དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་དྲུག་ཅུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས།

        དཀར་ཆག

        འགོ་བརྗོད།

        གཅིག བོད་དུ་ཞི་བའི་བཅིངས་འགྲོལ་ཐོབ་པ།

        གཉིས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་60ཡི་འཕེལ་རིམ།

        གསུམ་པ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྲུབ་འབྲས།

        མཇུག་བྱང་།

        འགོ་བརྗོད།

        1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》(གཤམ་ལ་བསྡུས་མིང་དུ 《གྲོས་མཐུན་དོན་ཚན་བཅུ་བདུན 》ཞེས་འབོད་རྒྱུ )ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་ཐོབ་ཡོད།

        བོད་ཞི་བས་བཅིངས་འགྲོལ་བཏང་བ་དེ་ནི་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདག་དབང་ལ་སྲུང་སྐྱོང་བྱེད་པའི་རླབས་ཆེན་འཐབ་རྩོད་ཁྲོད་ཀྱི་དོན་ཆེན་ཞིག བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག བོད་འདི་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པ་དང་རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པའི་འགོ་འཛུགས་ས་ཞིག་བཅས་རེད།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་ནང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་བརྒྱུད་ནས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ལ་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཐོབ་པ་དང་། སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། མིའི་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་བཅས་རེད། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་རླབས་ཆེན་ཞིག་ཡིན་ལ་ཀྲུང་གོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན།

        འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་གི་བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱེད་པ་དང་། བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་བོད་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། དོན་དངོས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་ཀྱིས་སྤེལ་བའི་རྫུན་གཏམ་སྣ་ཚོགས་ཀྱི་མཐིལ་བརྟོལ་རྒྱུ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་60ཡི་རིང་གི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ཤེས་རྟོགས་ཡང་དག་ཐུབ་པ་བྱས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དངོས་འབྲེལ་ཚོར་བ་བྱེད་པ་དང་ཤེས་རྟོགས་ཡོང་བ་བྱ་རྒྱུར་ཕན་ཐོགས་ཡོད།

         གཅིག     བོད་དུ་ཞི་བའི་བཅིངས་འགྲོལ་ཐོབ་པ།

        (དང་པོ ) བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ།

        ཀྲུང་གོ་ནི་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཅིག་ཡིན་པ་དང་བོད་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་མངའ་ཁོངས་དང་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་པ་དང་ཀྲུང་གོའི་མངའ་ཁོངས་ནང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་པའི་བོད་རིགས་ཀྱིས་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཅིག་བཏོད་པ་དང་དེ་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གྲུབ་པ་དང་དེ་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གནའ་རྫས་རྟོག་ཞིབ་དང་རིག་གཞུང་ཞིབ་འཇུག་འབོར་ཆེན་བྱས་པའི་ཐོག་ནས་བོད་རིགས་དང་རྒྱ་རིགས་དང་དེ་མིན་སྤུན་ཟླའི་མི་རིགས་ཚང་མ་གནའ་སྔ་མོ་ནས་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པ་དང་། སྐད་ཡིག་དང་རིག་གནས་སོགས་ཀྱི་ཐད་འབྲེལ་བ་དམ་ཟབ་ཡོད་པའི་ཁར་བོད་ས་གནས་དང་ཀྲུང་གོའི་ནང་སའི་དབར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཐད་ཀྱི་འགྲོ་འོང་ཐོག་མཐའ་བར་གསུམ་དུ་རྒྱུན་ཆད་མྱོང་མེད་པ་གསལ་བཤད་བྱུང་ཡོད། དུས་རབས་13པའི་ནང་ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ཧྲི་ཅའོ་ཙུང་ཀྲི་ཡོན་དང་ཞོན་ཀྲིང་ཡོན་བཙུགས་ནས་བོད་ལྗོངས་ས་ཁུལ་གྱི་དམག་སྲིད་དོན་ཆེན་བདག་སྐྱོང་ཐད་ཀར་བྱས་ནས་བོད་ས་གནས་དངོས་སུ་ཀྲུང་དབྱང་སྲིད་འཛིན་གྱི་བདག་ཁོངས་སུ་གཏོགས་ཡོད། དེ་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བདག་སྐྱོང་བྱེད་རྒྱུ་རིམ་གྱིས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་པ་དེའི་ཁྲོད་བོད་ས་གནས་ཀྱི་སྲིད་འཛིན་སྒྲིག་གཞི་དང་དེ་བཞིན་བོད་ས་གནས་ཀྱི་དཔོན་རིགས་བསྐོ་བཞག་གི་དབང་ཆ་ཐད་ཀར་བཟུང་བ་དང་དམག་དཔུང་བོད་དུ་བཅའ་སྡོད་ཀྱིས་མཐའ་མཚམས་སྲུང་བ་དང་འབྲེལ་བོད་དུ་མི་འབོར་དང་ཁྱིམ་ཐོ་ཞིབ་བཤེར་ཐེངས་མང་བྱས་པ་སོགས་ཚུད་ཡོད། མིང་རྒྱལ་རབས་ཀྱིས་ཡོན་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་ཏེ་ཆོས་ལུགས་གྲུབ་མཐའ་ཚང་མའི་འགོ་བྱེད་མི་སྣར་འཇའ་ས་ཆོ་ལོ་སྤྲོད་པ་དང་འབུལ་སྐྱེས་འབུལ་འཐུས་ཆོག་པའི་ཁོངས་སུ་བཅུག་པ་སོགས་འཇམ་ཐབས་སྤྱད། ཆིང་རྒྱལ་རབས་ཀྱིས་བོད་ས་གནས་ལ་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཆིང་རྒྱལ་རབས་ཀྱི་གོང་མས་1653ལོ་དང་1713ལོ་སོ་སོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་ལྔ་པའི་འཇའ་ས་སྤྲད་པ་ནས་བཟུང་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་གཉིས་ཀྱི་མཚན་གནས་དང་བོད་ལྗོངས་སུ་ཁོང་རྣམ་པ་གཉིས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཐོག་གི་གོ་གནས་དངོས་སུ་གཏན་འཁེལ་བྱུང་ཡོད། 1727ལོར་ཆིང་གོང་མས་བོད་བཞུགས་ཨམ་བན་མངགས་ནས་ཀྲུང་དབྱང་གི་ཚབ་ཏུ་བོད་ས་གནས་ཀྱི་སྲིད་འཛིན་བྱ་བར་ལྟ་སྐུལ་བྱེད་དུ་བཅུག་ཅིང་། 1751ལོར་ཆིང་གོང་མས་ཏཱ་ལ་སྐུ་ཕྲེང་བདུན་པ་བོད་ས་གནས་སྲིད་གཞུང་གི་སྲིད་དབང་འཛིན་མཁན་དུ་དངོས་སུ་བསྐོ་བཞག་བྱས་ནས་ཇུན་ཝང་གིས་སྲིད་དབང་འཛིན་པའི་ལམ་ལུགས་མེད་པ་བཟོས་ཏེ་བཀའ་བློན་བཞི་ལས་གྲུབ་པའི་ས་གནས་ཀྱི་བཀའ་ཤག་སྲིད་གཞུང་བཙུགས་ཡོད།

