དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-05

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2015]ཡིག་ཨང་4པ།

    《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་སྲོལ་ཡིག》འདི་2015ལོའི་ཟླ་དང་པོའི་ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2015ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2015ལོའི་ཟླ་དང་པོའི་ཚེས་16ཉིན།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    ལེའུ་གཉིས་པ། འཛུགས་སྐྲུན་ཚན་པའི་བདེ་འཇགས་འགན་འཁྲི།

    ལེའུ་གསུམ་པ། རྩད་ཞིབ་དང་། ཇུས་འགོད། ལས་གྲྭའི་ལྟ་ཞིབ་དོ་དམ། དེ་བཞིན་འབྲེལ་ཡོད་ཚན་པ་གཞན་དག་བཅས་ཀྱི་བདེ་འཇགས་འགན་འཁྲི།

    ལེའུ་བཞི་པ། ཨར་ལས་ཚན་པའི་བདེ་འཇགས་འགན་འཁྲི།

    ལེའུ་ལྔ་པ། ལྟ་སྐུལ་དོ་དམ།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བདུན་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    དོན་ཚན་དང་པོ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨར་སྐྲུན་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དེ་བཞིན《འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་འཛུགས་སྐྲུན་ལས་གྲྭ་གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་བཟོ། བཤིག་པ་སོགས་འབྲེལ་ཡོད་བྱེད་སྒོའི་བདེ་འཇགས་ཐོན་སྐྱེད་དང་། དེ་བཞིན་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱེད་སྐབས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས། སྲོལ་ཡིག་འདིའི་ནང་བརྗོད་པའི་འཛུགས་སྐྲུན་ལས་གྲྭ་ཞེས་པ་ནི་སོ་ཕག་གི་ལས་གྲྭ་དང་། ཨར་སྐྲུན་ལས་གྲྭ སྐུད་ལམ་མདོང་ལམ། དེ་བཞིན་སྒྲིག་ཆས་བསྒར་སྒྲིག་ལས་གྲྭ་དང་ཀོན་འདོན་ལས་གྲྭ་བཅས་ལ་ཟེར།

    དོན་ཚན་གསུམ་པ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་དོ་དམ་བྱེད་སྐབས་ངེས་པར་དུ་བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོར་བཟུང་གི་མཛད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།

    དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་ནས་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུའི་འགན་འཁྲི་ཁྲིམས་ལྟར་སྒྲུབ་པར་རྒྱབ་སྐྱོར་དང་འདེད་སྐུལ་གཏོང་བ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཁྲོད་གནས་པའི་གཙོ་ཆེའི་གནད་དོན་རིགས་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས།

    ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། དེ་བཞིན་ཁྲོམ་གཞུང་དོན་བྱེད་ཁང་དང་གསར་སྤེལ་ཁུལ་གྱི་དོ་དམ་ལས་ཁུངས་སོགས་སྲིད་གཞུང་མངགས་གཏོང་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲི་བཞིན། རང་སྲིད་འཛིན་ས་ཁོངས་ནང་གི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུའི་འགན་འཁྲི་ཁྲིམས་ལྟར་སྒྲུབ་དགོས།

    དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནས་རང་སྲིད་འཛིན་ས་ཁོངས་ནང་གི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་དང་ཆུ་བེད་སོགས་འབྲེལ་ཡོད་སྡེ་ཚན་ནས་རང་སོ་སོའི་འགན་འཁྲིའི་ལས་བགོས་གཞིར་བཟུང་། ལས་རིགས་དེ་གའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།

    དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ཁྲིམས་ལྟར་ཕྱོགས་བསྡུས་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་དགོས།

    དོན་ཚན་བདུན་པ། འཛུགས་སྐྲུན་ཚན་པ་དང་། རྩད་ཞིབ་ཚན་པ། ཇུས་འགོད་ཚན་པ། ཨར་ལས་ཚན་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པ། དེ་བཞིན་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་ཚན་པ་གཞན་དག་བཅས་ཀྱིས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་འཛུགས་སྐྲུན་ལས་གྲྭ་བདེ་འཇགས་ངང་ཐོན་སྐྱེད་བྱེད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁྲིམས་ལྟར་འཁུར་དགོས།

    དོན་ཚན་བརྒྱད་པ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་དང་དེ་བཞིན་ལས་འཛོལ་གྱི་རྐྱེན་རྩ་ཡོང་གཞི་སོགས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ཤུགས་རྐྱེན་ཐེབས་པའི་བྱེད་སྤྱོད་རིགས་ལ་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་ཐེར་འདོན་དང་ཞུ་སྦྱོར་བྱེད་དབང་ཡོད། དེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་འཕྲལ་མར་བདག་སྤྲོད་དང་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

    དོན་ཚན་དགུ་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། འཛུགས་སྐྲུན་ཚན་པའི་བདེ་འཇགས་ཀྱི་འགན་འཁྲི།

    དོན་ཚན་བཅུ་པ། འཛུགས་སྐྲུན་ཚན་པས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་ལས་གྲྭའི་འཛུགས་སྐྲུན་གྱི་བཙན་ཤེད་རང་བཞིན་གྱི་ཚད་གཞིའི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་། ལས་གྲྭའི་གཞི་རྩའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ལག་བསྟར་ནན་པོ་བྱེད་དགོས་པ་ལས་གན་རྒྱའི་ནང་ཁ་ཆད་བྱས་པའི་ལས་ཡུན་ཐུང་དུ་གཏོང་མི་ཆོག་ཅིང་། འཛུགས་སྐྲུན་ལས་གྲྭ་བདེ་འཇགས་ངང་ཐོན་སྐྱེད་ཐུབ་པའི་འགན་ལེན་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། འཛུགས་སྐྲུན་ཚན་པས་ངེས་པར་དུ་རྩད་ཞིབ་དང་། ཇུས་འགོད། ཨར་ལས་བཅས་ཀྱི་ཚན་པར་ཨར་ལས་བྱ་ཡུལ་དང་ཉེ་འཁོར་ས་ཁོངས་ནང་དུ་ཨར་ལས་དང་འབྲེལ་བ་ཡོད་པའི་ཆུ་དཔྱད་དང་། གནམ་དཔྱད། ས་གཤིས། ས་འོག་མདོང་ལམ་དང་གློག་སྐུད་བཅས་ཀྱི་དཔྱད་ཡིག་དང་། དེ་བཞིན་ཉེ་འཁོར་གྱི་ཨར་སྐྲུན་དངོས་པོ་དང་། བཟོ་སྐྲུན་དངོས་པོ། ས་འོག་ལས་གྲྭ་བཅས་ཀྱི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་མ་ཟད། དཔྱད་ཡིག་བདེན་ཐུབ་དང་། འཕྱུགས་མེད། ཆ་ཚང་བ་བཅས་ཡིན་པ་འགན་ལེན་བྱེད་དགོས།

