་ལོ་ཤས་རིང་རང་ལྗོངས་སུ་བ་གླང་གི་རྒྱུད་བཟང་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་ལ་མང་ཚོགས་ཀྱི་དགའ་བསུ་ཡང་ཐོབ་ཡོད། ད་ཆ་འདི་ཉིད་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་ཕུགས་ཕན་ལམ་སྲོལ་བཙུགས་པའི་ནུས་ལྡན་གྱི་བྱེད་ཐབས་སུ་གྱུར་ཡོད། པ་སྣམ་ཝང་ཏ་ཅོན་ཧྲན་བཞོན་མ་གསོ་ཚགས་རྟེན་གཞིར་བློ་བཟང་རྒྱལ་མཚན་གྱིས་བ་གླང་རྒྱུད་བཟང་ཁྱབ་གདལ་བཏང་ཚུལ་དང་། དེའི་ཕན་འབྲས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མུ་མཐུད་དེ་ལས་དོན་དེ་ལག་བསྟར་ཡག་པོ་དང་། ཁྱབ་གདལ་ཡག་པོ། དྲིལ་བསྒྲགས་ཡག་པོ་བཅས་བྱས་ཏེ་བ་གླང་གསོ་ཚགས་ཀྱི་ཐོན་ལས་དེ་གཞི་ཁྱོན་ལྡན་པ་ཞིག་ཡོང་བ་བྱས་ཏེ་མང་ཚོགས་དེ་བས་མང་པོ་ཞིག་ལ་ཕན་པ་ཐོབ་རྒྱུའི་རེ་བ་བཏོན་པ་རེད།

    གཞིས་རྩེ་རྟ་ར་འོག་ཚོགས་པ་ནི་ལྗོངས་ཡོངས་ཀྱི་ཁྲལ་འཇལ་མང་བ་དང་མ་རྩ་ཐོ་འགོད་མང་བའི་ཚོགས་པ་ཞིག་ཡིན། 2014ལོ་ནས་བཟུང་སྲིད་གཞུང་གི་ཁྲིད་སྟོན་འོག་ཚོགས་པ་དེས་ནས་དང་གཟན་ཆས་སོགས་ཀྱི་ཐོན་ལས་ལེགས་ཆར་བརྟེན་པའི་ཐོག་སྤུས་ལེགས་བཞོན་མ་ནང་འདྲེན་བྱས་ཏེ་མ་དངུལ་སྒོར་ཁྲི་5100ལྷག་ཙམ་བཏང་བའི་ཚད་ལྡན་ཅན་གྱི་བཞོན་མའི་གསོ་ཚགས་རྟེན་གཞི་བཙུགས་ཡོད། བཟོ་ཁུལ་དུ་བློ་བཟང་རྒྱལ་མཚན་གྱིས་བ་ཚང་སོགས་སུ་གཟིགས་སྐོར་གནང་བ་དང་འབྲེལ་ཁེ་ལས་འཕེལ་རྒྱས་ཕྱིན་པ་དང་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་ས་གནས་ཀྱི་ཁེ་ལས་ཆེ་གྲས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ཁེ་ལས་ཀྱི་རང་ངོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུ་དང་། གཞི་ཁྱོན་ཆེ་རུ་གཏོང་རྒྱུ། སྤུས་རྟགས་གཏོད་རྒྱུ་བཅས་ཀྱི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ས་གནས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་རྒྱ་སྟོབས་ཆེ་བའི་ས་ཁུལ་དེ་རང་གི་སྣེ་འདྲེན་ཁེ་ལས་རྒྱུན་ཆད་མེད་པར་བཏོད་དེ་ཁྲོམ་རར་སྐུལ་འདེད་གཏོང་བའི་ཇུས་འགོད་བྱེད་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཞིབ་འཇུག་སུའོ་རུ་བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་ཞིང་ལས་ཚན་རྩལ་མི་སྣར་བྱམས་བརྩེའི་ངང་གཟིགས་གནང་བ་དང་འབྲེལ་སོན་བཟང་ནས“ཧི་མ་ལ་ཡ་ཨང་22”ཀྱི་ཚན་ཞིབ་ཁྱབ་གདལ་གཏོང་ཚུལ་མཁྱེན་རྟོགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་གྱི་གལ་ཆེའི་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ་ཤེས་ལྡན་པར་བརྩི་འཇོག་དང་། ཤེས་ལྡན་པར་ཐུགས་ཁུར། ཤེས་ལྡན་པ་སྤྱོད་པ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་ཚན་ཞིབ་ཁང་དང་སུའོ་ཡིས་ཤེས་ལྡན་པའི་ལེགས་ཆ་དང་། ལག་རྩལ་གྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་བཏོན་ཏེ་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྐྲུན་བཞིན་པའི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་བ་དང་འབྲེལ་འཛུགས་སྐྲུན་རྣམ་གྲངས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམངས་ཕན་གྱི་འདུ་འགོད་དེ་སྔ་ཙམ་སྐྲུན་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

    བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ཞིང་འབྲོག་ལས་ནི་བོད་ཀྱི་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོན་ལས་ཡིན་ལ། ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གོ་སྐབས་གསར་པ་འཕྲད་ཡོད། གཞིས་རྩེའི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་འབྲོག་ལས་ཀྱི་ས་ཁུལ་ཆེན་པོའི་ལེགས་ཆ་གང་ལེགས་བཏོན་ཏེ་སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཚན་རྩལ་གསར་གཏོད། མ་རྩ་འགན་ལེན། ཤེས་ལྡན་པའི་འདེགས་སྐྱོར། ཁྲོམ་རའི་ཁྲིད་སྟོན་བཅས་ཀྱི་ནུས་པ་གལ་ཆེན་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ཞིབ་ཞིང་ཁེ་བཅས་གཞི་གཅིག་ཅན་གྱི་བྱེད་ཐབས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ས་མཐོའི་དེང་རབས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་དེ་ཆེད་ལས་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན། ལེགས་བསྡུས་ཞིབ་གཉེར་ཅན། ཁྲོམ་ར་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་རྒྱུན་མཐུད་ངང་ཐོན་འཕར་འབབ་འཕར་ཕན་འཕར་ཡོང་རྒྱུ་དང་དེ་བཞིན་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུར་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།