        1793ལོར་ཆིང་སྲིད་གཞུང་གིས་གོར་ཁའི་བཙན་འཛུལ་སྟོབས་ཤུགས་མཐར་སྐྲོད་བཏང་རྗེས་སྐད་གྲགས་ཆེ་བའི 《གོང་མའི་བཀའ་འབྲེལ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུ 》ཡོངས་བསྒྲགས་བྱས་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་བདག་སྐྱོང་བྱེད་པའི་ལམ་ལུགས་མང་པོ་ཞིག་འཐུས་སྒོ་ཚང་དུ་བཏང་སྟེ་ཏཱ་ལའི་བླ་མ་སོགས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་བྱེད་དགོས་པ་དང་སྦྲགས་ཀྲུང་དབྱང་ལ་ཞུས་ནས་ཆོག་མཆན་ཐོབ་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཤིང་། ཆིང་རྒྱལ་རབས་རྗེས་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔའི་ནང་གི་སྐུ་ཕྲེང་གསུམ “གསེར་བུམ་དཀྲུག་འདོན ”བྱས་ནས་ངོས་འཛིན་བྱས་པ་ཡིན་ལ་སྐུ་ཕྲེང་གཉིས་ལ་ཆིང་གོང་མས་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་ཆོག་མཆན་གནང་ཡོད། ཆིང་གོང་མས་ད་དུང་1706ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གོ་མིང་མེད་པ་བཟོས་པ་དང་འབྲེལ་1904ལོ་དང་1910ལོར་སྔ་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གོ་མིང་ཐེངས་གཉིས་མེད་པ་བཟོས་པ་རེད།

        1911ལོར་ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་ཆིང་རྒྱལ་རབས་རྩ་གཏོར་བཏང་ནས་ཀྲུང་ཧྭ་མིན་གོ་བཙུགས་ཤིང་། 1912ལོའི་ཟླ་3ཚེས་11ཉིན་ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་དང་པོ་སྟེ 《ཀྲུང་ཧྭ་མིན་གོའི་གནས་སྐབས་སྡོམ་ཁྲིམས 》ནང་བོད་ཐད་ཀྱི་ཀྲུང་དབྱང་གི་བདག་དབང་གཏན་འབེབས་ཁ་གསལ་བྱས་ནས “བོད་ནི་ཀྲུང་ཧྭ་མིན་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ ”ཡོངས་བསྒྲགས་བྱས་ཏེ “རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། བོད་རིགས་བཅས་མི་རིགས་ཁག་མི་གཅིག་ལྟར་དབྱེར་མེད་ཡིན་པ་དང་མི་རིགས་ལྔ་ཡི་སྤྱི་མཐུན་ལག་བསྟར་བྱ་རྒྱུ་ཡིན ”ཞེས་བཏོན་ཡོད། ཟླ་7ཚེས་17ཉིན་མིན་གོ་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཀྱི་ཁོངས་སུ་གཏོགས་པའི་སོག་བོད་དོན་གཅོད་ཅུས་བཙུགས་པ་དེས་སོག་བོད་ལས་དོན་ལ་དོ་དམ་བྱས་པ་དང་། 1929ལོར་ནན་ཅིང་གོ་མིན་སྲིད་གཞུང་གིས་སོག་བོད་ཨུ་ཡོན་ལྷན་ཁང་བཙུགས་ནས་བོད་ལ་སྲིད་འཛིན་བདག་སྐྱོང་བྱས་པ། 1940ལོར་གོ་མིན་སྲིད་གཞུང་གིས་ལྷ་སར་སོག་བོད་ཨུ་ཡོན་ལྷན་ཁང་གི་བོད་སྡོད་དོན་གཅོད་ཁང་བཙུགས་པ་དེ་བོད་སྡོད་ཀྲུང་དབྱང་སྲིད་གཞུང་གི་རྒྱུན་འཛུགས་ལས་ཁུངས་ཤིག་ཏུ་གྱུར་པ་རེད། ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས་མིན་གོའི་སྐབས་དམག་ཤེད་ཅན་བར་འཐབ་འཛིང་དང་ནང་འཁྲུག་ཡང་ཡང་ཐོན་ཡང་ཀྲུང་དབྱང་སྲིད་གཞུང་གིས་སྔར་བཞིན་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་བོད་ཐད་ཀྱི་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱས་ཡོད་པ་ར་སྤྲོད་བྱུང་ཡོད། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ནི་སྐབས་དེའི་གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་ཆོག་མཆན་གནང་ནས་ངོས་འཛིན་བྱས་པ་ཞིག་ཡིན། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་དང་སྲིད་གཞུང་གང་ཞིག་གིས་ཀྱང་བོད་རང་བཙན་ཡིན་པ་ཁས་ལེན་མྱོང་མེད།

          (གཉིས ) “བོད་རང་བཙན ”ཟེར་བའི་གནད་དོན་ནི་ཉེ་རབས་བཙན་རྒྱལ་རིང་ལུགས་བཙན་འཛུལ་ཕྱོགས་གཏོགས་ཀྱིས་ཀྲུང་གོ་དུམ་བུར་བགོ་བའི་ལྐོག་གཡོའི་གྲས་ཤིག་ཡིན་པ།