    འཛུགས་སྐྲུན་ཚན་པས་འཛུཌ་སྐྲུན་ལས་གྲྭའི་དགོས་མཁོར་གཞིཌ་ཏེ་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་ཚན་པར་གོང་འཁོད་དོན་ཚན་ནང་གཏན་འབེབས་བྱས་པའི་དཔྱད་ཡིག་འདྲི་རྩད་བྱེད་སྐབས་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་ཚན་པས་ངེས་པར་དུ་དེ་བཞིན་མཁོ་འདོན་བྱེད་དགོས། རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བ་ཡོད་པའི་དཔྱད་ཡིག་རྣམས་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། འཛུགས་སྐྲུན་ཚན་པས་ལས་གྲྭའི་མ་དངུལ་རགས་རྩིས་བྱེད་སྐབས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་བདེ་འཇགས་ལས་སྒྲུབ་ཁོར་ཡུག་དང་། བདེ་འཇགས་འགོག་ཟོན་དང་ཚུལ་ལྡན་ཨར་ལས་བྱ་ཐབས་ཐད་ལ་གཏོང་རྒྱུའི་འགྲོ་གྲོན་གཏན་འཁེལ་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། འཛུཌ་སྐྲུན་ཚན་པ་དང་ཨར་ལས་ཚན་པས་ངེས་པར་དུ་ཨར་ལས་ཀྱི་གན་རྒྱའི་ནང་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་བདེ་འཇགས་ལས་སྒྲུབ་ཁོར་ཡུག་དང་། བདེ་འཇགས་འགོག་ཟོནདང་ཚུལ་ལྡན་ཨར་ལས་བྱ་ཐབས་ཐད་གཏོང་བའི་སྤྱིའི་འགྲོ་གྲོན་དང་། འགྲོ་གྲོན་སྔ་སྣུར་གཏོང་སྤྲོད། གཏོང་སྤྲོད་འཆར་གཞི། བེད་སྤྱོད་ཀྱི་བླང་བྱ། ལེགས་སྒྲིག་བྱེད་སྟངས་སོགས་ཀྱི་དོན་ཚན་གསལ་པོ་འགོད་དགོས། འགྲོ་གྲོན་ཚད་གཞི་དེ་རང་སྐྱོང་ལྗོངས་ཀྱི་ལས་གྲྭའི་འཛུཌ་སྐྲུན་ཚད་གཞིའི་བཅད་གྲངས་སྐོར་གྱི་གཏན་འབེབས་ལས་དམའ་བ་བྱེད་མི་རུང་བ་དང་། ལས་གྲྭའི་ཨར་ལས་ཀྱི་འོས་སྐུལ་འོས་དཔོད་ཡིག་ཆའི་ནང་ལོགས་སུ་འགོད་དགོས་པ་མ་ཟད། དེ་འོས་སྐུལ་འོས་དཔོད་ཀྱི་རིན་གོང་འགྲན་ལེན་ཆ་རྐྱེན་དུ་བརྩི་མི་ཆོག

    འཛུགས་སྐྲུན་ཚན་པ་དང་ཨར་ལས་ཚན་པས་ཨར་ལས་ཀྱི་གན་རྒྱའི་ནང་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་བདེ་འཇགས་ལས་སྒྲུབ་ཁོར་ཡུག་དང་། བདེ་འཇགས་འགོག་ཟོན་དང་ཚུལ་ལྡན་ཨར་ལས་བྱ་ཐབས་ཐད་ཀྱི་འགྲོ་གྲོན་སྔ་སྣུར་གཏོང་སྤྲོད་དང་གཏོང་སྤྲོད་འཆར་གཞི་ཁ་ཆད་བྱས་མེད་པའམ་ཡང་ན་ཁ་ཆད་གསལ་པོ་བྱས་མེད་ན་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་བདེ་འཇགས་ལས་སྒྲུབ་ཁོར་ཡུག་དང་། བདེ་འཇགས་འགོག་ཟོན་དང་ཚུལ་ལྡན་ཨར་ལས་བྱ་ཐབས་ཐད་ཀྱི་འགྲོ་གྲོན་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

    འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་བདེ་འཇགས་ལས་སྒྲུབ་ཁོར་ཡུག་དང་། བདེ་འཇགས་འགོག་ཟོན་དང་ཚུལ་ལྡན་ཨར་ལས་བྱ་ཐབས་ཐད་ཀྱི་འགྲོ་གྲོན་དེ་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཐད་ཆེད་སྤྱོད་བྱེད་དགོས་པ་ལས་གཞན་གྱི་ཐོག་སྤྱོད་མི་ཆོག

    དོན་ཚན་བཅུ་བཞི་པ། འཛུགས་སྐྲུན་ཚན་པས་ཨར་ལས་ཀྱི་འཁྲོལ་འཛིན་ཞུ་སྐབས་ངེས་པར་དུ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ལ་གཤམ་གསལ་གྱི་བདེ་འཇགས་ངང་ཨར་ལས་བྱ་རྒྱུའི་བྱ་ཐབས་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་སྟེ།

    (གཅིག)ཨར་ལས་བྱ་ཡུལ་གྱི་སྤྱིའི་ངོས་སྙོམས་ཁྱབ་བཀོད་པར་རིས།

    (གཉིས)ལས་གྲྭའི་གྲོན་དངུལ་རགས་རྩིས་ནང་གཏན་འཁེལ་བྱས་པའི་བདེ་འཇགས་ལས་སྒྲུབ་ཁོར་ཡུག་དང་བདེ་འཇགས་ངང་ཨར་ལས་བྱེད་པའི་མྱུར་ཚད་ལ་མཁོ་བའི་བདེ་འཇགས་འགོག་ཟོན་དང་ཚུལ་ལྡན་ཨར་ལས་བྱ་ཐབས་ཀྱི་འགྲོ་གྲོན་དང་དུས་འགོའི་གཏོང་སྤྲོད་འཆར་གཞི།

    (གསུམ)ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ཞིབ་བཤེར་མོས་མཐུན་བྱས་པའི་ཨར་ལས་སྒྲིག་འཛུགས་ཀྱི་ཇུས་འགོད་དང་ཆེད་དམིགས་ཨར་ལས་ཇུས་གཞི།

    (བཞི)བེད་སྤྱོད་བྱེད་རྩིས་ཡོད་པའི་ཨར་ལས་ཀྱི་ལྗིད་འདེགས་འཕྲུལ་འཁོར་སྒྲིག་ཆས་ཀྱི་འབྲེལ་ཡོད་དཔྱད་ཡིག

    (ལྔ)ལས་གྲྭའི་རྣམ་གྲངས་ཀྱི་འགན་འཁུར་བ་དང་། ལག་རྩལ་འགན་འཁུར་བ། ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་པ། དམིགས་བསལ་ལས་སྒྲུབ་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པའི་སྤྱི་ཁྱབ་ལྟ་ཞིབ་དོ་དམ་གྱི་བཟོ་བཀོད་པ་སོགས་མི་སྣའི་གོ་ཆོད་ལག་ཁྱེར་དཔར་སློག(ཁེ་ལས་ཀྱི་གཞུང་ཐམ་ཡོད་པ)ཡིག་རིགས།

    (དྲུག) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་གཏན་འབེབས་བྱས་པའི་དཔྱད་ཡིག་གཞན་དག་བཅས་སོ།

    དོན་ཚན་བཅོ་ལྔ་པ། འཛུགས་སྐྲུན་ལས་གྲྭའི་གཙོ་རྐང་དང་འདེགས་ནུས་གྲུབ་ཆར་འགྱུར་བ་གཏོང་དགོས་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་དེ་སྔའི་ཇུས་འགོད་ཚན་པའམ་ཡང་ན་བབ་མཚུངས་ཀྱི་འོས་ཐོབ་ཆ་རྐྱེན་ལྡན་པའི་ཇུས་འགོད་ཚན་པར་མངགས་བཅོལ་གྱིས་འགྱུར་བ་གཏོང་རྒྱུའི་ཇུས་གཞི་འདོན་དགོས་པ་མ་ཟད། འགྱུར་བ་གཏོང་བའི་ཇུས་གཞིར་གཞིགས་ཏེ་སྔར་ཡོད་ཀྱི་ཨར་ལས་རི་མོར་བཟོ་བཅོས་རྒྱག་དགོས། བཟོ་བཅོས་བརྒྱབ་རྗེས་ཀྱི་ཨར་ལས་རི་མོ་དེ་ངེས་པར་དུ་སྔར་གྱི་ཨར་ལས་རི་མོར་ཞིབ་བཤེར་བྱེད་མཁན་ལས་ཁུངས་ལ་བསྐྱར་དུ་ཞིབ་བཤེར་བྱ་རྒྱུར་འབུལ་དགོས་ཤིང་། བསྐྱར་དུ་ཞིབ་བཤེར་མ་བྱས་པའམ་ཡང་ན་ཞིབ་བཤེར་བྱས་ཏེ་ཚད་གཞི་མ་ལོན་ན་འགྱུར་བ་གཏོང་མི་ཆོག

