དབུ་ཤོག>སྲིད་དོན།
  • 《“ལོ་ལྔ་ཚན་བཅུ་གསུམ་པར”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི》དང“4·25”གཞིས་རྩེའི་ཡོམ་འགོག་གེགས་སེལ་གྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-29

    ཟླ་5ཚེས་26ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《“ལོ་ལྔ་ཚན་བཅུ་གསུམ་པར”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི》དང“4·25”གཞིས་རྩེའི་ཡོམ་འགོག་གེགས་སེལ་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། བོད་འདི་ཉིད་འཕེལ་རྒྱས་འགྲོ་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང《“ལོ་ལྔ་ཚན་བཅུ་གསུམ་པར”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི》ཚན་རིག་དང་མཐུན་པའི་ངང་སྒྲིག་བཟོ་ཡག་པོ་བྱ་རྒྱུ་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། མཐའ་སྐྱོང་བོད་བརྟན་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན་བཅས་ཐད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད། ཚོགས་འདུའི་ཐོག《རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིར》རྩ་དོན་ཐོག་གྲོས་འཆམ་བྱུང་བས་གང་མགྱོགས་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་བཏང་རྗེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ལ་སྔར་བས་ཞིབ་འཇུག་དང་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་བཟོའི་བརྒྱུད་རིམ་དེ་བསམ་བློར་བཅིངས་འགྲོལ་ཆེ་མོ་གཏོང་བ་དང་འདུ་ཤེས་གསར་བརྗེས་ཆེ་མོ་བྱེད་པའི་བརྒྱུད་རིམ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། མི་སེམས་ལ་སྐུལ་མ་ཐེབས་པ་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་ཀྱི་བརྒྱུད་རིམ། རྨང་གཞི་བརྟན་གཏོང་དང་ཕུགས་ལ་ཕན་ཞིང་ཚན་རིག་དང་མཐུན་པའི་ངང་འབྱུང་འགྱུར་འཆར་འགོད་བྱེད་པའི་བརྒྱུད་རིམ་བཅས་སུ་འགྱུར་བ་བྱས་ནས་ཀྲུང་དབྱང་གི་དགོངས་དོན་མཚོན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་བཅས་ཀྱི་ཚད་གཞི་མཐོ་བའི་འཆར་འགོད་ཅིག་སྒྲིག་བཟོ་བྱ་རྒྱུའི་འགན་ལེན་བྱེད་དགོས། གཅིག་ནས་དགོངས་དོན་སླར་ཡང་དོན་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དང་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི“མངོན་གསལ་གཉིས་དང་ཉེ་བཅར་གཉིས”ཀྱི་དམིགས་ཚད་བླང་བྱ་གང་ལེགས་མཚོན་པར་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་ངེས་གནས་དང་གཞི་རྩའི་བསམ་ཕྱོགས་དང་སྦྲེལ་མཐུད་དམ་ཟབ་ཀྱིས་འཛིན་ཐབས་ཆ་དྲུག་དང་། སྐུལ་འདེད་དྲུག མཐའ་ཚད་གསུམ་བཅས་ཡིན་པའི“663”སྲིད་གཞུང་གི་ལས་ཀའི་བསམ་ཕྱོགས་དེར་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། གཉིས་ནས་དམིགས་ཚད་སླར་ཡང་ཁ་གསལ་བཟོ་དགོས། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལས་དོན་ཁག་གི་ལྟེ་བའི་ལས་འགན་ཞིག་རེད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ། མི་རིགས་མཐུན་སྒྲིལ་དཔེ་བཟང་ཁུལ། སྤྱི་པའི་ཞབས་ཞུའི་དཔེ་སྟོན་ཁུལ། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ། འཛམ་གླིང་གི་ཡུལ་སྐོར་དམིགས་ས། ནུས་རྒྱུ་གཙང་མའི་རྟེན་གཞི་བཅས་གལ་ཆེན་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལམ་བུ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུར་དམ་པོར་དམིགས་ཏེ་མ་འཇོག་རྣམ་གྲངས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་འདི་ཉིད“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་རིང་འབད་འབུངས་མདུན་སྐྱོད་ཀྱིས་རྗེས་སུ་མ་ལུས་པ་བྱེད་དགོས། གསུམ་ནས་གཙོ་གནད་སླར་ཡང་མངོན་གསལ་དོད་དུ་གཏོང་དགོས། མ་འཇོག་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་། རྣམ་གྲངས་གལ་ཆེན་ཇུས་འགོད་ཡག་པོ་བྱེད་པ། རྣམ་གྲངས་ལ་བརྟེན་ནས་སྣེ་ཁྲིད་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་སྦྲེལ་མཐུད་དམ་ཟབ་བཅས་བྱས་ནས་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན། སྔོ་ལྗང་ཅན་བཅས་གསར་པ་སྤྱི་འདོམས་ཡག་པོ་བྱེད་པ་དང་། འགྲིམ་འགྲུལ་དང་། ནུས་རྒྱུ ཆུ་བེད། འཕྲིན་གཏོང་སོགས་གནད་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མངོན་གསལ་དུ་འཇོག་པ་དང་། མཐའ་མཚམས་དང་། མཐོ་གྲང་། ཐག་རིང་ལུང་ཁུག་སོགས་གནད་ཆེའི་ས་ཁོངས་མངོན་གསལ་དུ་འཇོག་པ། སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་གནད་ཆེའི་ཁྱབ་ཁོངས་མངོན་གསལ་དུ་འཇོག་པ། དབུལ་སྐྱོར་འགག་སྒྲོལ་དང་སྣོད་བཅུད་ཤེས་དཔལ་སོགས་གནད་ཆེའི་ལས་འགན་མངོན་གསལ་དུ་འཇོག་པ། ས་མཐོའི་འདེབས་གསོ་ལས་སྣོན་དང་། ཡུལ་སྐོར་རིག་གནས། རང་བྱུང་འཐུང་ཆུ། ནུས་རྒྱུ་གཙང་མ་སོགས་གནད་ཆེའི་ཐོན་ལས་མངོན་གསལ་དུ་འཇོག་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་མངོན་གསལ་དུ་འཇོག་པ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག“4·25”གཞིས་རྩེའི་ཡོམ་འགོག་གེགས་སེལ་རིང་གི་འཚོ་བའི་རོགས་སྐྱོབ་དང་། ཁྲལ་བསྡུ། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱས་ནས་མི་རྩ་བར་འཛིན་པ་དང་སྔོན་དུ་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གེགས་བར་བྱུང་བའི་མང་ཚོགས་ཚོའི་དེང་སྐབས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་མ་ཟད་ད་དུང་ཁོང་ཚོར་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་དགོས། ཁྱོན་ཡོངས་ལ་དམིགས་པ་དང་སྤྱི་འདོམས་སྐུལ་གཏོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་མཐའ་མཚམས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ། གྲོང་རྡལ་ཅན་གསར་པ་ཚོད་ལྟའི་འཛུགས་སྐྲུན་བཅས་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་ཁྱབ་ཚུལ་ལ་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་མཐའ་མཚམས་ཀྱི་འགག་སྒོའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགོ་འཛུགས་ས་མཐོ་པོའི་ངང་འཆར་འགོད་དང་ཚད་གཞི་མཐོ་པོའི་ངང་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡོམ་འགོག་གི་ཚད་གཞི་མཐོ་རུ་གཏོང་བ་དང་། ཕྱོགས་བསྡུས་ཆ་ལག་ཚང་བར་སྣང་ཆེན་བྱེད་པ། སྤུས་ཚད་བླང་བྱ་ནན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁྱད་ཆོས་དང་། ས་ཁོངས་ཁྱད་ཆོས། རིག་གནས་ཁྱད་ཆོས། དེང་རབས་ཁྱད་ཆོས་བཅས་ལྡན་པ་མ་ཟད། མཛེས་སྡུག་ལྡན་ལ་གནས་སྡོད་ལ་འཚམ་པའི་མཐའ་མཚམས་ཀྱི་གྲོང་གསེབ་དང་གྲོང་རྡལ་ཁག་གཅིག་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་གེགས་བར་བྱུང་བའི་མང་ཚོགས་རྣམས་སྔར་བས་མཛེས་སྡུག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།