        1840ལོར་དབྱིན་ཇིས་ཉལ་ཐ་དམག་འཁྲུག་ལངས་རྗེས་ཀྲུང་གོ་དེ་ཉིད་རིམ་པས་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱར་ཡོད། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་དུམ་བུར་བགོ་བའི་སྨྱོ་རླབས་ཤིག་འཕྱུར་བ་དང་དབྱིན་ཇི་བཙན་འཛུལ་ཕྱོགས་གཏོགས་ཀྱིས་གོ་སྐབས་དང་བསྟུན་ནས་བོད་ལ་ལྡིར། 1888ལོ་དང་1903ལོར་དབྱིན་དམག་གིས་སྔ་རྗེས་སུ་བོད་ལ་དྲག་པོའི་བཙན་འཛུལ་ཐེངས་གཉིས་བྱས་པར་བོད་ཀྱི་དམག་དམངས་ཀྱི་འགོག་རྒོལ་ཕོག་སྟབས་ཕམ་ཉེས་བྱུང་། དྲག་པོའི་བཙན་འཛུལ་ལ་བརྟེན་ནས་བོད་འདི་མི་སེར་སྤེལ་ཡུལ་དུ་འགྱུར་རྒྱུའི་རེ་ངན་གྲུབ་མེད་པས་བཙན་རྒྱལ་རིང་ལུགས་ཀྱིས་བོད་དུ་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་ཁ་ཕྲལ་ཕྱོགས་གཏོགས་གསོ་སྐྱོང་བྱས་ཏེ་བོད་འདི་ཀྲུང་གོ་ནས་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་ངན་བཀོད་དང “བོད་རང་བཙན ”ངན་སྐུལ་བྱས་ཡོད། 1907ལོའི་ཟླ་8ཚེས་31ཉིན་དབྱིན་ཇི་དང་ཨུ་རུ་སུ་བཙན་རྒྱལ་གྱིས 《བོད་སྐོར་གྱི་ཆིངས་ཡིག 》བཞག་ནས་རྒྱལ་སྤྱིའི་ཡིག་ཆའི་ནང་ཀྲུང་གོར་ཡོད་པའི་བོད་ས་གནས་ཀྱི་བདག་དབང་དེ “བདག་པོའི་དབང་ཆ ”ཞེས་ལྐོག་ཏུ་བཟོ་བཅོས་ཐེངས་དང་པོ་བརྒྱབ། 1913ལོར་དབྱིན་ཇི་བཙན་རྒྱལ་གྱི་ངན་སྐུལ་འོག་སིམ་ལའི་གྲོས་ཚོགས་འཚོགས་ནས་བོད་ཀྱི་འཐུས་མིར “བོད་རང་བཙན ”གྱི་འབོད་ཚིག་ཐེངས་དང་པོ་སྒྲོག་རྒྱུའི་ངན་སྐུལ་བྱས་པས་དེ་མུར་ཀྲུང་གོ་སྲིད་གཞུང་གི་སྐུ་ཚབ་ཀྱིས་ཁས་ལེན་མ་བྱས་པ་རེད། དེ་རྗེས་དབྱིན་ཇིའི་འཐུས་མིས “བཏང་སྙོམས ”ཇུས་གཞི་ཟེར་བ་བཏོན་ནས་ཀྲུང་གོར་ཡོད་པའི་བོད་ས་གནས་ཀྱི་བདག་དབང་དེ “བདག་པོའི་དབང་ཆར ”གཡོ་བཅོས་བྱས་ནས “རང་སྐྱོང ”གི་མིང་འོག་ཏུ་བོད་འདི་ཀྲུང་གོ་སྲིད་གཞུང་གི་ཐད་ཀའི་བདག་སྐྱོང་ནས་ཁ་ཕྲལ་རྒྱུའི་རེ་ངན་བཅངས་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད། 1914ལོའི་ཟླ་བདུན་པར་ཀྲུང་གོ་སྲིད་གཞུང་གི་སྐུ་ཚབ་ཀྱིས་བཀའ་ལྟར 《སིམ་ལའི་ཆིངས་ཡིག 》ཐོག་མིང་རྟགས་མ་བཀོད་པ་དང་འབྲེལ་ཆིངས་ཡིག་གམ་ཡང་ན་ཡིག་ཆ་དེ་རིགས་གང་འདྲ་ཞིག་ཀྱང་ཁས་མི་ལེན་རྒྱུའི་གསལ་བསྒྲགས་སྤེལ་བས་སིམ་ལའི་གྲོས་ཚོགས་དེའང་མཐའ་འབྲས་གང་ཡང་མ་སྨིན་བར་མཚམས་འཇོག་བྱེད་དགོས་བྱུང་། 1942ལོར་དབྱིན་ཇིའི་འཐུས་མིའི་རྒྱབ་སྐྱོར་འོག་བོད་ས་གནས་སྲིད་གཞུང་གིས་གློ་བུར་དུ “ཕྱི་རྒྱལ་ལས་ཁུངས ”བཙུགས་པའི་ཁྱབ་བསྒྲགས་བྱས་པ་དང “བོད་རང་བཙན ”གྱི་བྱེད་སྤྱོད་མངོན་གསལ་དུ་སྤེལ་བས་རྒྱལ་ཡོངས་མི་དམངས་དང་གོ་མིན་སྲིད་གཞུང་གི་ངོ་རྒོལ་ཕོག་པར་བརྟེན་སྔ་མའི་གྲོས་གཞིར་འགྱུར་ལྡོག་མི་གཏོང་ཀ་མེད་བྱུང་བ་རེད།

        1947ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་ངན་སྐུལ་འོག་བོད་ནས “ཨེ་ཤེ་ཡ་ཆེན་པོའི་ཚོགས་འདུར ”འཐུས་མི་གདན་དྲངས་པ་དང་ཚོགས་རའི་ཐོག་ཨེ་ཤེ་ཡའི་ས་བཀྲ་དང་རྒྱལ་ཁབ་མང་པོའི་རྒྱལ་དར་བཀལ་བའི་ནང་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཏུ་བརྩིས་ཡོད་པས་ཀྲུང་གོའི་སྐུ་ཚབ་ཚོགས་པས་འབྲེལ་གཏུག་ནན་དྲང་བྱས་པ་བརྒྱུད་ཚོགས་འདུ་སྒྲིག་འཛུགས་བྱེད་མཁན་གྱིས་ཡོ་བསྲང་མ་བྱེད་ཀ་མེད་བྱུང་ཡོད། 1949ལོའི་ཟླ་7ཚེས་8ཉིན་བོད་ས་གནས་སྲིད་གཞུང་གིས “གུང་ཁྲན་ཏང་སྔོན་འགོག ”ཟེར་བར་ཁ་གཡར་ཏེ་གོ་མིན་ཏང་གི་བོད་སྡོད་མི་སྣ་དང་དེ་བཞིན་འབྲེལ་ཡོད་མི་སྣ་བོད་ནས་ཕྱིར་འབུད་བྱས་ཏེ “རྒྱ་འབུད་དོན་རྐྱེན ”བསླངས་པ་རེད། 1949ལོའི་ཟླ་11པར་བོད་ས་གནས་སྲིད་གཞུང་གིས “མཛའ་མཐུན་ཚོགས་པ ”ཟེར་བ་ཨ་རི་དང་། དབྱིན་ཇི། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་ཏུ་གཏོང་རྒྱུའི་གཏན་འབེབས་བྱས་ཏེ “བོད་རང་བཙན ”ཐད་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་དམག་དོན་གྱི་རོགས་སྐྱོར་ཐོབ་ཐབས་དང་རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བའི་བྱ་སྤྱོད་སྤེལ་བ་རེད། 1949ལོའི་ལོ་མཇུག་ཏུ་ཨ་རི་བ་ལོའར ·ཐང་མུའུ་སིས “སྐུད་མེད་དཔྱད་གཏམ་མཁན ”གྱི་མིང་ཐོག་ནས་བོད་དུ “ཝ་ཧྲིང་ཐོན་གྱིས་བོད་ལ་རོགས་སྐྱོར་བྱེད་སྲིད་པ ”འཚོལ་ཞིབ་བྱས་པ་དང་འབྲེལ་ཨ་རིའི་ཚགས་པར་དང་དུས་དེབ་ཐོག “ཨ་རིས་བོད་དེ་རང་བཙན་རང་དབང་གི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན ”ཞེས་འཁོད་ཡོད། 1950ལོའི་ལོ་སྟོད་དུ་ཨ་རིའི་མཚོན་ཆ་དང་འབར་མདེལ་ཁག་གཅིག་ཅར་ཀེ་ཏེ་ནས་བོད་ལ་འདྲེན་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་རྒྱུར་འགོག་རྒོལ་བྱ་རྒྱུར་སྤྱད་པ་རེད།

        ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས “བོད་རང་བཙན ”ཟེར་བ་ནི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་གསར་ཪྙིང་གིས་རྦད་དེ་བཟོས་པ་ཞིག་ཡིན་པ་དང་ནུབ་ཕྱོགས་བཙན་འཛུལ་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་མངའ་ཁོངས་དུམ་བུར་བགོ་བའི་ལྐོག་གཡོའི་གྲས་ཤིག་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད།

        (གསུམ ) བོད་བཅིངས་འགྲོལ་གཏོང་བ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ།

        བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན་གྱི་མདུན་དུ་བོད་རིགས་ཚུད་པའི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་རང་བཙན་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་ཆེད་དང་ཀྲུང་ཧྭ་མི་རིགས་ལ་བཅིངས་འགྲོལ་ཐོབ་ཆེད་རང་སྲོག་བློས་གཏོང་རྒྱུར་མ་འཛེམས་པར་ངོ་ལོ་བརྒྱ་ལྷག་ཙམ་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དཀའ་བ་དུ་མ་ཁྱད་བསད་ཀྱིས་འཐབ་རྩོད་བྱས་པ་བརྒྱུད་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་འཐབ་རྩོད་ལ་གཞི་ནས་རྒྱལ་ཁ་ཡོངས་སུ་ཐོབ་ཡོད། 1949ལོར་མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་པ་ཁྱབ་བསྒྲགས་བྱས་པ་རེད། མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་པ་དང་བོད་བཅིངས་འགྲོལ་བཏང་ནས་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་ནང་བཞག་ཡོད། བཙན་རྒྱལ་རིང་ལུགས་པ་དང་བོད་ས་གནས་ཀྱི་མཐོ་རིམ་ལོག་སྤྱོད་ཕྱོགས་གཏོགས་ཀྱིས “བོད་རང་བཙན ”གྱི་བྱེད་སྤྱོད་ངན་བཀོད་བྱེད་པར་དམིགས་ཏེ་1949ལོའི་ཟླ་9ཚེས་2ཉིན་ཀྲུང་གོ་གུང་ཁྲན་ཏང་གིས་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་སྤྲད་དེ 《ཕྱི་རྒྱལ་གྱི་བཙན་འཛུལ་པར་ཀྲུང་གོའི་མངའ་ཁོངས —བོད་ལྗོངས་འཁྱུར་མིད་དུ་གཏན་ནས་གཏོང་དུ་འཇུག་གི་མིན 》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་བརྗོད་སྤེལ་ཏེ་ལོ་བརྒྱ་ལྷག་ཙམ་ནང་བཙན་དབང་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱེད་པའི་བརྒྱུད་རིམ་བགྲངས་རྗེས “བོད་ནི་ཀྲུང་གོའི་མངའ་ཁོངས་ཡིན་པས་ཕྱིའི་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་གཏན་ནས་བཙན་འཛུལ་བྱེད་མི་ཆོག བོད་མི་དམངས་ནི་ཀྲུང་གོའི་མི་དམངས་ཀྱི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་པས་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་དུམ་བུར་དབྱེ་མི་ཆོག དེ་ནི་ཀྲུང་གོ་མི་དམངས་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན ”ཞེས་བསྟན་ཡོད། ཆེད་བརྗོད་སྤེལ་རྗེས་བོད་ཀྱི་ལས་རིགས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་བརྡ་ལན་དང་བརྩི་བཀུར་ཞུས་པ་དང་བཅིངས་འགྲོལ་དམག་སྔ་ཙམ་བོད་དུ་བསྐྱོད་རྒྱུའི་རེ་སྒུག་བྱས་ཡོད། 1949ལོའི་ཟླ་10ཚེས་1ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྲུང་དབྱང་སྲིད་གཞུང་ལ “མྱུར་དུ་བདེན་པའི་དམག་དཔུང་བཏང་ནས་བོད་བཅིངས་འགྲོལ་བཏང་སྟེ་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་མཐར་སྐྲོད་གཏོང་རྒྱུའི ”ཏར་འཕྲིན་ཕུལ་བ་རེད། ཟླ་11ཚེས་23ཉིན་མའོ་ཙེ་ཏུང་དང་ཀྲུའུ་ཏེ་རྣམ་གཉིས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པར “ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་རིགས་མི་དམངས་ཀྱི་བསམ་འདུན་དེ་ངེས་པར་དུ་སྒྲུབ་ཐུབ་ངེས་རེད ”ཅེས་ཏར་ལན་གནང་བ་རེད། ཟླ་12ཚེས་2ཉིན་དེ་སྔའི་བོད་ཀྱི་རྒྱལ་ཚབ་ར་སྒྲེང་སྐུ་ཕྲེང་ལྔ་པའི་སྐུ་བཅར་ར་སྒྲེང་ཡེ་ཤེས་ཚུལ་ཁྲིམས་མཚོ་སྔོན་ཟི་ལིང་དུ་ཕེབས་ནས་མི་དམངས་བཅིངས་འགྲོལ་དམག་ལ་བཙན་རྒྱལ་རིང་ལུགས་པས་བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་བཏང་བའི་སྡིག་ཉེས་ཞུ་འབོད་བྱས་ཏེ་བོད་མགྱོགས་མྱུར་བཅིངས་འགྲོལ་གཏོང་རྒྱུའི་འདུན་པ་ཞུས་ཡོད། 1950ལོའི་ལོ་འགོར་བོད་རིགས་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ། བུད་མེད། དམངས་གཙོའི་མི་སྣ་བཅས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་གྱིས་བཅིངས་འགྲོལ་བཏང་མ་ཐག་པའི་ལན་ཀྲོའུ་རུ་འདུ་འཛོམས་བྱས་ཏེ་བོད་བཅིངས་འགྲོལ་གཏོང་རྒྱུའི་འདུན་པ་ཞུས་ཡོད། ཤིས་ཁམས་ཞིང་ཆེན་དཀར་མཛེས་བེ་རི་དགོན་གྱི་དགེ་སྟག་སྐུ་ཕྲེང་ལྔ་པ་དང་། ཁམས་གཡུ་ལུང་ས་ཁུལ་གྱི་འགོ་པ་བྱ་རྒོད་སྟོབས་ལྡན། ཁམས་ཀྱི་ཚོང་པ་ཆེན་པོ་སྤོམ་མདའ་སྟོབས་རྒྱལ་བཅས་ཀྱིས་མངགས་པའི་འཐུས་མི་པེ་ཅིང་དུ་འབྱོར་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་ལ་གུས་འདུད་དང་བོད་རིགས་སྤུན་ཟླའི་བཅིངས་འགྲོལ་གཏོང་རྒྱུའི་བསམ་འདུན་དྲག་པོ་དེ་ཞུས་ཡོད།

        རྒྱལ་སྤྱིའི་དུས་བབ་ཀྱི་ཪྙོག་འཛིང་དང་འགྱུར་ལྡོག་ཆེ་བ་དང་བོད་ས་གནས་ཀྱི་དུས་བབ་ཛ་དྲག་པོར་ཁ་གཏད་གཅོག་པ་དང་བོད་མི་དམངས་ཚོའི་མགྱོགས་མྱུར་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་སྐོང་ཆེད་1949ལོའི་ཟླ་12པར་ཀྲུའུ་ཞི་མའོ་ཙེ་ཏུང་སུའུ་ལེན་དུ་འཚམས་འདྲིར་ཕེབས་ལམ་མན་ཀྲོའུ་ལི་ནས་ཀྲུང་གུང་ཀྲུང་དབྱང་ལ་གློག་འཕྲིན་བཏང་གནང་ནས “བོད་ལ་དཔུང་སྐྱོད་གང་སྔ་སྔ་ལས་ཕྱི་དྲགས་རྒྱུ་མེད ”པའི་འཐབ་ཇུས་ཀྱི་ཇུས་ཐག་བཅད་གནང་ཡོད།