    དོན་ཚན་བཅུ་དྲུག་པ། འཛུགས་སྐྲུན་ཚན་པས་ངེས་པར་དུ་བཤིག་རྒྱུའི་ལས་གྲྭ་དེ་བབ་མཚུངས་ཀྱི་འོས་ཐོབ་གདང་རིམ་ཡོད་མཁན་དང་བདེ་འཇགས་ཀྱི་ཆ་རྐྱེན་འགན་ལེན་ཐུབ་མཁན་ཨར་ལས་ཚན་པར་འགན་གཙང་སྤྲོད་དགོས།

    དོན་ཚན་བཅུ་བདུན་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་ནས་བཏོན་པའི་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་ལ་འཛུགས་སྐྲུན་ཚན་པས་ངེས་པར་དུ་འབྲེལ་ཡོད་ཚན་པར་བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུའི་འདེད་སྐུལ་གཏོང་དགོས་པ་མ་ཟད། ཡིག་ཐོག་ནས་ཚུར་ལན་སྤྲོད་དགོས།

    ལེའུ་གསུམ་པ། རྩད་ཞིབ་དང་། ཇུས་འགོད། ལས་གྲྭའི་ལྟ་ཞིབ་དོ་དམ། དེ་བཞིན་འབྲེལ་ཡོད་ཚན་པ་གཞན་དག་བཅས་ཀྱི་བདེ་འཇགས་འགན་འཁྲི།

    དོན་ཚན་བཅོ་བརྒྱད་པ། རྩད་ཞིབ་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཨར་ལས་བདེ་འཇགས་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ལས་གྲྭའི་འཛུགས་སྐྲུན་གྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་བཅས་གཞིར་བཟུང་རྩད་ཞིབ་བྱེད་དགོས་པ་དང་། མཁོ་འདོན་བྱས་པའི་ས་གཤིས་དང་། ཚད་འཇལ། ཆུ་དཔྱད་སོགས་ཀྱི་རྩད་ཞིབ་དཔྱད་གཞི་དང་ཡིག་ཆ་རྣམས་ངེས་པར་དུ་བདེན་ཐུབ་དང་འཕྱུགས་མེད་དགོས་ཤིང་། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

    རྩད་ཞིབ་ཚན་པས་རྩད་ཞིབ་བྱེད་སྐབས་ངེས་པར་དུ་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལས་རིམ་ལག་བསྟར་ནན་པོ་བྱེད་དགོས་ཤིང་། བདེ་འཇགས་ནུས་ལྡན་གྱི་འགོག་ཟོན་བྱ་ཐབས་སྤྱད་དེ་གློག་སྐུད་ལྕགས་མདོང་རིགས་དང་། སྒྲིག་བཀོད། ཉེ་འཁོར་གྱི་འཛུགས་སྐྲུན་དངོས་པོ། བཟོ་སྐྲུན་དངོས་པོ་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།

    དོན་ཚན་བཅུ་དགུ་པ། ཇུས་འགོད་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་ལས་གྲྭའི་འཛུགས་སྐྲུན་གྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་བཅས་གཞིར་བཟུང་ཇུས་འགོད་བྱེད་དགོས་པ་མ་ཟད། ཇུས་འགོད་ཡིག་ཆའི་ནང་འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་གནད་སྐོར་འཛུགས་སྐྲུན་དང་། ཨར་ལས། ལས་གྲྭའི་ལྟ་ཞིབ་དོ་དམ་སོགས་ཚན་པར་གསལ་བཤད་ཀྱང་བྱས་ཏེ་ལག་རྩལ་གྱི་གནས་ཚུལ་གསལ་པོ་ཞུ་དགོས།

    ཇུས་འགོད་ཚན་པས་ངེས་པར་དུ་ཨར་ལས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གནས་ཆེ་ས་དང་ལྷུ་ཚིགས་ཁག་ཇུས་འགོད་ཡིག་ཆའི་ནང་གསལ་པོ་འགོད་དགོས་པ་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་འགོག་ཟོན་བྱ་རྒྱུའི་ཐད་མཛུབ་ཁྲིད་བསམ་འཆར་ཡང་འདོན་དགོས།

    དོན་ཚན་ཉི་ཤུ་པ། རྩད་ཞིབ་དང་ཇུས་འགོད་ཚན་པས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཐོན་ཟིན་པའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད། རྩད་ཞིབ་དང་ཇུས་འགོད་ཀྱི་རྗེས་མཐུད་ཇུས་གཞིའི་ནང་འགོག་ཟོན་དང་ཞན་ཆ་སྐྱོང་གསབ་ཀྱི་བྱ་ཐབས་ཀྱང་འདོན་དགོས།

    དོན་ཚན་ཉེར་གཅིག་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ངེས་པར་དུ་ཁྲིམས་ལྟར་གཤམ་གསལ་བདེ་འཇགས་ལྟ་ཞིབ་དོ་དམ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ།

    (གཅིག)ལས་གྲྭའི་ཁྱད་ཆོས་ལ་གཞིགས་ནས་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུའི་ནང་དོན་ཚུད་པའི་ལྟ་ཞིབ་དོ་དམ་གྱི་འཆར་འགོད་དང་ཞིབ་སྲོལ་བཟོ་དགོས་པ་དང་།

    (གཉིས)ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་བདེ་འཇགས་ཀྱི་འགན་འཁྲི་སྒྲུབ་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ།

    (གསུམ)ཨར་ལས་སྒྲིག་འཛུགས་ཇུས་འགོད་ཁྲོད་ཀྱི་བདེ་འཇགས་ལག་རྩལ་བྱ་ཐབས་དང་ཆེད་དོན་ཨར་ལས་ཇུས་གཞི་དེ་ལས་གྲྭའི་འཛུགས་སྐྲུན་གྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མཐུན་མིན་ཞིབ་དཔྱད་བྱེད་དགོས་ཁར། ལག་བསྟར་བྱས་ཚུལ་ལའང་ཞིབ་བཤེར་བྱེད་དགོས་པ།

    (བཞི)རྩིག་རྨང་ས་དོང་གཏིང་རིང་འདྲུད་དགོས་པའི་ཨར་ལས་དང་། ལྗིད་འདེགས་འཕྲུལ་ཆས་བསྒར་སྒྲིག་དང་ལྷུ་བཤིག ཧྲིལ་འདེགས་ལས་ཁྲིའི་འདེགས་འབེབས་ལས་སྒྲུབ་བཅས་ལ་སྐོར་ཞིབ་བརྟག་དཔྱད་བྱེད་དགོས་པ་དང་། འགག་རྩའི་གནས་དང་ལས་རིམ་ལ་མཉམ་བཅར་ལྟ་ཞིབ་དོ་དམ་བྱེད་དགོས་པ།

    (ལྔ)ཨར་ལས་ཚན་པས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཀྱི་རྣམ་གྲངས་ལས་སྒྲུབ་ཁོར་ཡུག་དང་། བདེ་འཇགས་འགོག་ཟོན་དང་ཚུལ་ལྡན་ཨར་ལས་བྱ་ཐབས་ཐད་ཀྱི་འགྲོ་གྲོན་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་བྱེད་དགོས་པ།

    (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བདེ་འཇགས་ལྟ་ཞིབ་དོ་དམ་གྱི་འགན་འཁྲི་གཞན་དག་བཅས་སོ།

    དོན་ཚན་ཉེར་གཉིས་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ལྡན་པའི་ལས་གྲྭའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བ་དང་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བ་བདམས་གཏོང་བྱས་ཏེ་ཨར་ལས་བྱ་ཡུལ་དུ་བཅའ་སྡོད་བྱེད་དགོས།

