དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་10བསྟུད་མར་གྲངས་གནས་གཉིས་ཡན་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དེས་བོད་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅེས་འཁོད་ཡོད། 2012ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་5719ཟིན་ནས་ལོ་10བསྟུད་མར་གྲངས་གནས་གཉིས་ཡན་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18028ཟིན་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པ་ལྟར་1994ལོ་ཚུན་དུ་བོད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་19བསྟུད་མར་གྲངས་གནས་གཉིས་ཡན་འཕར་ནས་ལོ་རེར་ཆ་སྙོམས་12.7%འཕར་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་དུས་རབས་21པར་སླེབས་པ་ནས་བཟུང་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་དེ་མྱུར་ལམ་ཐོག་སླེབས་ཡོད་པ་རེད། 2010ལོའི་ཟླ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་གོམ་སྟབས་རྗེས་མའི་བོད་ཀྱི་འཕེལ་རྒྱས་དམིགས་ཚད་བཏོན་ཡོད། 2015ལོར་སླེབས་སྐབས་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་ཡོང་བ་བཅས་ཀྱི་ཁར་མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་དང་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་དང་། 2020ལོར་སླེབས་སྐབས་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་དང་འདྲ་པོ་ཡོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་པོ་ཡོང་བ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱེད་པ། རང་ངོས་འཕེལ་རྒྱས་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་གྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།