        བོད་བཅིངས་འགྲོལ་གཏོང་བར་གྲ་སྒྲིག་དང་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་བོད་འདི་ཉིད་དམིགས་བསལ་གྱི་མི་རིགས་ས་ཁུལ་ཞིག་ཡིན་པར་བསམ་གཞིག་བྱས་ནས་མི་དམངས་བཅིངས་འགྲོལ་དམག་བདེ་བླག་ངང་དཔུང་སྐྱོད་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། བོད་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད་པ་བཅས་ཡོང་ཕྱིར་ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བས་བཅིངས་འགྲོལ་གཏོང་ཐབས་གཏན་འཁེལ་བྱས། 1949ལོའི་ཟླ་བ་གསུམ་པར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་སྒོ་ཀུན་ནས་རྒྱལ་ཁ་ཐོབ་ཉེར་ཡོད་པའི་དུས་བབ་གཞིར་བཟུང་བཅིངས་འགྲོལ་གཏོང་རྒྱུའི་ས་ཆར “པེ་ཕིང་གི་བྱེད་ཐབས ”ལྟར་ཞི་བས་བཅིངས་འགྲོལ་གཏོང་ཐུབ་སྲིད་པའི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་མཛུབ་སྟོན་གནང་བ་རེད། དེ་རྗེས་ཧུའུ་ནན་དང་ཉིང་ཞ་དང་དེ་བཞིན་བོད་དང་འབྲེལ་མཚམས་ཡིན་པའི་ཤིན་ཅང་དང་། ཡུན་ནན། ཤིས་ཁམས་སོགས་ཞིང་ཆེན་ལ་གཅིག་རྗེས་གཉིས་མཐུད་ངང་ཞི་བའི་ཐབས་ལ་བརྟེན་ནས་བཅིངས་འགྲོལ་བཏང་བས་བོད་ཞི་བས་བཅིངས་འགྲོལ་གཏོང་བར་གཞི་འཛིན་ས་ཞིག་མཁོ་འདོན་བྱས་ཡོད། 1950ལོའི་ཟླ་1ཚེས་20ཉིན་བོད་ས་གནས་སྲིད་གཞུང་གིས “མཛའ་མཐུན་ཕོ་ཉ་ཚོགས་པ ”ཟེར་བ་བཏང་བའི་གནད་དོན་དེར་དམིགས་ནས་ཀྲུའུ་ཞི་མའོ་ཙེ་ཏུང་གིས་དབང་ཆ་གནང་བའི་ཀྲུང་དབྱང་མི་དམངས་སྲིད་གཞུང་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གཏམ་བཤད་སྤེལ་ནས་བོད་མི་དམངས་ཀྱི་རེ་བ་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག་འོས་འཚམས་ཀྱི་ས་ཁོངས་རང་སྐྱོང་བྱ་རྒྱུ་དེ་རེད། “གལ་སྲིད་ལྷ་སའི་དབང་འཛིན་ལས་ཁུངས་ཀྱིས་རྩ་དོན་དེའི་འོག་སྐུ་ཚབ་པེ་ཅིང་དུ་བཏང་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གནད་དོན་ལ་གྲོས་མོལ་བྱས་ཚེ་སྐུ་ཚབ་དེ་ཚོར་སྣེ་ལེན་ཐོབ་རྒྱུ་རེད ”ཅེས་བཤད་པ་རེད།

        བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་བརྩོན་ལེན་བྱ་ཕྱིར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་བརྩོན་ལེན་བྱ་རྒྱུའི་ལས་ཀ་འབོར་ཆེན་ཞིག་གནང་ཡོད། 1950ལོའི་རིང་ལྷོ་ནུབ་ཅུས་དང་ནུབ་བྱང་ཅུས་ཀྱིས་སྔ་རྗེས་སུ་སྐུ་ཚབ་བམ་ཡང་ན་སྐུ་ཚབ་ཚོགས་པ་ཐེངས་བཞི་བོད་དུ་ཞི་འདུམ་བྱེད་པར་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་ས་གནས་སྲིད་གཞུང་གིས་སྐུ་ཚབ་བཏང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་ལ་གྲོས་མོལ་བྱ་རྒྱུའི་བརྩོན་ལེན་བྱས། ཟླ་2ཚེས་1ཉིན་ནུབ་བྱང་ཅུས་ཀྱིས་བོད་རིགས་ལས་བྱེད་པ་ཀྲང་ཅིང་ཁྲེང་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལེའོ་ཧན་ཧྲེང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ལ་གནང་བའི་ཡི་གེ་སོགས་བསྐུར་ནས་བོད་དུ་འབྲེལ་གཏུག་བྱེད་པར་བཏང་། ཟླ་བ་གསུམ་པའི་ཟླ་མཇུག་ཏུ་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་ལྷོ་ནུབ་ཅུས་ཀྱི་སྒྲིག་འཛུགས་འོག་བོད་ཀྱི་ཆོས་སྲིད་ལས་རིགས་དང་འབྲེལ་བ་ཟབ་མོ་ཡོད་པའི་རྒྱ་རིགས་བླ་མ་སྐྱེས་ཆེན་ཀྲེ་ཆིང་ཁྲེང་ཏུའུ་ནས་བོད་དུ་ཕེབས། ཟླ་བ་བདུན་པའི་རིང་སྐུ་འབུམ་བྱམས་པ་གླིང་གི་སྟག་འཚེར་རིན་པོ་ཆེས་ཚོགས་གཙོ་གནང་བའི་མཚོ་སྔོན་དགོན་སྡེའི་བོད་སྐྱོད་ཞི་འདུམ་ཚོགས་པ་ཟི་ལིང་ནས་ཐོན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་སྐད་གྲགས་ལྡན་པའི་བོད་རིགས་མཁས་དབང་ཤེས་རབ་རྒྱ་མཚོས་ཏཱ་ལའི་བླ་མ་དང་བོད་རིགས་སྤུན་ཟླར་རླུང་འཕྲིན་ཐོག་ནས་གཏམ་བཤད་སྤེལ་ཏེ་བོད་ས་གནས་སྲིད་གཞུང་ནས “དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་མགྱོགས་མྱུར་པེ་ཅིང་དུ་ཞི་བའི་གྲོས་མོལ་བྱེད་པར་གཏོང་རྒྱུའི ”རེ་འབོད་གནང་། ཟླ་7ཚེས་10ཉིན་ཤིས་ཁམས་ཞིང་ཆེན་དཀར་མཛེས་བེ་རི་དགོན་པའི་སྤྲུལ་སྐུ་དགེ་སྟག་སྐུ་ཕྲེང་ལྔ་པ་དང་བཅས་པ་མི་བཅུ་བེ་རི་དགོན་ནས་ཐོན་ཏེ་བོད་དུ་ཞི་འདུམ་གནང་བར་ཕེབས། འོན་ཀྱང་ཞི་འདུམ་དང་གྲོས་མོལ་ལ་སྐུལ་མ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་དེ་དག་ལ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་དང་བོད་ཀྱི་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་ཁ་ཕྲལ་བའི་འགོག་རྐྱེན་ཆེན་པོ་ཕོག་ནས་ཞི་འདུམ་མི་སྣ་ཕྱིར་འབུད་བྱས་པའམ་ཡང་ན་བཟང་བཙོན་དུ་བཅུག་པ་དང་། སྐུ་ཚབ་ཚོགས་པ་ཁག་གཅིག་ཁ་ཐོར་དུ་བཏང་བ་དང་ཆབ་མདོར་དགེ་སྟག་སྤྲུལ་སྐུར་དུག་སྟེར་ནས་བསད་པ་རེད།