    སྤྱི་ཁྱབ་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བས་ལས་གྲྭའི་རྣམ་གྲངས་ཀྱི་བདེ་འཇགས་ལྟ་ཞིབ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་འགན་འཁུར་དགོས་ཤིང་། དེའི་ལས་ཀར་འགྱུར་ལྡོག་གཏོང་དགོས་ཚེ་ངེས་པར་དུ་འཛུགས་སྐྲུན་ཚན་པའི་མོས་མཐུན་ཐོབ་དགོས། ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བས་རང་གིས་འགན་འཁུར་བའི་སྡེ་ཁག་དང་རྣམ་གྲངས་དབྱེ་བགོས་ལས་གྲྭའི་བདེ་འཇགས་ལ་ལྟ་ཞིབ་དོ་དམ་བྱེད་འགན་འཁུར་དགོས། སྤྱི་ཁྱབ་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བ་དང་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བས་མི་གཞན་ལ་ལྟ་ཞིབ་དོ་དམ་གྱི་འགན་འཁྲི་ཚབ་སྒྲུབ་བྱ་རྒྱུ་མངགས་བཅོལ་བྱེད་མི་ཆོག་པའམ་ཡང་ན་དུས་གཅིག་ཏུ་ལས་གྲྭའི་རྣམ་གྲངས་གཉིས་སམ་གཉིས་ཡན་གྱི་བདེ་འཇགས་ལྟ་ཞིབ་དོ་དམ་གྱི་འགན་འཁུར་མི་ཆོག

    དོན་ཚན་ཉེར་གསུམ་པ། ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ལྟ་ཞིབ་དོ་དམ་བྱེད་པའི་བརྒྱུད་རིམ་ནང་བདེ་འཇགས་ལས་འཛོལ་གྱི་རྐྱེན་རྩ་ཡོང་གཞི་ཤེས་ཚེ་ངེས་པར་དུ་ཨར་ལས་ཚན་པར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་འདོན་དགོས། གནས་ཚུལ་ཚབས་ཆེའི་རིགས་ལ་ངེས་པར་དུ་ཨར་ལས་བྱེད་མཁན་ཚན་པར་གནས་སྐབས་ཨར་ལས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་འདོན་དགོས་པ་མ་ཟད། འཕྲལ་མར་འཛུགས་སྐྲུན་ཚན་པར་སྙན་སེང་ཡང་ཞུ་དགོས། ཨར་ལས་བྱེད་མཁན་ཚན་པས་བཅོས་སྒྲིག་གཏན་ནས་མ་བྱས་པའམ་ཡང་ན་ཨར་ལས་བྱེད་མཚམས་མ་བཞག་ན་ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ངེས་པར་དུ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་ལ་སྙན་སེང་ཞུ་དགོས།

    ཨར་ལས་བྱ་ཡུལ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་བྱུང་བ་ཤེས་ཚེ་ལས་གྲྭའི་ལྟ་ཞིབ་དོ་དམ་ཚན་པས་ངེས་པར་དུ་འཕྲལ་མར་རང་གནས་སའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་ལ་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་བཞི་པ། ཨར་ལས་བྱ་ཡུལ་དུ་ཨར་ལས་ཀྱི་ལྗིད་འདེགས་འཕྲུལ་ཆས་དང་། ཧྲིལ་འདེགས་ལས་ཁྲི་དང་ལུགས་པང་སོགས་རང་ཤུགས་འདེགས་སྒྲོམ་གྱི་སྒྲིག་བཀོད་བསྒར་སྒྲིག་དང་ལྷུ་བཤིག་བྱ་རྒྱུ་དེ་ཚེ་ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ཡོད་པའི་ཚན་པས་འགན་འཁུར་དགོས།

    ཨར་ལས་ཀྱི་ལྗིད་འདེགས་འཕྲུལ་ཆས་དང་། ཧྲིལ་འདེགས་ལས་ཁྲི། ལུགས་པང་སོགས་རང་ཤུགས་འདེགས་སྒྲོམ་གྱི་སྒྲིག་བཀོད་བསྒར་སྒྲིག་དང་ལྷུ་བཤིག་བྱེད་དགོས་ཚེ་ངེས་པར་དུ་ལྷུ་བཤིག་བྱ་རྒྱུའི་ཇུས་གཞི་བཟོ་དགོས་པ་དང་བདེ་འཇགས་ངང་ཨར་ལས་བྱ་རྒྱུའི་བྱ་ཐབས་བཟོ་དགོས་པ་མ་ཟད། ཆེད་ལས་ལག་རྩལ་པས་ལས་ཡུལ་དངོས་ལ་ལྟ་སྐུལ་ཡང་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། ལྟ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཨར་ལས་ཀྱི་ལྗིད་འདེགས་འཕྲུལ་ཆས་དང་། ཧྲིལ་འདེགས་ལས་ཁྲི། ལུགས་པང་སོགས་རང་ཤུགས་འདེགས་སྒྲོམ་གྱི་སྒྲིག་བཀོད་ལ་ཞིབ་དཔྱད་ཚད་ལེན་བྱེད་སྐབས་བདེ་འཇགས་ཀྱི་རྐྱེན་རྩ་ཡོང་གཞི་ཤེས་ཚེ་ངེས་པར་དུ་འཕྲལ་མར་ཡིག་ཐོག་ནས་བཀོལ་སྤྱོད་ཚན་པར་ཚད་གཞི་མ་ལོན་བར་བཅོས་སྒྲིག་བྱེད་དགོས་པའི་གསལ་བརྡ་གཏོང་དགོས།

    ལེའུ་བཞི་པ། ཨར་ལས་ཚན་པའི་བདེ་འཇགས་ཀྱི་འགན་འཁྲི།

    དོན་ཚན་ཉེར་དྲུག་པ། ཨར་ལས་ཚན་པས་ངེས་པར་དུ་ཁྲིམས་བཞིན་བབ་མཚུངས་གདང་རིམ་གྱི་འོས་ཐོབ་ལག་ཁྱེར་རག་པ་བྱེད་དགོས་པ་མ་ཟད། དེའི་འོས་ཐོབ་གདང་རིམ་གྱི་ཆོག་འཐུས་ཁྱབ་ཁོངས་ནང་དུ་ལས་གྲྭ་སྒྲུབ་འགན་ལེན་དགོས།

    ཨར་ལས་ཚན་པར་ངེས་པར་དུ་ཁྲིམས་བཞིན་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་འཁྲོལ་འཛིན་ཐོབ་པ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འཁྲོལ་འཛིན་མ་ཐོབ་པར་འཛུགས་སྐྲུན་ལས་གྲྭའི་ཨར་ལས་བྱེད་མི་ཆོག

    དོན་ཚན་ཉེར་བདུན་པ། ཨར་ལས་ཚན་པའི་ཁྲིམས་བཅད་འཐུས་ཚབ་པས་ཁྲིམས་བཞིན་རང་ཚན་པའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགན་འཁུར་དགོས་པ་མ་ཟད། དུས་བཀག་ནང་ལས་བཟོའི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ལས་བཟོའི་ཚོགས་ཆེན་ཐོག་རང་ཚན་པའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གྱི་ཐད་ཀའི་ཁག་བགོས་འགན་འཁུར་བས་ཁྲིམས་བཞིན་རང་ཚན་པའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཞིབ་ཕྲའི་འགན་འཁུར་དགོས། རྣམ་གྲངས་འགན་འཁུར་བས་ཁྲིམས་བཞིན་ལས་གྲྭ་དེ་གའི་རྣམ་གྲངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཕྱོགས་ཡོངས་ནས་འགན་འཁུར་དགོས། དོན་ཚན་ཉེར་བརྒྱད་པ། ཨར་ལས་ཚན་པས་ངེས་པར་དུ་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་སྦྱོང་བརྡར་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་སྦྱོང་བརྡར་མ་སྤྲས་པའམ་ཡང་ན་ཞིབ་དཔྱད་བྱས་ཏེ་ཚད་གཞི་མ་ལོན་མཁན་རྣམས་ལས་གནས་ཐོག་ལས་ཀ་བྱེད་མི་ཆོག

