དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ཉམས་མྱོང་དང་བློ་སྐྱེད་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་22ཉིན 《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ལོ་60ལྷག་རིང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་འཕེལ་རིམ་དང་དེའི་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྐོར་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན། འདས་པའི་ལོ་60ལྷག་རིང་མིའི་རིགས་ཀྱི་སྤྱི་ཚོགས་ལོ་ངོ་བརྒྱ་ཕྲག་དང་ཐ་ན་སྟོང་ཕྲག་གི་རིང་ད་གཟོད་བགྲོད་ཐུབ་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་བོད་འདི་ཉིད་ཀྱིས་བརྒྱུད་ཚར་བ་དང་། མིའི་རིགས་ལོ་རྒྱུས་སུ་རྔམ་བརྗིད་ལྡན་པའི་ལེའུ་ཞིག་བརྩམས་ཡོད། ད་ལྟ་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་། ཆབ་སྲིད་ཡར་ཐོན། རིག་གནས་དར་རྒྱས། སྤྱི་ཚོགས་ཞི་མཐུན། སྣོད་བཅུད་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བཅས་ཡིན་པའི་བོད་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་བཞིན་ཡོད་ཅེས་འཁོད་འདུག

        རྒྱབ་ཤ་དཀར་པོའི་དེབ་དེའི་རྩོམ་ཧྲིལ་པོར་རྒྱ་ཡིག་གི་ཡིག་འབྲུ་ཁྲི་2ལྷག་ཟིན་པ་དང་གྲངས་གཞི་དང་དོན་དངོས་འབོར་ཆེན་ལ་བརྟེན་ནས་ཕྱོགས་6གི་ཐད་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་སྟེ། དེའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་ལོ་རྒྱུས་ཀྱི་ལྡོག་མེད་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་། ཆབ་སྲིད་ཡར་ཐོན་དང་མི་དམངས་ཀྱི་རང་ཐག་རང་གཅོད། རིག་གནས་སྲུང་སྐྱོང་དང་ཆོས་དད་རང་མོས། སྤྱི་ཚོགས་འགྱུར་ལྡོག་དང་བྱ་གཞག་ཁག་གི་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་བྱས་པ་ཚུད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་པ་ནས་བོད་འདི་ཉིད་དེང་རབས་ཤེས་དཔལ་ཁྲོད་ཞུགས་འགོ་བརྩམས་ཤིང་། ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བཪྙེས་པ། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་དེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་མགྱོགས་མྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་འཕེལ་རྒྱས་ལ་བརྟེན་ནས་ད་ལྟའི་བོད་འདི་ཉིད་དུས་རབས་20ཡི་ལོ་རབས་50པའི་གོང་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཅིང་། བོད་མི་དམངས་ལ་རང་དབང་དང་། འདྲ་མཉམ། ལ་རྒྱ་བཅས་ཐོབ་ནས་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ཀྱང་སྒོ་ཀུན་ནས་ལོངས་སུ་སྤྱོད་བཞིན་ཡོད་ལ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་འཚམ་ལ་དེ་ནི་ཀྲུང་གོ་སྒོ་ཀུན་ནས་འཕེལ་རྒྱས་དང་ཡར་ཐོན་གྱི་ལྡོག་མེད་འབྲས་བུ་ཞིག་ཡིན། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་མིའི་རིགས་སྤྱི་ཚོགས་ཀྱིས་དྲང་བདེན་དང་བདེ་སྐྱིད་རེ་སྙེག་བྱས་པའི་ཡར་བརྩོན་གྱི་སྙིང་སྟོབས་དང་གསར་གཏོད་ནུས་པའི་རྒྱལ་ཁ་དང་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་ཀྱང་རེད་ཅེས་འཁོད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་དེང་རབས་དཔལ་འབྱོར་བཙུགས་པ་དང་འཕེལ་རྒྱས་བཏང་བ་དེས་བྱ་གཞག་ཁག་བརྩོན་ལེན་གོང་འཕེལ་ཡོང་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། དམངས་གཙོའི་བཅོས་སྒྱུར་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་ལ་བརྟེན་ནས་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཙུགས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཁབ་དང་། སྤྱི་ཚོགས། རང་གི་ལས་དབང་གི་བདག་པོ་བཅས་སུ་དངོས་གནས་གྱུར།

        ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་དང་འཐུས་ཚང་དུ་སོང་བ་དང་བསྟུན་བོད་ཀྱི་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་ཟམ་མི་ཆད་པར་སོང་བ་དང་། དམངས་གཙོའི་ཐབས་ལམ་ཉིན་བཞིན་ཕུན་སུམ་ཚོགས་སུ་སོང་བ་དང་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་ལམ་ཆེ་རུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད། ལོ་ངོ་མང་པོའི་རིང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ཧུར་ཐག་དང་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་ལ་སྒོ་ཀུན་ནས་བརྩི་འཇོག་བྱས་ཏེ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་བྱུང་བ་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་དད་ཁྲིམས་ལྟར་སྲུང་སྐྱོང་ཐུབ་ཡོད།

        ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་བྱས་པ་དང་བསྟུན་བོད་ཀྱི་སྤྱི་ཚོགས་ལའང་སྲོལ་རྒྱུན་ནས་དེང་རབས་ལ་ཕྱོགས་ཡོངས་སུ་འགྱུར་ལྡོག་བྱུང་བ་དང་། མི་དམངས་ཀྱི་སློབ་གསོ་ཐོབ་པའི་དབང་ཆ་དང་། ལས་ཞུགས་དབང་ཆ། བདེ་ཐང་གི་དབང་ཆ། སྤྱི་ཚོགས་འགན་སྲུང་དབང་ཆ་བཅས་ལ་འགན་ལེན་སྔར་བས་བྱུང་ཁར་བྱ་གཞག་ཁག་ཀྱང་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ། གཞན་ཡང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བརྩིས་པ་དང་། སྣོད་བཅུད་ཤེས་དཔལ་དར་སྤེལ་ཤུགས་ཆེན་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཡོད། མིག་སྔར་བོད་ནི་འཛམ་གླིང་དུ་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ་ས་ཁོངས་ཕལ་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད་ཅེས་འཁོད་ཡོད།

        དེ་དང་ཆབས་ཅིག་རྒྱབ་ཤ་དཀར་པོའི་དེབ་ནང་བོད་འདི་ཉིད་ཀྱིས་བརྒྱུད་པའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་ལྟ་བྱས་ན་རྩ་ཆེ་ལ་གཏིང་ཟབ་པའི་བློ་སྐྱེད་མང་པོ་བཞག་ཡོད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཡང་དག་ཅིག་འདེམས་པ་དང་། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ། ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་བཅས་དང་ཁ་འབྲལ་ཐབས་མེད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་མིག་མཐོང་ལག་ཟིན་ཡིན་ལ་ཕྱོགས་ལྷུང་གི་ལངས་ཕྱོགས་མི་འཛིན་མཁན་ཚང་མས་དེའི་ཐད་ངོ་མཚར་དུ་བརྩི་བ་དང་བོད་ལ་སེམས་ཁུར་དངོས་གནས་བྱེད་མཁན་ཀུན་གྱིས་དེ་ལ་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། འོན་ཀྱང་མི་ཉུང་ཤས་ཀྱིས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་མཐོང་ཡང་མ་མཐོང་བ་ལྟར་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་ཚིག་མཚོན་ཤུགས་ཆེན་བཏབ་ཁར་བོད་ཀྱི་འཕེལ་རྒྱས་བགྲོད་ལམ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་བརྩོན་བྱས་པའི་དེང་རབས་ཅན་གྱི་བྱ་གཞག་ལ་ཁས་ལེན་བྱེད་ཀྱི་མེད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་ལོ་ངོ་60ལྷག་གི་འཕེལ་རྒྱས་དང་ཡར་ཐོན་གྱི་དོན་དངོས་ལས་བོད་མི་དམངས་ནི་འཛམ་གླིང་མི་དམངས་དང་འདྲ་བར་དེང་རབས་ཤེས་དཔལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དབང་དང་། རང་ཉིད་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དབང་། རང་ཉིད་ཀྱི་འཚོ་བ་སྤྱོད་སྟངས་གདམ་ག་བྱེད་དབང་བཅས་ཡོད་པ་ར་འཕྲོད་བྱུང་ཡོད། དེང་སྐབས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཅེས་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།