        དུས་མཚུངས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་ཀྱི་ངན་སྐུལ་དང་བོད་ཀྱི་མཐོ་རིམ་གྱི་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་ཁ་ཕྲལ་ཕྱོགས་གཏོགས་ཀྱི་ཧམ་འཛིན་འོག་བོད་ས་གནས་སྲིད་གཞུང་གིས་བོད་དམག་རྒྱ་ཆེར་གཏོང་གང་ཐུབ་བྱས་པ་མ་ཟད་རང་གི་གཙོ་ཤུགས་དམག་མདའ་དཔོན (ཐོན་དང་གཅིག་མཚུངས་ཡིན )བདུན་འབྲི་ཆུའི་ནུབ་རྒྱུད་བརྒྱུད་ཆབ་མདོ་ལྟེ་བར་འཛིན་ནས་མཐའ་འཁོར་ས་ཁུལ་དུ་བཅའ་སྡོད་བྱས་ཏེ་མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅིངས་འགྲོལ་གཏོང་བར་སྐྱོད་རྒྱུར་བཀག་འགོག་བྱ་རྒྱུའི་རེ་ངན་བཅངས། ལྷོ་ནུབ་ཕྱོགས་ནས་བོད་དུ་དཔུང་སྐྱོད་བྱེད་པར་ཆབ་མདོ་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། 1950ལོའི་ཟླ་8ཚེས་23ཉིན་མའོ་ཙེ་ཏུང་གིས་ཆབ་མདོ་བཟུང་ན “བོད་ཀྱི་ཆབ་སྲིད་ལ་འགྱུར་ལྡོག་ཡོང་བའི་བརྩོན་ལེན་དང་ཕྱི་ལོར་ལྷ་སར་དཔུང་སྐྱོད་བྱེད་པར་ཕན་ཐོགས་ཡོད ”“བོད་ཀྱི་སྐུ་ཚབ་ཚོགས་པ་པེ་ཅིང་དུ་གྲོས་མོལ་བྱེད་པར་ཡོང་ནས་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་བརྩོན་ལེན་བྱེད་པར་སྐུལ་མ་ཐེབས་སྲིད ”ཅེས་གསུངས་པ་རེད། ཟླ་10ཚེས་6ཉིན་ནས་བཟུང་མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔུང་སྡེས་ལྷོ་བྱང་ཕྱོགས་གཉིས་ནས་འབྲི་ཆུ་བརྒལ་ཏེ་ཆབ་མདོར་བཅིངས་འགྲོལ་གཏོང་བའི་དམག་འཐབ་ལས་འགན་འཁུར། ཟླ་10ཚེས་19ཉིན་ཆབ་མདོར་བཅིངས་འགྲོལ་ཐོབ། དེའི་རྨང་གཞིའི་ཐོག་ཆབ་མདོ་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་འདེམས་ཐོན་བྱས་ནས་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་ས་ཁུལ་གྱི་སེར་སྐྱ་མི་དམངས་ཀྱི་བོད་ཞི་བས་བཅིངས་འགྲོལ་བརྩོན་ལེན་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་རེད། ཆབ་མདོའི་གཡུལ་འགྱེད་དེ་ལས་ཞི་བདེའི་གྲོས་མོལ་བྱེད་འགོ་འཛུགས་ཐུབ་པ་བྱུང་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྐུལ་མ་གཏོང་བར་དགོས་ངེས་ཀྱི་ཆ་རྐྱེན་ཞིག་བཏོད་ཡོད།

           (བཞི )《གྲོས་མཐུན་དོན་ཚན་བཅུ་བདུན 》བཞག་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་བ།

        ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་འབད་པ་གནང་མཚམས་ཐོག་མཐའ་བར་གསུམ་དུ་འཇོག་གནང་མེད་པར་ཆབ་མདོའི་གཡུལ་འགྱེད་ཀྱི་དུས་སུ་བོད་ཀྱི “སྐུ་ཚབ་ཚོགས་པ་མགྱོགས་མྱུར་པེ་ཅིང་དུ་ཡོང་རྒྱུར ”སྔར་བཞིན་ལྕག་སྐུལ་གནང་གི་ཡོད། ཆབ་མདོའི་གཡུལ་འགྱེད་དེ་ལས་བོད་ས་གནས་སྲིད་གཞུང་གི་ནང་ཁུལ་ཁ་ཐོར་དུ་གྱུར་ནས་རྒྱལ་གཅེས་ཡར་ཐོན་གྱི་སྟོབས་ཤུགས་ཇེ་ཆེར་སོང་བས་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་ནས་ཁ་ཕྲལ་གཏོང་བའི་འདོད་ཚུལ་འཛིན་མཁན་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་སྲིད་སྟེགས་ནས་མ་བབས་ཀ་མེད་བྱུང་བར་བརྟེན་ཟླ་11ཚེས་17ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྔ་སྣུར་དུ་སྲིད་དབང་དངོས་འཛིན་པས་བོད་ས་གནས་ཀྱི་ཆབ་སྲིད་དུས་བབ་དེ་ཞི་བས་བཅིངས་འགྲོལ་གཏོང་བར་ཕན་ཐོགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

        1951ལོའི་ཟླ་1ཚེས་2ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་ཀྱི་གྲོ་མོར་གནས་སྤོས་ཏེ་ཕྱོགས་གཅིག་ནས་རང་རེའི་ཕྱོགས་སུ་རྒྱང་ལྟ་བྱས་པ་དང་ཕྱོགས་གཞན་ཞིག་ནས་དུས་བསྟུན་ངང་ཕྱི་རྒྱལ་དུ་བྲོས་བྱོལ་བྱ་ཕྱིར་དབྱིན་ཇི་དང་། ཨ་རི། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་ལ་རོགས་སྐྱོར་རེ་ཞུ་བྱས་མོད། འོན་ཀྱང “བོད་རང་བཙན ”ལ་མངོན་གསལ་དུ་རྒྱབ་སྐྱོར་བྱེད་འདོད་ཡོད་མཁན་རྒྱལ་ཁབ་གཅིག་ཀྱང་མེད། བོད་ས་གནས་སྲིད་གཞུང་ཡང་བབ་བསྟུན་ངང་གཞིས་སྲུང་བྱེད་མཁན “ལྷ་སའི་བཀའ་ཤག ”དང་གནས་སྐབས་རང་བཞིན་གྱི “གྲོ་མོའི་བཀའ་ཤག ”ཅེས་ཁག་གཉིས་སུ་དབྱེ་ཡོད། དེ་རྗེས་བོད་ས་གནས་སྲིད་གཞུང་གི “དཔོན་རིགས་ཀྱི་ཚོགས་འདུའི ”ཐོག་དངོས་སུ་སྐུ་ཚབ་པེ་ཅིང་དུ་བཏང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་གྲོས་མོལ་བྱ་རྒྱུ་གཏན་འཁེལ་བྱས། ཏཱ་ལའི་བླ་མས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཕུལ་བའི་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ལུགས་མཚོན་པའི་ཡི་གེའི་ནང “དེ་སྔོན་ངོས་ལོ་ན་ཕྲ་བས་སྲིད་དབང་འཛིན་མེད་པའི་རིང་བོད་རྒྱའི་དབར་གྱི་འབྲེལ་བར་གཏོར་བཤིག་ཡང་ཡང་ཐེབས་ཡོད། ཉེ་ཆར་ང་ཕོད་དང་དེ་བཞིན་དྲུང་འཁོར་མགྱོགས་མྱུར་ངང་པེ་ཅིང་དུ་བསྐྱོད་རྒྱུའི་བརྡ་ཐོ་བཏང་ཡོད། དུས་ཚོད་བརྩོན་ལེན་བྱ་ཕྱིར་ང་ཚོས་སླར་ཡང་ང་ཕོད་ལ་ལས་རོགས་གཉིས་བཏང་སྟེ་རྒྱ་གར་བརྒྱུད་པེ་ཅིང་དུ་བསྐྱོད་རྒྱུ་ཡིན ”ཞེས་བརྗོད་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་རིགས་འདྲ་མཉམ་སྲིད་ཇུས་དང་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱེད་ཕྱོགས་ཀྱི་འབོད་སྐུལ་འོག་བོད་ས་གནས་སྲིད་གཞུང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་གྲོས་མོལ་བྱེད་མཁན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་དབུ་བཞུགས་སྐུ་ཚབ་གནང་བ་དང་ཁེ་སྨད་བསོད་ནམས་དབང་འདུས་དང་། ཐུབ་བསྟན་བསྟན་དར། ཐུབ་བསྟན་ལེགས་སྨོན། བསམ་ཕོ་བསྟན་འཛིན་དོན་གྲུབ་སོགས་ཀྱིས་སྐུ་ཚབ་གནང་བའི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་ཚོགས་པ་བཏང་བ་རེད། སྐུ་ཚབ་ཚོགས་པ་ཁག་གཉིས་སུ་བགོས་ཏེ་སྐྱོད་འགོ་ཚུགས་པ་དང་1951ལོའི་ཟླ་4ཚེས་27ཉིན་པེ་ཅིང་དུ་འཛོམས་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དགའ་བསུ་ཐོབ་པ་རེད། དེ་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གྲོས་མོལ་སྐུ་ཚབ་ཚོགས་པ་བཙུགས་པ་དང་ལི་ཝུའེ་ཧན་ནི་དབང་ཆ་ཆ་ཚང་ཡོད་པའི་དབུ་བཞུགས་སྐུ་ཚབ་དང་ཀྲང་ཅིན་ཝུའུ་དང་། ཀྲང་གོ་ཧྭ། སུན་ཀྲི་ཡོན་སོགས་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་རེད། མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་1951ལོའི་ཟླ་5ཚེས་23ཉིན་པེ་ཅིང་དུ 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》བཞག་པ་རེད།

        ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱས་པ་མ་ཟད 《གྲོས་མཐུན་དོན་ཚན་བཅུ་བདུན 》བཞག་ནས་གཤམ་གསལ་གྱི་གཞི་རྩའི་ལོ་རྒྱུས་ཀྱི་དོན་དངོས་ཁག་ནན་བཤད་བྱས་པ་སྟེ།

        དང་པོ། ཞི་བའི་གྲོས་མོལ་ནི་བོད་ས་གནས་སྲིད་གཞུང་གིས་བོད་འདི་ཉིད་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་པའི་སྔོན་འགྲོའི་ཆ་རྐྱེན་འོག་བྱས་པ་ཞིག་རེད། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་ས་གནས་སྲིད་གཞུང་གིས་གྲོས་མོལ་གྱི་སྐུ་ཚབ་ཚོགས་པ་གཏོང་སྐབས་སྐུ་ཚབ་མི་རེ་ངོ་རེར་ཐམ་ག་བརྒྱབ་པའི་དབང་ཆ་ཆ་ཚང་ཡོད་པའི་ལག་ཁྱེར་རེ་སྤྲད་པ་དང་ལག་ཁྱེར་གྱི་ཕྱི་ཤོག་ཏུ་བོད་ཀྱི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་ལྔའི་མཚན་དང་ཐོབ་ཐང་བྲིས་ཡོད་ལ་ནང་ངོས་སུ་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་ཡིན་པ་ཁས་བླངས་པ་སོགས་ཀྱི་ནང་དོན་འཁོད་ཡོད། གྲོས་མོལ་གྱིས་ཐག་གཅོད་བྱ་རྒྱུའི་གཞི་རྩའི་གནད་དོན་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུའི་གནད་དོན་དེ་རེད། ང་ཕོད་ཀྱི་དྲན་གསོའི་ནང་གནད་དོན་དེའི་ཐད “ཕྱོགས་གཉིས་པོའི་སྐུ་ཚབ་ཀྱི་རྩ་བའི་ལངས་ཕྱོགས་གཅིག་གྱུར་ཡིན ”ཞེས་བསྟན་གནང་བ་ལྟར་རེད།

        གཉིས་པ། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གནད་དོན་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི “སྲིད་ཇུས་ཆེན་པོ་བཅུ ”ནི་གྲོས་མོལ་བྱ་རྒྱུའི་རྨང་གཞི་རེད། “སྲིད་ཇུས་ཆེན་པོ་བཅུའི ”ནང་དོན་གཙོ་བོ་ནི་དབྱིན་ཇི་དང་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་སྟེ་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དང་། བོད་ཀྱི་ལག་བསྟར་བྱེད་མུས་ཀྱི་ཆབ་སྲིད་ལམ་ལུགས་ཁག་སོར་འཇོག་བྱས་ཏེ་འགྱུར་ལྡོག་མི་གཏོང་བ། ཆོས་དད་རང་མོས་འགན་ལེན་བྱེད་པ། བོད་ཀྱི་དཔལ་འབྱོར་དང་རིག་གནས་སློབ་གསོ་འཕེལ་རྒྱས་གཏོང་བ། བོད་ཀྱི་སྒྱུར་བཅོས་བྱ་གཞག་ཁག་བོད་མི་དམངས་དང་དེ་བཞིན་བོད་ཀྱི་འགོ་ཁྲིད་དང་གྲོས་མོལ་གྱིས་ཐག་གཅོད་བྱེད་པ། མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱ་རྒྱུ་བཅས་རེད། གྲོས་མོལ་བྱེད་པའི་ཐོག་མའི་སྐབས་བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ཀྱིས “སྲིད་ཇུས་ཆེན་པོ་བཅུའི ”ནང་གི “མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད ”བྱ་རྒྱུ་དེ་དང་ལེན་བྱེད་མི་ཐུབ་པའི་ནན་བཤད་བྱས་ཡོད། སྐབས་དེ་དུས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྱིས་བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ལ་ཨུ་ཚུགས་མ་བརྒྱབ་པར་ཚོགས་འདུ་ཉིན་གཉིས་འཚོགས་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་ཏེ་ཁོང་ཚོ་ལྟ་སྐོར་བྱེད་པར་ཁྲིད་པ་དང་དུས་མཚུངས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་ཐོག་བོད་འདི་ཉིད་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཡིན་པ་ཁས་བླངས་པས་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱ་རྒྱུར་བཀག་འགོག་བྱེད་པའི་རྒྱུ་མཚན་མེད་ལུགས་བཤད་ཡོད། དུས་མཚུངས་བོད་ཀྱི་སྐུ་ཚབ་ཀྱིས་བཏོན་པའི་བོད་ཀྱི་དཔལ་འབྱོར་རྗེས་ལུས་དང་ཐོན་ཁུངས་དཀོན་པས་མི་དམངས་བཅིངས་འགྲོལ་དམག་ལ་མཁོ་སྤྲོད་བྱ་རྒྱུ་དེ་དཀའ་ངལ་ཧ་ཅང་ཆེ་བའི་གནད་དོན་ལ་བསམ་གཞིགས་གང་ལེགས་བྱས་ཏེ་ཀྲུང་དབྱང་སྲིད་གཞུང་གིས “བོད་དུ་དཔུང་སྐྱོད་བྱེད་པར་ས་གནས་ཀྱིས་འགྲོ་སོང་གཏོང་མི་དགོས་པར་གཏོང་སྒོ་མཐའ་དག་ཀྲུང་དབྱང་གིས་འགན་འཁུར་རྒྱུའི ”འགན་ལེན་བྱས་ཡོད། མཐར་ཕྱོགས་གཉིས་པོས་བོད་ས་གནས་སྲིད་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་ཏེ་རྒྱལ་སྲུང་སྲ་བརྟན་བྱེད་པར་གཞོགས་འདེགས་ཧུར་ཐག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