    ཨར་སྐྲུན་ལྗིད་འདེགས་འཕྲུལ་ཆས་བཀོལ་སྤྱོད་བྱེད་མཁན་དང་། བསྒར་སྒྲིག་ལྷུ་བཤིག་བཟོ་པ། འབར་གཏོར་བྱེད་མཁན། ལྗིད་འདེགས་བརྡ་གཏོང་བཟོ་པ། ལས་ཁྲི་སྒྲིག་བཟོ་བ་སོགས་དམིགས་བསལ་ལས་སྒྲུབ་པའི་རིགས་ལ་ངེས་པར་དུ་ཆེད་མངགས་བདེ་འཇགས་ལས་སྒྲུབ་ཀྱི་སྦྱོང་བརྡར་སྤྲོས་དགོས་པ་དང་འབྲེལ་དམིགས་བསལ་ལས་སྒྲུབ་བཀོལ་སྤྱོད་ཀྱི་འོས་ཐོབ་ལག་ཁྱེར་རག་རྗེས་གཞི་ནས་ལས་གནས་ཐོག་ལས་ཀ་བྱས་ཆོག

    གློག(རླངས)ཚ་ལ་རྒྱག་མཁན་དང་བཀྲག་རྩི་གཏོང་མཁན་ལ་ངེས་པར་དུ་ལས་གནས་ཐོག་མ་ཞུགས་གོང་མེ་སྐྱོན་འགོག་ཟོན་གྱི་བདེ་འཇགས་སྦྱོང་བརྡར་སྤྲས་རྗེས་གཞི་ནས་ལས་གནས་ཐོག་ལས་ཀ་བྱས་ཆོག

    དོན་ཚན་ཉེར་དགུ་པ། ཨར་ལས་ཚན་པས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལས་ཁུངས་འཛུགས་དགོས་ཤིང་། ཐོན་སྐྱེད་ཀྱི་གཞི་ཁྱོན་དང་འཚམ་ལ། ལས་གྲྭའི་ལས་རིམ་ལག་རྩལ་གྱི་གོ་མིང་ཡང་ཡོད་པའི་ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་དོ་དམ་པ་བསྐོ་སྒྲིག་བྱེད་དགོས།

    དོན་ཚན་སུམ་ཅུ་པ། ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་དོ་དམ་པས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ས་ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་འགན་འཁུར་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཡོང་གཞི་ཡོད་པ་ཤེས་ཚེ་ངེས་པར་དུ་འཕྲལ་མར་རྣམ་གྲངས་འགན་འཁུར་བ་དང་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་དོ་དམ་ལས་ཁུངས་ལ་སྙན་སེང་ཞུ་དགོས། སྒྲིག་འགལ་གྱིས་བཀོད་འདོམས་དང་བཀོལ་སྤྱོད་བྱེད་རིགས་ངེས་པར་དུ་འཕྲལ་མར་བཀག་འགོག་བྱེད་དགོས།

    ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་པས་འཛུགས་སྐྲུན་ལས་གྲྭ་བྱེད་རིང་ལས་གནས་ནས་ཁ་བྲལ་མི་ཆོག་པ་དང་། དུས་གཅིག་ཏུ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་གཉིས་སམ་གཉིས་ཡན་གྱི་ལས་ཡུལ་དངོས་ཀྱི་བདེ་འཇགས་ལྟ་སྐུལ་ལས་ཀའི་འགན་འཁུར་མི་ཆོག

    དོན་ཚན་སོ་གཅིག་པ། ཨར་ལས་ཚན་པས་ངེས་པར་དུ་གཞི་ཁྱོན་ངེས་ཅན་དུ་སླེབས་པའི་ཉེན་ཁ་ཆེ་ཙམ་ཡོད་པའི་སྡེ་ཁག་དང་རྣམ་གྲངས་དབྱེ་བགོས་ལས་གྲྭར་ཆེད་དམིགས་ཨར་ལས་ཇུས་གཞི་བཟོ་དགོས། ཁྲིམས་བཞིན་རིགས་སྒྲུབ་ཁུངས་སྐྱེལ་དང་ཞིབ་བཤེར་བྱེད་དགོས་རིགས་ལ་ཨར་ལས་ཚན་པས་ངེས་པར་དུ་རིགས་གཅིག་མཁས་དབང་སྒྲིག་འཛུགས་བྱས་ཏེ་རིགས་སྒྲུབ་ཁུངས་སྐྱེལ་དང་ཞིབ་བཤེར་བྱེད་དགོས།

    དོན་ཚན་སོ་གཉིས་པ། འཛུགས་སྐྲུན་ལས་གྲྭའི་ཨར་ལས་ལ་སྤྱི་ཡོངས་འགན་གཙང་ལེན་རྒྱུ་ལག་བསྟར་བྱས་ན་སྤྱི་ཡོངས་འགན་གཙང་ལེན་མཁན་ཚན་པས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་འགན་ཡོངས་རྫོགས་འཁུར་དགོས་པ་དང་། སྤྱི་ཡོངས་འགན་གཙང་ལེན་མཁན་ཚན་པས་ཁྲིམས་བཞིན་འཛུགས་སྐྲུན་ལས་གྲྭ་དེ་ཚན་པ་གཞན་དག་ལ་ཁག་བགོས་འགན་གཙང་སྤྲད་ན་ཁག་བགོས་འགན་གཙང་གི་གན་རྒྱའི་ནང་ཁ་ཆད་བྱས་པ་བཞིན་ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་དེ་ཁག་བགོས་འགན་གཙང་ལེན་མཁན་ཚན་པ་ནས་སྤྱི་ཡོངས་འགན་གཙང་ལེན་མཁན་ཚན་པར་འགན་འཁུར་དགོས་པ། སྤྱི་ཡོངས་འགན་གཙང་ལེན་མཁན་ཚན་པ་དང་ཁག་བགོས་འགན་གཙང་ལེན་མཁན་ཚན་པས་ཁག་བགོས་འགན་གཙང་ལེན་པའི་ལས་གྲྭའི་ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཐད་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་དགོས།

    དོན་ཚན་སོ་གསུམ་པ། ཨར་ལས་ཚན་པས་ངེས་པར་དུ་གྲོང་ཁྱེར་ནང་ཁུལ་གྱི་འཛུགས་སྐྲུན་ལས་གྲྭའི་ཨར་ལས་བྱ་ཡུལ་ལ་བཀག་བཅད་བྱེད་དགོས་ཤིང་། ཐལ་རྡུལ་དང་། རླངས་རོ། ཆུ་སྙིགས། སྲ་གཟུགས་དངོས་རོ། འཛེར་སྒྲ། གཡོ་འགུལ། དེ་བཞིན་ཨར་ལས་གློག་ཞུ་བཅས་ཀྱིས་བཙོག་སྐྱོན་དང་གནོད་སྐྱོན་བཟོ་རིགས་མི་ཡོང་སྔོན་འགོག་གམ་ཡང་ན་ཉུང་དུ་གཏོང་དགོས།

    དོན་ཚན་སོ་བཞི་པ། ཨར་ལས་ཚན་པས་ངེས་པར་དུ་ཨར་ལས་བྱ་ཡུལ་གྱི་ལམ་ཁ་ཁོད་སྙོམས་པོ་ཡོང་བ་དང་། མཁྲེགས་འགྱུར། ཤར་གཏོང་ཐུབ་པ་བཅས་འགན་སྲུང་བྱེད་དགོས་པ་མ་ཟད། འགྲིམ་འགྲུལ་གསལ་སྟོན་མཚོན་རྟགས་འགེལ་དགོས། ཨར་ལས་བྱ་ཡུལ་གྱི་ཉེན་ཁ་ཡོད་སར་ངེས་པར་དུ་མངོན་གསལ་དོད་ལ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་བདེ་འཇགས་ཉེན་ཟོན་མཚོན་རྟགས་འགེལ་དགོས། འཁོར་རིགས་དང་མི་འགྲོ་སར་ཨར་ལས་བྱེད་སྐབས་ངེས་པར་དུ་ཡུར་བུ་དང་། དོང་། ཁྲོན་པ་སོགས་ལ་ཁེབས་གཡོག་དགོས་པ་མ་ཟད། ཨར་ལས་མཚོན་རྟགས་དང་འགོག་ཟོན་སྒྲིག་བཀོད་འགེལ་དགོས།

