དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་གྲངས་གཞིའི་ཡིག་ཚགས་ཁང་གི་རྣམ་པ་རགས་ཙམ་ཆགས་ནས་ལྗོངས་ཡོངས་ཀྱི་གྲངས་གཞི་མཉམ་སྤྱོད་རིམ་བཞིན་མངོན་འགྱུར་ཡོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས (ཁང )ཀྱི་ཅུས་ཀྲང་བློ་བཟང་རྣམ་རྒྱལ་གྱིས་ཉིན་ཤས་གོང་འཚོགས་པའི་བོད་ཀྱི་ཡིག་ཚགས་ལས་དོན་གྱི་ལོ་འཁོར་ཚོགས་འདུའི་ཐོག་བོད་དུ་གྲངས་གཞིའི་ཡིག་ཚགས་ཁང་གི་རྣམ་པ་རགས་ཙམ་ཆགས་ཟིན་པ་དང་བོད་ལྗོངས་ཡིག་ཚགས་ཁང་གིས་ལྗོངས་ཡོངས་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་གཞིའི་མཛོད་བསྡུ་སྒྲིལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལྗོངས་ཡོངས་སུ་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་གཞིའི་མཛོད་མཉམ་འཛུགས་དང་མཉམ་སྤྱོད་བྱ་རྒྱུ་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

        བློ་བཟང་རྣམ་རྒྱལ་གྱིས་2011ལོར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་དཀར་ཆག་ལྟེ་གནས་འཛུགས་སྐྲུན་གྱི་ལས་དོན་དངོས་སུ་སྤེལ་བ་དང་། “བོད་ལྗོངས་ཡིག་ཚགས་དོ་དམ་དྲ་བ ”དངོས་སུ་འཁོར་སྐྱོད་དང་བེད་སྤྱོད་བྱས་པ། “བོད་ལྗོངས་ཡིག་ཚགས་ཆ་འཕྲིན་དྲ་བ ”དང “བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས (ཁང )ཀྱི་གཞུང་དོན་དྲ་བ ”སྔ་རྗེས་སུ་ཤར་གཏོང་འཁོར་སྐྱོད་བྱས་ཡོད་ཅེས་གསུངས་ཤིང་། ཁོང་གིས་བོད་དུ་ཡིག་ཚགས “བསྡུ་རུབ་དང་། དོ་དམ། ཉར་ཚགས། བེད་སྤྱོད ”བཅས་ཀྱི་ནུས་པ་ལྡན་པའི་གྲངས་གཞིའི་ཡིག་ཚགས་ཁང་གི་རྣམ་པ་རགས་ཙམ་ཆགས་ཡོད་ཅེས་གསུངས་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ཡིག་ཚགས་ལེགས་སྒྲིག་གི་ལས་ཀའི་གོམ་སྟབས་མགྱོགས་སུ་གཏོང་ཆེད་བོད་ལྗོངས་ཡིག་ཚགས་ཁང་གིས “བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དམ་མ་ལག ”གི་མཉེན་ཆས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པ་དེས་ལོ་རྒྱུས་ཡིག་ཚགས་ཀྱི་ཉར་ཚགས་དོ་དམ་དང་། ཐོ་འགོད། མྱུར་སྐྱོབ་སྲུང་སྐྱོང་། རྩོམ་སྒྱུར། གསར་སྤེལ་བེད་སྤྱོད་སོགས་ལ་རྒྱབ་རྟེན་ཡོང་གི་ཡོད་པ་རེད། བོད་ལྗོངས་ཡིག་ཚགས་ཁང་གིས་2011ལོ་ལོ་འཁོར་མོར་ཡིག་ཚགས་བམ་པོ་ཁྲི་12གྲངས་གཞི་ཅན་དུ་འགྱུར་བ་བྱས་པ་དང་ཉིང་ཁྲི་དང་མངའ་རིས་ས་ཁུལ་གྱིས་ཀྱང་ལོ་རྒྱུས་ཡིག་ཚགས་ཁག་3100དང་1340སོ་སོར་གྲངས་གཞི་ཅན་དུ་འགྱུར་བ་བྱས་ཡོད་པ་རེད།

        བློ་བཟང་རྣམ་རྒྱལ་གྱིས་ཡིག་ཚགས་ཁང་ནང་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ཆ་ཚང་ཕབ་འཇུག་བྱེད་པའི་ལས་དོན་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཡིག་ཚགས་གློག་རྡུལ་གྱིས་འདྲ་བཤུ་བྱེད་པའི་ལས་དོན་དེ་ཕྱི་ཕྱོགས་ལ་འགན་གཙང་སྤྲད་དེ་ཡིག་ཚགས་གྲངས་གཞི་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། 2012ལོར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་གི་ཡིག་ཚགས་ཁང་གིས་ཁང་ནང་ཉར་ཚགས་བྱས་པའི་ཡིག་ཚགས་ཀྱི་ཡིག་ཆ་རིམ་པའི་དཀར་ཆགས་ཕབ་འཇུག་གི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཡིག་ཚགས་དང་གཉེན་སྒྲིག་ཡིག་ཚགས་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཆེད་དོན་དཀར་ཆག་གི་གྲངས་གཞིའི་མཛོད་དང་དེ་བཞིན་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཆེད་དོན་གྲངས་གཞིའི་མཛོད་གཞན་དག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་གསུངས་པ་རེད།

        བོད་ལྗོངས་ཡིག་ཚགས་ཁང་དུ་ཡོན་རྒྱལ་རབས་ནས་འགོ་བཙུགས་ཏེ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་བརྒྱུད་མི་སེར་རྒྱལ་ཁབ་དུས་སྐབས་ནས་དུས་རབས་གོང་མའི་ལོ་རབས་50བར་གྱི་ལོ་རྒྱུས་ཡིག་ཚགས་ཉར་ཚགས་བྱས་ཡོད་པ་དང་དུས་ཚོད་ལོ་700ལྷག་ཙམ་ཕྱིན་པ་དང་ལོ་རྒྱུས་ཡིག་ཚགས་ཆ་ཚང་150ལྷག་ཙམ་དང་བམ་པོ་དང་དེབ་ཁྲི་300ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།