དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱིས་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཪྙིང་པར་ཞིང་འབྲོག་ལས་དང་ལག་ཤེས་བཟོ་ལས་ཙམ་ལས་མེད་པ་མ་ཟད། རྗེས་ལུས་ཆེན་པོ་ཐེབས་པའི་རང་བྱུང་དཔལ་འབྱོར་གྱི་རྣམ་པར་གནས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་དཔལ་འབྱོར་མ་ལག་བཙུགས་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་མི་རྩ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་དང་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། འབུད་ཚད་ཆེ་བ་བཅས་ཀྱི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་བཀག་འགོག་ནན་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཁོར་ཡུག་སྲུང་སྐྱོང་དང་གཅིག་གྱུར་ཡོང་བ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་ཞིང་འབྲོག་ལས་ནི་བོད་ཀྱི་སྲོལ་རྒྱུན་ཐོན་ལས་ཤིག་ཡིན་ལ་རྨང་གཞིའི་ཐོན་ལས་ཤིག་ཀྱང་ཡིན། ལོ་མང་རིང་བོད་ཀྱི་ཞིང་འབྲོག་ལས་ལ་སོར་ཆུད་སྐྱེ་འཕེལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་གི་རང་བདག་དབང་ཆ་གཤམ་སྤྲོད་དང་། ཞིང་ལས་ཀྱི་དཔྱ་ཁྲལ་ཆག་ཡང་གཏོང་བ། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་འདུས་ཚད་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཐོན་སྐྱེད་ནུས་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤེལ་བ་བརྒྱུད་ཞིང་འབྲོག་ལས་སྒོ་ཀུན་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་ཡོད། ད་ཕན་ལོ་ཤས་རིང་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་90ཡན་རྒྱུན་འཁྱོངས་ཐུབ་པ་བྱུང་ཞིང་། ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་རྟེན་གཞི་ཧུར་ཐག་བསྐྲུན་པས་ཐོན་ལས་དང་པོའི་རིན་ཐང་འཕར་མ་དེ་1959ལོའི་སྒོར་དུང་ཕྱུར་1.28ནས་2012ལོའི་སྒོར་དུང་ཕྱུར་80.38བར་འཕར་ནས་ལོ་རེར་ཆ་སྙོམས་4.7%འཕར་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པ་གཞིར་བཟུང་། ལོ་60ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད་བོད་ཀྱི་དེང་རབས་བཟོ་ལས་དེ་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་རིམ་གྱིས་འཕེལ་རྒྱས་ཕྱིན་ཡོད། ད་ཆ་ནུས་རྒྱུ་དང་། ཡང་བའི་བཟོ་ལས། འཁེལ་འཐག འཕྲུལ་ཆས། གཏེར་འདོན། བཟོ་སྐྲུན། རྫས་འགྱུར་བཟོ་ལས། བཟའ་བཅའི་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་རིགས་20ལྷག་ཙམ་ཚུད་པའི་དེང་རབས་བཟོ་ལས་མ་ལག་ཤིག་བསྐྲུན་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་དེ་1956ལོའི་སྒོར་དུང་ཕྱུར་0.014ནས་2012ལོའི་སྒོར་དུང་ཕྱུར་105.91བར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།