    དོན་ཚན་སོ་ལྔ་པ། ཨར་ལས་ཚན་པས་ངེས་པར་དུ་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་བཟོ་དགོས་པ་དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་མི་སྣ་གཏན་འཁེལ་བྱེད་དགོས་ཤིང་། མེ་དང་། གློག འབར་གས་སླ་བའི་རྒྱུ་ཆ་སོགས་བེད་སྤྱོད་བྱ་རྒྱུའི་ཐད་ཀྱི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་དང་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལས་རིམ་བཟོ་དགོས།

    ཨར་ལས་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཞིར་བཟུང་ཨར་ལས་བྱ་ཡུལ་དུ་མེ་གསོད་བགྲོད་ལམ་དང་མེ་ཟོན་ཆུ་རྩ་བཟོ་དགོས་པ་དང་། མེ་སྐྱོན་འགོག་གསོད་ཀྱི་སྒྲིག་བཀོད་དང་མེ་གསོད་ཡོ་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། འཛུལ་སྒོའི་ཁར་མངོན་གསལ་དོད་པའི་མཚོན་རྟགས་འགེལ་དགོས།

    དོན་ཚན་སོ་དྲུག་པ། ཨར་ལས་ཚན་པས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་ཨར་ལས་བྱེད་མཁན་ལ་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་པའི་ཐོན་སྐྱེད་ཀྱི་ཁོར་ཡུག་དང་། འཚོ་བའི་སྒྲིག་བཀོད། ལས་སྒྲུབ་ཆ་རྐྱེན། འཕྲུལ་ཆས། དེ་བཞིན་བདེ་འཇགས་འགོག་ཟོན་གྱི་སྤྱོད་ཆས་བཅས་མཁོ་འདོན་བྱེད་དགོས།

    ཨར་ལས་ཚན་པས་ལས་མཇུག་འགྲིལ་མེད་པའི་ཨར་སྐྲུན་དངོས་པོའི་ནང་མི་སྣ་ཞག་སྡོད་བྱེད་དུ་འཇུག་མི་ཆོག

    ཨར་ལས་ཚན་པས་བཙུགས་པའི་འཚོ་བའི་ཁུལ་ལ་ངེས་པར་དུ་མེ་སྐྱོན་འགོག་གསོད་དང་དེ་མིན་བདེ་འཇགས་ཐད་ཀྱི་ཚད་གཞི་ལོན་པ་བྱེད་དགོས།

    དོན་ཚན་སོ་བདུན་པ། ཨར་ལས་ཚན་པས་ངེས་པར་དུ་ཨར་ལས་བྱ་ཡུལ་ལ་མ་བསྐྱོད་གོང་བདེ་འཇགས་ཀྱི་འགོག་ཟོན་སྤྱོད་ཆས་དང་། འཕྲུལ་ཆས། ཨར་ལས་འཕྲུལ་འཁོར་ཡོ་བྱད། དེ་བཞིན་ལྷུ་ལག་བཅས་ཀྱི་ཐོན་སྐྱེད(བཟོ་བ)འཁྲོལ་འཛིན་དང་ཐོན་རྫས་ཚད་ལོན་དཔང་ཡིག་ལ་ཞིབ་བཤེར་བྱེད་དགོས།

    ཨར་ལས་ཚན་པས་ངེས་པར་དུ་ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས་བདེ་འཇགས་ཀྱི་འགོག་ཟོན་སྤྱོད་ཆས་དང་། འཕྲུལ་ཆས། ཨར་ལས་འཕྲུལ་འཁོར་ཡོ་བྱད། དེ་བཞིན་ལྷུ་ལག་བཅས་ཆེད་མི་དམིགས་བཙུགས་བྱས་ཏེ་དུས་བཅད་ཀྱིས་ཞིབ་བཤེར་དང་། ཉམས་གསོ། བདག་སྐྱོང་བཅས་བྱེད་དགོས་པ་དང་། དེའི་ཐད་ཀྱི་དཔྱད་ཡིག་ཡིག་ཚགས་བཟོ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་དུས་ཐོག་ཏུ་བེད་མེད་ཟུར་འཇོག་བྱེད་དགོས།

    དོན་ཚན་སོ་བརྒྱད་པ། ཨར་ལས་ཚན་པས་ངེས་པར་དུ་བབ་མཚུངས་འོས་ཐོབ་ཡོད་པའི་ཚན་པར་ཨར་ལས་ཀྱི་ལྗིད་འདེགས་འཕྲུལ་ཆས་བསྒར་སྒྲིག་དང་ལྷུ་བཤིག་བྱ་རྒྱུ་མངག་བྱ་བྱེད་དགོས།

    བསྒར་སྒྲིག་བྱས་ཟིན་པའི་ཨར་ལས་ཀྱི་ལྗིད་འདེགས་འཕྲུལ་ཆས་དེ་ངེས་པར་དུ་བབ་མཚུངས་འོས་ཐོབ་ཡོད་པའི་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་བྱེད་དགོས། ཞིབ་དཔྱད་ཚད་ལེན་ནམ་ཡང་ན་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་མ་ལོན་ན་བེད་སྤྱོད་བྱེད་མི་ཆོག

    དོན་ཚན་སོ་དགུ་པ། ཨར་ལས་ཚན་པས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ལ་འཕྲལ་སྡོམ་རོགས་སྐྱོབ་བྱ་རྒྱུའི་སྔོན་ཇུས་བཟོས་ནས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    ཨར་ལས་ཚན་པས་ངེས་པར་དུ་འཕྲལ་སྡོམ་རོགས་སྐྱོབ་རྩ་འཛུགས་འཛུགས་དགོས་ཤིང་། འཕྲལ་སྡོམ་རོགས་སྐྱོབ་པ་དང་ཡོ་བྱད་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། དུས་བཅད་ཐོག་ནང་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།

    དོན་ཚན་བཞི་བཅུ་པ། ཨར་ལས་བྱ་ཡུལ་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་བྱུང་བ་ཤེས་སྐབས་ཨར་ལས་ཚན་པས་ངེས་པར་དུ་རྨས་སྐྱོན་ཕོག་མཁན་དང་རྒྱུ་ནོར་རིགས་འཕྲལ་མར་མྱུར་སྐྱོབ་བྱེད་དགོས་པ་དང་། ལས་འཛོལ་ཐོན་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་ལས་རིམ་བཞིན་གོང་ལ་སྙན་སེང་ཞུ་དགོས།

    མི་སྣ་མྱུར་སྐྱོབ་དང་། ལས་འཛོལ་རྒྱ་ཆེར་མི་འགྲོ་སྔོན་འགོག དེ་བཞིན་འགྲིམ་འགྲུལ་ལམ་བཤང་སོགས་བྱེད་དགོས་པའི་རྐྱེན་གྱིས་ལས་འཛོལ་ཐོན་ཡུལ་གྱི་དངོས་པོ་སྤོ་དགོས་ཚེ་ངེས་པར་དུ་དེ་གར་རྟགས་རྒྱག་དགོས་པ་དང་། ས་ཡུལ་དངོས་ཀྱི་སྟབས་བདེའི་རི་མོ་བྲིས་ཁར་ཡིག་ཐོག་ཟིན་ཐོ་ཡང་བཀོད་དེ་ས་ཡུལ་དངོས་ཀྱི་ཤུལ་རྗེས་དང་དངོས་དཔང་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཤིང་། ཆ་རྐྱེན་ཡོད་མཁན་གྱིས་ངེས་པར་དུ་པར་རྒྱག་པའམ་ཡང་ན་བརྙན་པར་དུ་ཕབ་དགོས།

    དོན་ཚན་ཞེ་གཅིག་པ། ཨར་ལས་ཚན་པས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ཉེན་ཆེའི་ལས་ཀ་བྱེད་མཁན་ལ་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་གྱི་འགན་བཅོལ་བྱེད་དགོས།

