དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • ཀྲུང་གོ་གསར་པ་དབུ་བཪྙེས་པ་དེས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ལོ་རྒྱུས་ཀྱི་ལམ་བུ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ལོ་ངོ་བརྒྱ་ཕྲག་རིང་ཪྙིང་ཞེན་དང་རྗེས་ལུས་ཀྱི་ཞིང་བྲན་ལམ་ལུགས་མཁྲེགས་བཟུང་བྱས་ཁར་ས་ཁམས་ཁོར་ཡུག་ཕྱི་བཀག་ནང་སྡོམ་ཡིན་རྐྱེན་བོད་ཀྱི་སྤྱི་ཚོགས་དེ་འཕེལ་མེད་ཀྱི་གནས་སུ་གྱར་ཡོད། 1949 ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཡོང་ཕྱིར་སྔར་བྱུང་མྱོང་མེད་པའི་གོ་སྐབས་བཟང་པོ་འཕྲད་ཡོད་ལུགས་འཁོད་ཡོད་པ་རེད།

        1951ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དེ་སྔའི་བོད་ས་གནས་སྲིད་གཞུང་དང 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》ལ་མིང་རྟགས་བཀོད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་དེ་ཐོག་ནས་བོད་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པ་མངོན་གྱི་ཡོད་པ་རེད།

        1959 ལོ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་དབྱེ་མཚམས་ཤིག་ཡིན་པ་དང་། ལོ་དེར་བོད་ས་གནས་སྲིད་གཞུང་གི་ངོ་ལོག་མཐོ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་ཐབས་བྱ་ཆེད་བསླངས་པའི་ངོ་ལོག་ཟིང་འཁྲུག་ཕམ་ཉེས་བྱུང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུའི་བཀའ་བཏང་འཕྲལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ནས་ལོ་ངོ་བརྒྱ་ཕྲག་རིང་རྒྱུན་བསྲིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་སློག་སྟེ་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་ཁྱབ་ཆེ་ཤོས་དང་། གཏིང་ཟབ་ཤོས། ཡར་ཐོན་གྱི་དོན་སྙིང་ཟབ་ཤོས་ལྡན་པའི་སྤྱི་ཚོགས་བཅོས་སྒྱུར་བྱེད་འགོ་ཚུགས་ཡོད། དམངས་གཙོ་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱ་ཕྲག་ལ་བཅིངས་འགྲོལ་ཐོབ་ནས་བོད་ཀྱི་ལོ་རྒྱུས་ཐོག་སྐྱེ་བོ་ཀུན་འདྲ་མཉམ་དང་རང་དབང་ཡིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་མར་མངོན་འགྱུར་བྱུང་ནས་སླད་ཕྱིན་འཕེལ་རྒྱས་དང་ཡར་ཐོན་ཡོང་ཕྱིར་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

        1965ལོར་བོད་རང་སྐྱོང་ལྗོངས་བཙུགས་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སོགས་གཏན་འཁེལ་བྱས་མཐར་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་གྱི་མཆོང་སྐྱོད་མངོན་གྱུར་ཐུབ་ཡོད། ཆབ་སྲིད་ལམ་ལུགས་གསར་པ་བཟོས་པ་དང་དམངས་གཙོ་ཆབ་སྲིད་ཀྱི་འདུ་ཤེས་དར་སྤེལ་བཏང་བ་དང་བསྟུན་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཕྲག་དང་སྤྱི་ཚོགས་ཪྙིང་པའི་སྐུ་དྲག་ཚང་མ་དབང་ཆ་འདྲ་མཉམ་སྤྱོད་རྒྱུ་ཡོད་པའི་དེང་རབས་ཀྱི་སྤྱི་དམངས་ཤིག་ཏུ་གྱུར་ཏེ་རྒྱལ་ཁབ་ཀྱི་དོན་གནད་དོ་དམ་བྱེད་པའི་ནང་འདྲ་མཉམ་ངང་ཞུགས་རྒྱུ་དང་མི་རིགས་དེ་རང་དང་ས་ཁུལ་དེ་རང་གི་དོན་གནད་རང་འགུལ་ངང་དོ་དམ་བྱེད་པའི་ཆབ་སྲིད་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་ཧུར་སེམས་དང་གསར་གཏོད་བྱེད་སེམས་ཆེ་རུ་སོང་བ་རེད།

        1978ལོའི་རྗེས་སུ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པར་སླེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྣམ་པ་གསར་པ་ཐོན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་བོད་འཕེལ་རྒྱས་མགྱོགས་པོ་བཏང་ནས་ཀྲུང་གོའི་དེང་རབས་ཅན་བཞིའི་འཛུགས་སྐྲུན་ནང་མདུན་གྲལ་དུ་སླེབས་རྒྱུའི་དམིགས་ཚད་བཏོན་པ་དང་འབྲེལ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ་བོད་འཛུགས་སྐྲུན་བྱ་རྒྱུར་རོགས་རམ་ཤུགས་ཆེན་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་དུས་རབས་ཉེར་གཅིག་པར་སླེབས་ནས་བོད་འདི་ཉིད་འཕེལ་རྒྱས་མགྱོགས་མྱུར་འགྲོ་འགོ་ཚུགས་ཡོད། 2010 ལོའི་ཟླ་1 པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་གོམ་སྟབས་རྗེས་མར་བོད་འཕེལ་རྒྱས་གཏོང་བའི་དམིགས་ཚད་བཏོན་པ་སྟེ། 2015 ལོར་སླེབས་སྐབས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་ཆུང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་བསྐྲུན་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་བྱེད་པ། མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་ཡོང་བ་བྱེད་པ། སྤྱི་ཚོགས་མུ་མཐུད་བརྟན་ལྷིང་ཡོང་བ་བྱེད་པ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་རྨང་གཞི་དེ་བས་བརྟན་དུ་གཏོང་བ་དང་2020 ལོར་སླེབས་སྐབས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པ་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་ཕན་པ་མངོན་གསལ་དོད་པོ་ཐོབ་པ་བྱེད་པ། རང་ངོས་འཕེལ་རྒྱས་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས་ལུགས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།