དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་རྒྱུན་ཨུ་ལིའུ་ཡུན་ཧྲན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-25

    ཟླ་5ཚེས་24ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་ཀའི་སྐོར་གྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་རྒྱུན་ཨུ་ལིའུ་ཡུན་ཧྲན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས་དེང་སྐབས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་རྒྱུན་ཨུ་ལིའུ་ཡུན་ཧྲན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང”བཅས་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་དང་། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་བསམ་བློའི་ངོས་འཛིན་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་ཡང་འབད་བསྐྱར་འབད་དང་འགག་སྒྲོལ་དཀའ་སེལ་གྱིས་ཡོམ་འགོག་གེགས་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཐོག་ཞི་མཐུན་བརྟན་ལྷིང་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་དེང་སྐབས་ཡོམ་འགོག་གེགས་སེལ་དམ་འཛིན་ཡག་པོ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་གཙོ་གནད་ལས་དོན་གསུམ་ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་དང་དངོས་བརྩོན་དངོས་སྒྲུབ་ཀྱིས་གཙོ་གནད་མངོན་གསལ་དོད་པོ་དང་འགན་འཁྲི་དོན་འཁྱོལ་བྱས་ནས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གཅིག་ནས་ཡོམ་འཕྲོ་དང་ཞོར་ཐོན་གྱི་གནོད་འཚེ་ནན་འགོག་བྱེད་དགོས། ཡོམ་ཁུལ་དུ་ཡོམ་འཕྲོ་བར་མེད་རྒྱག་པ་དང་ཞོར་ཐོན་གནོད་འཚེ་ཕོག་ཚབས་ཆེ་བས་ལྟ་སྐུལ་ཚད་འཇལ་གྱི་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་འགོག་བཅོས་བྱ་རྒྱུར་སྣང་ཆེན་བྱེད་པ་དང་ཡོམ་འཕྲོ་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེས་སླར་ཡང་མི་སྣ་འཆི་རྨས་མི་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་ཞིབ་ཚགས་ངང་བཀོད་སྒྲིག་ཡག་པོ་བྱེད་དགོས། བཀོད་སྒྲིག་བྱ་ཡུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ་དང་དུས་མཚུངས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གེགས་ཁུལ་མང་ཚོགས་ལས་ཞུགས་བྱེད་རོགས་ཧུར་ཐག་བྱས་ཐོག་ལས་ཞུགས་ལ་བརྟེན་ནས་མི་སེམས་ལྷོད་ལ་བབས་པ་དང་། ལས་ཞུགས་ལ་བརྟེན་ནས་མིར་དོ་དམ་བྱེད་པ། ལས་ཞུགས་ལ་བརྟེན་ནས་མི་སེམས་བརྟན་པོ་ཡོང་བ་བཅས་བྱེད་དགོས་པ། གསུམ་ནས་མུ་མཐུད་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་དང་ཤར་གཏོང་འགན་ལེན་བྱེད་དགོས། ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དུས་ཚོད་དམ་འཛིན་གྱིས་སླར་གསོ་བྱས་ཏེ་སྐྱོན་ཤོར་མ་ཐག་མྱུར་བཟོ་དང་ཤར་གཏོང་ཐུབ་པ་བྱེད་དགོས། དུས་མཚུངས་གནས་སྐབས་ཤར་གཏོང་འགན་ལེན་དང་སླར་གསོ་བསྐྱར་སྐྲུན་ཟུང་འབྲེལ་དང་སྦྲེལ་མཐུད་མཐའ་འཁྱོངས་བྱས་ཏེ་བསྐྱར་དུ་འཛུགས་སྐྲུན་བྱེད་དགོས་པའི་དབང་གིས་ཐོན་ཁུངས་འཕྲོ་བརླག་ཐེབས་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་པ། བཞི་ནས་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཟོ་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་གཞིར་བཟུང་ས་ཡོམ་གེགས་ཁུལ་གཞན་དག་གི་ཉམས་མྱོང་ལ་དཔེ་བལྟས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་རོགས་སྐྱོབ་དང་། ཁྲལ་བསྡུ། དངུལ་རྩ་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་གང་མགྱོགས་བཟོས་ཏེ་གེགས་ཁུལ་གྱི་ཐོན་སྐྱེད་རང་སྐྱོབ་དང་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པ། ལྔ་ནས་གེགས་ཁུལ་མང་ཚོགས་ལ་སེམས་གསོ་ཡག་པོ་གཏོང་དགོས། འཕྲོད་བསྟེན་སྨན་བཅོས་ཆེད་ལས་ཀྱིས་གེགས་ཁུལ་མང་ཚོགས་ཀྱི་སེམས་ཁམས་གསེད་བཀྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ཀྱིས་མང་ཚོགས་ལ་ངང་རྒྱུད་རིང་པོས་བསམ་བློའི་སློབ་གསོ་བརྒྱབ་ནས་ཁོང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་བརྟན་དུ་གཏོང་རོགས་བྱེད་དགོས་པ། དྲུག་ནས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དང་ཡུན་རིང་སྡོད་གནས་སུ་ས་གཤིས་གནོད་འཚེ་དང་ས་གཤིས་ཐོན་ཁུངས་ཐེག་ནུས་ཚོད་སྐོར་བྱས་ཏེ་མི་རྩ་བར་འཛིན་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ། སྤྱི་འདོམས་ལྟ་རྟོག དེང་སྐབས་ལ་གཞི་ཚུགས་པ། ཕུགས་ལ་དམིགས་པ་བཅས་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་བསྐྱར་སྐྲུན་འཆར་འགོད་བཟོ་དགོས་པ། བདུན་ནས་གེགས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། གེགས་ཁུལ་དང་ལྷག་པར་དུ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སྤྱི་ཚོགས་འགལ་ཟླ་གྲལ་བཤེར་བྱས་ནས་སེལ་བ་དང་། སྤྱི་ཚོགས་དོ་དམ་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་ནན་འགོག་བྱེད་དགོས་པ། བརྒྱད་ནས་གླེང་ཕྱོགས་ཁོར་ཡུག་ཡག་པོ་གཏོད་དགོས། ཡོམ་འགོག་གེགས་སེལ་ཁྲོད་ཐོན་པའི་དཔེ་མཚོན་བཟང་པོ་བཙལ་འཚོལ་གང་ལེགས་བྱེད་པ་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག རླབས་ཆེན་མེས་རྒྱལ་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་རིགས་ཁག་གི་མང་ཚོགས་ཡག་བཅས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་རང་འགུལ་ངང་བསྟུན་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། གཅིག་ནས་དམིགས་ཚད་མ་འགྱུར་བ་བྱས་ཏེ་ཀྲུང་དབྱང་གི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་གཏོང་། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་འགན་ལེན་བཅས་བྱས་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག་གཏན་འཁེལ་བྱས་པའི་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཁག་ཇི་མ་ཇི་བཞིན་ངང་ལེགས་སྒྲུབ་བྱེད་དགོས་པ་དང་། གཉིས་ནས་ལས་འགན་ཉུང་དུ་མི་གཏོང་བར་གཏན་འཁེལ་གྱི་དམིགས་ཚད་གཞིར་བཟུང་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱེད་པ་དང་། ལྷུ་ཚིགས་རེ་རེ་བཞིན་དམ་འཛིན་ཡག་པོ་བྱེད་པ། ལས་འགན་རེ་རེ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་པ། གསུམ་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཐོན་ལས་ཁག་མཐུན་སྦྱོར་འཕེལ་རྒྱས་དང་དཔུང་གཤིབ་མཉམ་སྐྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག་སྤུས་ཚད་ཡོད་པ་དང་ཕན་འབྲས་ཡོད་པའི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱེད་དགོས་པ། བཞི་ནས་བྱེད་ཐབས་ཤུགས་ཆེར་བཏང་སྟེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གྱི་དངུལ་རྩའི་སྲིད་ཇུས་བེད་སྤྱོད་ཡག་པོ་གཏོང་བ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་ཀྱི་གསོན་ཤུགས་འཕེལ་བ། དམངས་གཉེར་དཔལ་འབྱོར་གྲ་རྒྱས་སུ་གཏོང་བ་བཅས་བྱས་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་ཐུབ་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་འགན་འཁྲི་དོན་འཁྱོལ་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྒྱུན་རྣམ་གསར་པར་བསྟུན་ནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ངོས་འཛིན་བྱེད་པ་དང་། དཔལ་འབྱོར་དུས་བབ་དབྱེ་ཞིབ་ཡང་དག་བྱེད་པ། ཁྲོམ་རའི་ཁོར་ཡུག་བཟང་པོ་བསྐྲུན་པ། དཔལ་འབྱོར་ཐད་ཀྱི་ཤེས་ལྡན་པ་ཤེས་རྟོགས་དང་བཀོལ་སྤྱོད་བྱེད་པ། ཐོན་དབང་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་སོགས་ཀྱི་འཇོན་ཐང་གསར་པ་ཁོང་དུ་ཆུད་པ་བྱས་ཐོག་བབ་བསྟུན་སྣེ་ཁྲིད་ཀྱིས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་འདི་ལོ་ལྗོངས་ཡོངས་སུ་དོན་ཆེན་དང་། གལ་ཆེའི་བྱ་བ། དགའ་འོས་པའི་བྱ་བ་བཅས་མང་པོ་ཡོད་པས་ངེས་པར་དུ་ཚད་མཐོའི་དོགས་ཟོན་དང་རིག་པ་དྭངས་གསལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དེང་སྐབས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཛ་དྲག་ཆེ་བའི་དུས་བབ་ངོས་འཛིན་གང་ལེགས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ་རྣམ་འགྱུར་དེ་བས་བརྟན་པ་དང་། བྱེད་ཐབས་དེ་བས་ནུས་ལྡན། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།