    བསམ་ཡུལ་ལས་འདས་པའི་གནོད་སྐྱོན་གྱི་འགན་བཅོལ་གྲོན་དངུལ་དེ་ཨར་ལས་ཚན་པས་སྤྲོད་རྒྱུ། བསམ་ཡུལ་ལས་འདས་པའི་གནོད་སྐྱོན་གྱི་འགན་བཅོལ་དུས་ཚད་དེ་འཛུགས་སྐྲུན་ལས་གྲྭ་འགོ་བཙུགས་ཉིན་ནས་ལས་མཇུག་བསྒྲིལ་ཏེ་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་མ་བྱུང་བར་ཡིན།

    ལེའུ་ལྔ་པ། ལྟ་སྐུལ་དོ་དམ།

    དོན་ཚན་ཞེ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་རང་སྲིད་འཛིན་ས་ཁོངས་ནང་གི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ལ་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་སྔོན་ཇུས་བཟོ་དགོས།

    དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་གཤམ་གསལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ། (གཅིག)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་འཛུགས་སྐྲུན་ལས་གྲྭའི་བཙན་ཤེད་རང་བཞིན་གྱི་ཚད་གཞི་བཅས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་།

    (གཉིས)འཛུགས་སྐྲུན་ལས་གྲྭའི་ནང་ཨར་ལས་བྱེད་མཁན་གཙོ་རྐང་སོ་སོའི་ཨར་ལས་བདེ་འཇགས་ཀྱི་བྱེད་ལས་དང་བདེ་འཇགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ། (གསུམ)འཛུགས་སྐྲུན་ལས་གྲྭའི་ཨར་ལས་ཀྱི་བདེ་འཇགས་དྲིལ་བསྒྲགས་དང་། སློབགསོ། སྦྱོང་བརྡར་བཅས་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ།

    (བཞི)འཛུགས་སྐྲུན་ལས་གྲྭའི་ཨར་ལས་བདེ་འཇགས་ཀྱི་ལས་འཛོལ་བརྟག་དཔྱད་བྱ་རྒྱུའི་ནང་ཞུགས་དགོས་པ།

    (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གཞན་དག་བཅས་སོ།

    དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས། གཤམ་གསལ་བྱ་ཐབས་ཁག་སྤྱད་ཆོག་པ་སྟེ།

    (གཅིག)ཞིབ་བཤེར་བྱ་ཡུལ་ཚན་པར་འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ཡིག་ཆ་དང་དཔྱད་ཡིག་མཁོ་འདོན་བྱ་རྒྱུའི་བླང་བྱ་འདོན་རྒྱུ་དང་།

    (གཉིས)ཞིབ་བཤེར་བྱ་ཡུལ་ཚན་པའི་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་བདེ་འཇགས་ཀྱི་ཞིབ་བཤེར་བྱ་རྒྱུ་མ་ཟད། ཞིབ་བཤེར་བྱས་པའི་དུས་ཚོད་དང་། གནས་ཡུལ། ནང་དོན། ཤེས་རྟོགས་བྱུང་བའི་གནད་དོན། དེ་བཞིན་ཐག་གཅོད་བྱས་ཚུལ་བཅས་ལ་ཟིན་ཐོ་འགོད་རྒྱུ། (གསུམ)ཨར་ལས་བྱེད་པའི་ཁྲོད་བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་དང་འགལ་བའི་བྱེད་སྤྱོད་རིགས་ཡོ་བསྲང་བྱེད་དུ་འཇུག་རྒྱུ། (བཞི)ཨར་ལས་ཀྱི་བདེ་འཇགས་རྐྱེན་རྩ་ཡོང་གཞི་ཤེས་ཚེ་ཞིབ་བཤེར་བྱ་ཡུལ་ཚན་པར་ཡོ་བསྲང་བྱེད་དུ་འཇུག་པའམ་ཡང་ན་རྐྱེན་རྩ་ཡོང་གཞི་མེད་པ་བཟོ་རུ་འཇུག་དགོས་པ་དང་། གཙོ་ཆེའི་བདེ་འཇགས་ཀྱི་ལས་འཛོལ་ཡོང་གཞི་མེད་པ་མ་བཟོས་གོང་ངམ་ཡང་ན་བཟོ་བའི་བརྒྱུད་རིམ་ནང་བདེ་འཇགས་ལ་འགན་ལེན་བྱེད་ཐབས་མེད་ན། ཉེན་ཁ་ཡོད་ཁུལ་ནས་ལས་ཀ་བྱེད་མཁན་ཕྱིར་འཐེན་བྱེད་དུ་འཇུག་པའམ་ཡང་ན་གནས་སྐབས་ཨར་ལས་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ།

    (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱ་ཐབས་གཞན་དག་བཅས་སོ།

    དེ་མིན་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུའི་འགན་འཁྲི་འཁུར་མཁན་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་གྱིས་ཨར་ལས་བྱ་ཡུལ་དུ་ཁྲིམས་ལྟར་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་ཕན་ཚུན་གཞོགས་འདེགས་དང་མཉམ་དུ་ཞིབ་བཤེར་བྱེད་དགོས་པ་དང་། ཁག་སོ་སོར་དངོས་འབྲེལ་ཞིབ་བཤེར་བྱེད་དགོས་ཚེ་ཞིབ་བཤེར་བྱས་འབྲས་རིམ་མཚུངས་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་ལ་བརྡ་ཁྱབ་གཏོང་དགོས།

    དོན་ཚན་ཞེ་ལྔ་པ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་ཨར་ལས་ཚན་པའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འཁྲོལ་འཛིན་ཐོབ་ཚུལ་ལ་ལྟ་སྐུལ་བྱེད་དགོས།

    དོན་ཚན་ཞེ་དྲུག་པ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྙན་ཞུ་དང་བརྟག་དཔྱད་ཐག་གཅོད་བྱ་རྒྱུ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱ་རྒྱུ།

    དོན་ཚན་ཞེ་བདུན་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་ལས་སྟེགས་སྤྱད་དེ་འཛུགས་སྐྲུན་ལས་གྲྭའི་གཞི་རྩའི་གནས་ཚུལ་དང་། ཐེ་ཞུགས་བྱེད་མཁན་ཚན་པ་གཙོ་བོ། ཨར་ལས་ཆོག་འཐུས། ལས་མཇུག་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ཆ་འཕྲིན་སྤྱི་ཚོགས་ཐོག་ལ་ཁྱབ་བསྒྲགས་བྱེད་དགོས།

    སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐོ་འགོད་དང་རྩད་ཞིབ་བྱེད་པའི་མ་ལག་འཛུགས་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་དང་ཐག་གཅོད་བྱས་འབྲས་སྤྱི་ཚོགས་ཐོག་ལ་ཁྱབ་བསྒྲགས་བྱེད་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་བརྒྱད་པ། རྩད་ཞིབ་དང་ཇུས་འགོད་ཚན་པར་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པ་དང་། དོན་ཚན་བཅུ་དགུ་པ། དོན་ཚན་ཉི་ཤུ་པ་བཅས་ཀྱི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གང་ཞིག་ཡོད་རིགས་ལ་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ཚད་བརྒལ་ཡང་ཡོ་བསྲང་མི་བྱེད་མཁན་ལ་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་། འོས་ཐོབ་གདང་རིམ་དམའ་རུ་གཏོང་རྒྱུ། ཐ་ན་འོས་ཐོབ་ལག་ཁྱེར་མེད་པ་བཟོ་རྒྱུ། གྱོང་གུན་བཟོས་ན་གུན་གསབ་འཇལ་འགན་འཁུར་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ་སྟེ།

    (གཅིག)རྩད་ཞིབ་ཚན་པས་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་ལས་གྲྭའི་འཛུགས་སྐྲུན་གྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་ལྟར་རྩད་ཞིབ་མ་བྱས་པ་དང་། དེས་མཁོ་འདོན་བྱས་པའི་རྩད་ཞིབ་དཔྱད་ཡིག་དང་ཡིག་ཆ་བདེན་པ་མིན་པ་དང་གནད་འཁེལ་མིན་པ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་མ་ཐུབ་པ་བཅས་ཀྱི་རིགས་དང་།