        གསུམ་པ། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་དབར་གྱི་མཐུན་སྒྲིལ་གནད་དོན་ནི་གྲོས་མོལ་གྱིས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་ཀྱིས་ངན་སྐུལ་བྱས་རྐྱེན་དུས་རབས་20པའི་ལོ་རབས་20པའི་དུས་འགོར་པཎ་ཆེན་སྐུ་ཕྲེང་དགུ་པ་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་དང་འགལ་བ་བྱུང་བའི་དབང་གིས་བོད་ནས་ནང་སར་མ་བྱོལ་ཀ་མེད་བྱུང་ཡོད། 1937ལོའི་ཟླ་12པར་བོད་དུ་ཕྱིར་ལོག་གནང་བའི་ཕེབས་ལམ་དུ་མཚོ་སྔོན་ཡུལ་ཤུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། 1949ལོའི་ཟླ་8ཚེས་10ཉིན་གོ་མིན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་བཅུ་པ་མཚོ་སྔོན་རྗེ་སྐུ་འབུམ་དུ་གསེར་ཁྲིར་མངའ་གསོལ། བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ཚོགས་པས་གྲོས་མོལ་བྱེད་པའི་ཐོག་མར་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཁྲིམས་མཐུན་གྱི་གནས་བབ་ཁས་བླངས་མེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པས་བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པར་དེ་སྔའི་གོ་མིན་ཏང་སྲིད་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ནི་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་ཡིན་པར་ཁས་ལེན་དང་ཆོག་མཆན་སྤྲད་པའི་གཞུང་ཡིག་ཚང་མ་དང་དེ་བཞིན་ཏཱ་ལའི་བླ་མ་ཕྱོགས་ཀྱི་སྐུ་ཚབ་ཞུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་སྐུ་འབུམ་དུ་གསེར་ཁྲི་མངའ་གསོལ་སྐབས་ཀྱི་སྐུ་པར་བསྟན་ཡོད། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པས་མཐར་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཁྲིམས་མཐུན་གྱི་གནས་བབ་ཁས་བླངས་ཡོད། གྲོས་མོལ་བྱེད་རིང “ལྔ་གཅིག ”ངལ་རྩོལ་དུས་ཆེན་གཏོང་བ་དང་སྐབས་འཁེལ་བས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་གནམ་བདེ་སྒོ་མོའི་ཐོག་ཁང་དུ་ལྷན་དུ་གཟིགས་མོ་གཟིགས་པར་གདན་དྲངས་པ་དང་ང་ཕོད་ངག་དབང་འཇིགས་མེད་དང་པཎ་ཆེན་སྐུ་ཕྲེང་བཅུ་པའི་དབར་མཛའ་མཐུན་གྱི་ཞལ་འཛོམས་གནང་བ་མ་ཟད་མའོ་ཙེ་ཏུང་གི་མཇལ་འཕྲད་ཀྱང་ཐོབ་ཡོད།

        བཞི་པ། གྲོས་མཐུན་དེ་ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་གྲོས་མོལ་གྱི་རྨང་གཞིའི་ཐོག་བཞག་ཡོད། གྲོས་མཐུན་གྱི་དོན་ཚན་མང་ཆེ་བ་ནི་བོད་ཀྱི་ནང་ཁུལ་གྱི་འབྲེལ་བ་དང་ནང་ཁུལ་གྱི་ལས་དོན་ཁག་ཐག་གཅོད་བྱ་རྒྱུའི་སྐོར་ཡིན་ཞིང་། གནད་དོན་དེ་དག་ཐད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་རིགས་སྲིད་ཇུས་དང་བོད་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རང་འགུལ་ངང་གྲོས་འགོ་རབ་དང་རིམ་པ་བཏོན་ཡོད། བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པས་ཀྱང་གྲོས་འགོ་འགའ་ཞིག་བཏོན་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཡང་དག་པའི་གྲོས་འགོ་དང་ལེན་དང་ཞིབ་འཇུག་ཕྱོགས་བསྡུས་བྱས་པ་དང་འབྲེལ་ལུགས་དང་མི་མཐུན་པའི་གྲོས་འགོར་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་རེད། བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ཐུབ་བསྟན་བསྟན་དར་གྱིས་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ནས “ང་རང་ཡིག་ཚང་ནས་མངགས་གཏོང་བྱས་པའི་སེར་དཔོན་ཞིག་ཡིན་པའི་ངོས་ནས་གྲོས་མོལ་གྱི་བརྒྱུད་རིམ་ཁྲོད་ཆོས་ལུགས་དད་མོས་དང་དགོན་སྡེའི་ཡོང་འབབ་སོགས་ཀྱི་ཐད་གྲོས་འགོ་མང་པོ་བཏོན་པར་ཀྲུང་དབྱང་གིས་མང་ཆེ་བ་དང་ལེན་གནང་བྱུང ”ཞེས་བཤད། གྲོས་མོལ་འགོ་ཚུགས་མ་ཐག་རྒྱ་བོད་ཡིག་རིགས་གཉིས་ཀྱི་གྲོས་མཐུན་ཡིག་ཆ་བཟོས་པ་དང་ཡིག་རིགས་གཉིས་ཀྱི་ཡིག་ཆར་རྟག་ཏུ་གོམ་སྟབས་མཉམ་མཚུངས་ངང་བཟོ་བཅོས་རྒྱག་གི་ཡོད་པ་དང་འབྲེལ་བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པའི་མོས་མཐུན་ཐོབ་ཡོད། གྲོས་མོལ་མཇུག་འགྲིལ་རྗེས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཡིག་ཆ་དུས་གཅིག་ཏུ་གྲུབ་པ་དང་འབྲེལ་གྲོས་མཐུན་བཞག་རྗེས་མཉམ་དུ་ཡོངས་བསྒྲགས་བྱས་པ་རེད།

        བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཡོངས་ཀྱིས་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་ཡིན་པའི་ངོས་ནས་དངོས་སུ་གྲོས་མོལ་མ་བྱས་གོང་གཤམ་གསལ་ལས་ཀའི་རྩ་དོན་ཐད་གྲོས་དོན་བཞག་པ་སྟེ། “འགན་འཁུར་ཐག་གཅོད་ཐུབ་པའི་གནད་དོན་ཡིན་ཚེ་མགྱོགས་མྱུར་གཏན་འཁེལ་བྱེད་པ་དང་ཐག་གཅོད་མི་ཐུབ་པ་ཡིན་ཚེ་གྲོ་མོར་སྙན་སེང་ཞུ་རྒྱུ ”དང་། དགོངས་སྐོར་ཞུ་ཁོམ་མ་བྱུང་བའི་སྐབས “དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་ཡིན་པའི་ངོས་ནས་སྔོན་ལ་གཏན་འཁེལ་བྱེད་པ་དང་དེ་རྗེས་ཏཱ་ལའི་བླ་མར་སྙན་སེང་ཞུ་རྒྱུ ”དེ་རེད། བོད་ས་གནས་སྲིད་གཞུང་གི་གྲོས་མོལ་གྱི་སྐུ་ཚབ་ཚོགས་པས་ཏཱ་ལའི་བླ་མ་དང་བཀའ་ཤག་ལ་དགོངས་སྐོར་ཞུ་ལམ་ནི་ཐོག་མཐའ་བར་གསུམ་དུ་ཤར་གