དབུ་ཤོག>སྲིད་དོན།
  • བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་ཁྱོན་ཡོངས་ནས་དངོས་སུ་ཤར་བགྲོད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-05

    རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་དང་རང་སྐྱོང་ལྗོངས་བཙུགས་ནས་ལོ་50འཁོར་བར་ཕྱག་རྟགས་སུ་འབུལ་བའི་ལས་གྲྭ་སྟེ་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གསར་སྐྲུན་ལས་གྲྭ་ཟླ་བ་བཅུ་གཅིག་འབད་བརྩོན་ཆེན་པོས་འགག་སྒྲོལ་བྱས་པ་བརྒྱུད་ཟླ་5ཚེས་31ཉིན་དུས་བཀག་བཞིན་ལེགས་གྲུབ་བྱུང་བ་རེད། ཟླ་6ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ལས་གྲྭ་འཛུགས་སྐྲུན་པར་གཟིགས་པ་དང་འབྲེལ་ཁྱོན་ཡོངས་ནས་དངོས་སུ་ཤར་བགྲོད་ཐུབ་པ་ཁྱབ་བསྒྲཌ་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་ཟམ་ངོས་དང་ཕུག་ལམ་ནང་དུ་སྔ་རྗེས་སུ་ཕེབས་ཤིང་། ཁོང་གིས་གཟིགས་ཞོར་དུ་ལས་གྲྭའི་གནས་ཚུལ་དང་། ལས་མཇུག་བསྡུ་བའི་ལས་དོན་བཀོད་སྒྲིག་བྱ་ཚུལ། རླངས་འཁོར་ཤར་གཏོང་འཆར་གཞི་བཅས་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ད་དུང་མཉམ་དུ་ཕེབས་པའི་འབྲེལ་ཡོད་ཐིང་ཅུས་ཀྱི་འགན་འཁུར་བློ་མཐུན་དང་ལྷན་དུ་གོང་དཀར་གནམ་གྲུ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་གྲ་སྒྲིག་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་འཇུག་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་འཛུགས་སྐྲུན་པ་ཚོའི་འགྲམ་དུ་ཕེབས་ཏེ་ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་ཚབ་ཞུས་ཏེ་ལས་གྲྭ་དུས་བཀག་བཞིན་ལེགས་གྲུབ་ཡོང་ཕྱིར་འབད་འབུངས་ལྷོད་མེད་བྱེད་མཁན་འཛུགས་སྐྲུན་པ་དང་དོ་དམ་པ་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། བླ་ན་མེད་པའི་གུས་འདུད་ཞུས་པ། བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གསར་སྐྲུན་ལས་གྲྭ་ཁྱོན་ཡོངས་ནས་དངོས་སུ་ཤར་བགྲོད་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

    ཉི་འོད་ཀྱི་ཚ་བ་ཤིན་ཏུ་ཆེ་བར་མ་བལྟོས་པར་བློ་བཟང་རྒྱལ་མཚན་དང་བཅས་པས་སྣུམ་ནག་ལམ་གསར་རྐྱང་ཐོག་ཕེབས་ཏེ་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་ཅིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་གྲྭ་འཛུགས་སྐྲུན་ལ་མཐོང་ཆེན་གནང་གི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་འབྲེལ་དཔྱིད་གསར་དུས་ཆེན་རིང་ལས་གྲྭ་འཛུགས་སྐྲུན་པར་ཁོང་སྐུ་ངོ་མས་ཆེད་མངགས་གཟིགས་པར་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལས་གྲྭ་དུས་བཀག་བཞིན་ལེགས་གྲུབ་བྱུང་ནས་འགྲིམ་གྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་པའི་ཡིད་ཆེས་ཀྱི་བསམ་པ་ཇེ་ཆེར་སོང་བ་དེ་བོད་དབུས་ཀྱི་ལྟེ་བའི་དཔལ་འབྱོར་ཁུལ་གྱི་གཞུང་ལམ་ཨ་མའི་དྲ་བའི་སྒྲོམ་གཞི་བསྐྲུན་རྒྱུ་དང་། རང་ལྗོངས་ཀྱི་འགྲིམ་འགྲུལ་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་ཞིང་། དོན་སྙིང་ལྡན་པ་ཞིག་རེད། འཛུགས་སྐྲུན་ནང་ཞུགས་པའི་ཚན་པ་ཚོས་ལས་འགོ་ལེགས་འཛུགས་དང་། ལས་མཇུག་ལེགས་བསྡུ། ངར་ཤུགས་གཅིག་སྒྲིམ་བཅས་ཀྱི་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་དང་མཛེས་བཟོ་ལྗང་འགྱུར་སོགས་ལས་གྲྭའི་ལས་མཇུག་བསྡུ་བའི་ལས་དོན་ཁག་མགྱོགས་པོ་སྤེལ་རྒྱུ་དང་། ལས་གྲྭའི་ལས་འགན་ཁག་ལེགས་པར་བསྒྲུབ་རྒྱུ། གང་མགྱོགས་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་བཅས་ཀྱི་རེ་བ་ཡོད། འགྲིམ་འགྲུལ་དང་འཕེལ་སྒྱུར་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་གྲྭ་འཛུགས་སྐྲུན་དེ་སྒུལ་ཤུགས་དང་གོ་སྐབས་ཤིག་ཏུ་བརྩིས་པའི་ཐོག་ད་བརྒལ་བསམ་གཞིག་དང་། གཞོགས་འདེགས་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གཉིས་དང་མཐུད་པའི་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་སོགས་ལས་གྲྭའི་གྲ་སྒྲིག་ལས་དོན་སྤེལ་མགྱོགས་སུ་བཏང་ནས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་དང་སྔ་ཙམ་འཛུགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ལས་དོན་བཀོད་སྒྲིག་གནང་མཇུག་འགྲིལ་རྗེས་དེར་ཡོད་པའི་ལས་གྲྭ་འཛུགས་སྐྲུན་པར་ཁ་ཕྱོགས་ནས་བློ་བཟང་རྒྱལ་མཚན་གྱིས་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་ཁྱོན་ཡོངས་ནས་དངོས་སུ་ཤར་བགྲོད་ཐུབ་པ་བྱུང་བའི་ཁྱབ་བསྒྲགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།