    (གཉིས)ཇུས་འགོད་ཚན་པས་འབྲེལ་ཡོད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་གནད་སྐོར་འཛུགས་སྐྲུན་དང་། ཨར་ལས། ལས་གྲྭའི་ལྟ་ཞིབ་དོ་དམ་སོགས་ཚན་པར་གསལ་བཤད་བྱས་མེད་ཁར་ལག་རྩལ་སྐོར་གནས་ཚུལ་གསལ་པོའང་ཞུས་མེད་པའི་རིགས།

    (གསུམ)ཇུས་འགོད་ཚན་པས་ཇུས་འགོད་ཡིག་ཆའི་ནང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་འགོག་ཟོན་བྱ་རྒྱུའི་ཐད་ཀྱི་མཛུབ་ཁྲིད་བསམ་འཆར་བཏོན་མེད་པའི་རིགས།

    (བཞི)བདེ་འཇགས་ཐད་ཀྱི་ལས་འཛོལ་ཐོན་རྗེས་རྩད་ཞིབ་དང་ཇུས་འགོད་ཚན་པས་བརྟག་དཔྱད་བྱ་རྒྱུར་གཞོགས་འདེགས་མ་བྱས་པའི་ཁར། རྩད་ཞིབ་དང་ཇུས་འགོད་ཀྱི་རྗེས་མཐུད་ཇུས་གཞིའི་ཁྲོད་འགོག་ཟོན་དང་ཞན་ཆ་སྐྱོང་གསབ་ཀྱི་བྱ་ཐབས་བཏོན་མེད་པའི་རིགས་བཅས་སོ།

    དོན་ཚན་ཞེ་དགུ་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ཏེ། སྤྱི་ཁྱབ་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བ་དང་ལྟ་ཞིབ་དོ་དམ་བཟོ་བཀོད་ཆེ་མོ་བས་མི་གཞན་ལ་ལྟ་ཞིབ་དོ་དམ་གྱི་འགན་འཁྲི་ཚབ་སྒྲུབ་བྱ་རྒྱུ་མངགས་བཅོལ་བྱས་པའམ་ཡང་ན་དུས་གཅིག་ཏུ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་གཉིས་སམ་གཉིས་ཡན་གྱི་བདེ་འཇགས་ལྟ་ཞིབ་དོ་དམ་བྱེད་འགན་ཁུར་རིགས་ལ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ཚད་བརྒལ་ཡང་ཡོ་བསྲང་མི་བྱེད་མཁན་ལ་སྒོར་ཁྲི་3ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཀྱི་ལས་འཛོལ་བཟོས་ན་ལྟ་ཞིབ་དོ་དམ་པའི་འོས་ཐོབ་ལག་ཁྱེར་གནས་སྐབས་བཀག་ཉར་རམ་ཡང་ན་མེད་པ་བཟོ་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ།

    དོན་ཚན་ལྔ་བཅུ་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་ལས་འགལ་ནས་ཨར་ལས་བྱེད་མཁན་ལ་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་སྦྱོང་བརྡར་མ་སྤྲས་པའམ་ཡང་ན་ཞིབ་དཔྱད་བྱས་ཏེ་ཚད་ལོན་མ་བྱུང་བར་ལས་ཀ་བྱེད་པ་དང་། དམིགས་བསལ་གྱི་ལས་སྒྲུབ་པར་དམིགས་བསལ་ལས་སྒྲུབ་ཀྱི་བཀོལ་སྤྱོད་འོས་བབ་ལག་ཁྱེར་མ་ཐོབ་པར་ལས་ཀ་བྱེད་པ། གློག(རླངས)གི་ཚ་ལ་རྒྱག་མཁན་དང་བཀྲག་རྩི་གཏོང་མཁན་ལ་ལས་གནས་ཐོག་མ་བསྐྱོད་གོང་དུ་མེ་སྐྱོན་འགོག་གསོད་ཀྱི་བདེ་འཇགས་སྦྱོང་བརྡར་མ་སྤྲས་པར་ལས་ཀ་བྱེད་པ་བཅས་ཀྱི་རིགས་ལ་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ཚད་བརྒལ་ཡང་ཡོ་བསྲང་མ་བྱས་ན་སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་བཟོས་ཤིང་། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ།

    དོན་ཚན་ང་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལས་འགལ་ནས་ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་དོ་དམ་པས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ནང་ལས་འཛོལ་གྱི་རྐྱེན་རྩ་ཡོང་གཞི་ཤེས་ཀྱང་། རྣམ་གྲངས་འགན་འཁུར་བ་དང་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་དོ་དམ་ལས་ཁུངས་ལ་འཕྲལ་མར་སྙན་སེང་མ་ཞུས་པ་དང་། སྒྲིག་འགལ་གྱིས་བཀོད་འདོམས་དང་བཀོལ་སྤྱོད་བྱེད་རིགས་འཕྲལ་མར་བཀག་འགོག་མ་བྱས་པ། འཛུགས་སྐྲུན་ལས་གྲྭ་གཉེར་རིང་ལས་གནས་ནས་ཁ་བྲལ་བ། ཡང་ན་དུས་གཅིག་ཏུ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་གཉིས་སམ་གཉིས་ཡན་གྱི་ལས་ཡུལ་དངོས་ཀྱི་བདེ་འཇགས་ལྟ་སྐུལ་ལས་ཀའི་འགན་ཁུར་བ་བཅས་ཀྱི་རིགས་ལ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ཚད་བརྒལ་ཡང་ཡོ་བསྲང་མི་བྱེད་མཁན་ལ་སྒོར་ཁྲི་3ཡན་དང་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་བྱུང་ན་ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་དོ་དམ་པའི་ཞིབ་དཔྱད་ལག་ཁྱེར་གནས་སྐབས་བཀག་ཉར་རམ་ཡང་ན་མེད་པ་བཟོ་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ།

    དོན་ཚན་ང་གཉིས་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཁྲོད་རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལས་གྲྭའི་ལྟ་ཞིབ་དོ་དམ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་སོགས་བྱེད་མཁན་གྱི་ཚན་པར་བབ་བསྟུན་གྱི་འོས་བབ་ཆ་རྐྱེན་དང་མ་མཐུན་པ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ཚད་བརྒལ་ཡང་ཡོ་བསྲང་མ་བྱས་ན་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་། འོས་ཐོབ་གདང་རིམ་དམའ་རུ་གཏོང་བའི་ཁར། ཐ་ན་འོས་ཐོབ་ལག་ཁྱེར་མེད་པ་བཟོ་རྒྱུ།

    དོན་ཚན་ང་གསུམ་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་དང་། དེ་བཞིན་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ལྟ་སྐུལ་ལས་ཁུངས་བཅས་ཀྱི་ལས་བྱས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུའི་ལས་ཀའི་ཁྲོད་རང་འགན་སྣང་མེད་དུ་བཞག་པ་དང་། འགན་དབང་གང་བྱུང་དུ་སྤྱད་པ། ཉེར་ཕྱོགས་གཡོ་ཟོལ་བྱས་པ་བཅས་ཀྱི་རིགས་ལ་དེ་ག་གནས་སའི་ཚན་པའམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ།

    དོན་ཚན་ང་བཞི་པ། འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་པའི་འཁྲི་འགན་གཙང་སྒྲུབ་བྱས་ཕྱིན་འགན་འཁྲི་བདའ་འདེད་མི་བྱ་རྒྱུ་དང་། དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱ་རྒྱུ།

    དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཆད་གཅོད་དེ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ཁྲིམས་བཅད་ཀྱི་འགན་དབང་བཞིན་ལག་བསྟར་བྱ་རྒྱུ།

    དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཆད་གཅོད་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་ང་བདུན་པ། ཉེན་སྐྱོབ་གེགས་སེལ་དང་ཞིང་འབྲོག་པ་རང་སོ་སོས་ཐོག་བརྩེགས་དམའ་བའི་སྡོད་ཁང་རྒྱག་པའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལ་སྲོལ་ཡིག་འདི་སྤྱད་ན་མི་འཚམ།

    དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདི་2015ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (ལྗོངས་མི་དམངས་འཐུས་ཚོགས་ཡིག་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།