དབུ་ཤོག>སྲིད་དོན།
  • ​ དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་དང་དེ་བཞིན་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-30

    ཚེས་27ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་དང་དེ་བཞིན་དཔལ་འབྱོར་ལས་དོན་སྐོར་གྱི་ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་དེ་དག་གཟིགས་རྒྱང་རིང་བ་དང་། བཀོད་སྒྲིག་ནུས་ལྡན། དབྱེ་ཞིབ་གཏིང་ཟབ། དཔྱད་དཔོག་འཕྱུགས་མེད་བཅས་ཡིན་པ་དེ་ཐོག་ནས་རྒྱུན་རྣམ་གསར་པའི་འོག་ཚན་རིག་དང་མཐུན་པའི་ངང་དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་བློ་གྲོས་དང་ངེས་ཤུགས་མཚོན་པ་དང་། དངོས་གཙོ་རྩོད་སྒྲུབ་རིག་པའི“གནད་གཉིས་སྨྲ་བ”དང“གཙོ་གནད་སྨྲ་བ”གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་པས་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་བརྩི་སྲུང་ཞུ་ས་གལ་ཆེན་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློའི་ངོས་འཛིན་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ལེགས་ཆ་དང་། གོ་སྐབས། ཡིད་ཆེས་བཅས་མཐོང་ཐུབ་པ་བྱེད་པ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ད་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་ཆེ་རུ་ཏིན་ཏིག་གཏོང་བ་དང་ཞི་མཐུན་བརྟན་ལྷིང་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ད་ལོ་ལྗོངས་ཡོངས་སུ་དོན་ཆེན་མང་ཞིང་། བྱ་བ་གལ་ཆེན་མང་བ་དང་། བཀྲ་ཤིས་པའི་བྱ་བ་མང་བ་བཅས་ཡིན་པས་རིམ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཚོགས་འདུའི་ཐོག་བསྟན་གནང་བའི“གཙོ་གནད་གསུམ་དམ་འཛིན་ཡག་པོ་བྱེད་དགོས་པའི”སྐོར་གྱི་བླང་བྱ་གཞིར་བཟུང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་དགོས་གཏུགས་ཀྱི་བསམ་བློ་བཙུགས་ནས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་གཡོ་འགུལ་མི་ཐེབས་པ་དང་ལྷོད་གཡེང་མི་གཏོང་བ་དང་ལས་འགན་ཉུང་དུ་དང་དམིགས་ཚད་འགྱུར་བ་མི་གཏོང་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་གཏན་འཁེལ་བྱས་པའི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་འཕྱུགས་མེད་ངང་ལེགས་སྒྲུབ་བྱེད་དགོས། གཅིག་ནས་མ་འཇོག་དོན་འཁྱོལ་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། དེང་སྐབས་ལ་དམ་འཛིན་དང་ཕུགས་ལ་ཇུས་འགོད་བྱས་ནས་ད་ཡོད་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ལ“ལོ་ལྔ་ཚན་བཅུ་གསུམ་པར”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ལའང་ཚན་རིག་དང་མཐུན་པའི་ངང་འཆར་འགོད་ཡག་པོ་བྱེད་དགོས།

    གཉིས་ནས་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་རྒྱལ་ཁབ་ཀྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་ལས་འཕྲད་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་དུས་བསྟུན་མདུན་སྐྱོད་བྱེད་དགོས།

    གསུམ་ནས་སྔོན་རྩིས་དོན་འཁྱོལ་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩར་དམ་འཛིན་བྱེད་པ། དུས་ཚོད་གསལ་པོ་བཟོ་བ། གཏོང་སྤྲོད་མགྱོགས་སུ་གཏོང་བ། རྗེས་འདེད་དཔྱད་དཔོག་བཅས་བྱས་ཏེ་ལྡོག་མེད་ཀྱི་ཚོད་འཛིན་བྱེད་ཐབས་ཐོག་ནས་སྔོན་རྩིས་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས།

    བཞི་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ལ་དམ་པོར་དམིགས་ནས་ཡུལ་སྐོར་རིག་གནས་དང་། རང་བྱུང་འཐུང་ཆུ། ནུས་རྒྱུ་གཙང་མ་དང་དེ་བཞིན་ས་མཐོའི་འདེབས་གསོ་དང་ལས་སྣོན་སོགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་གཙོ་གནད་ཐོག་སྐུལ་མ་གཏོང་དགོས།

    ལྔ་ནས་དམངས་འཚོ་ལེགས་གཏོང་གི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། དམངས་ལ་ཁེ་ཕན་སྐྲུན་པའི་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་པ་དང“ཞིང་གསུམ”ལས་དོན་ལ་རྒྱུན་སྲིང་ངང་ཤུགས་སྣོན་རྒྱག་དགོས།

    དྲུག་ནས་བདེ་འཇགས་དོ་དམ་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཚམས་ཚད་དེ་ཐོག་མཐའ་བར་གསུམ་དུ་བརྟན་པོ་ངེས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལས་དོན་ལ་རྒྱུན་སྲིང་ངང་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།

    བདུན་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། བརྟན་ལྷིང་ནི་གཙོ་བོ་ཡིན་པར་བརྟེན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་སྔར་བས་སྲ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་། སྔར་བས་ནུས་ལྡན་གྱི་བྱ་ཐབས། སྔར་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྣམ་པ་བཟང་པོ་དང་བརྟན་ལྷིང་གི་ཁོར་ཡུག་ཅིག་གཏོད་དགོས།

    བརྒྱད་ནས་ལྟ་སྐུལ་ཞིབ་བཤེར་དང་། ལྟ་སྐུལ་མཛུབ་ཁྲིད། སྒྲུབ་གཉེར་ལ་ལྟ་སྐུལ་བཅས་ཀྱི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། “ནན་གསུམ་དྲང་གསུམ”ཀྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཟུང་འབྲེལ་གྱིས་ལོ་འགོའི་ལས་འགན་དབྱེ་འབྱེད་དང་དཔྱད་བསྡུར་བྱས་ཏེ་ལྟ་སྐུལ་དང་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་དགོས།

    དགུ་ནས་བརྟག་དཔྱད་ཞིབ་འཇུག་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། རྒྱུན་རྣམ་གསར་པའི་འོག་སྤྱོད་ཚུལ་གསར་པ་དང་། བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ། འཇོན་ཐང་གསར་པ་བཅས་ཡོད་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་དང་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།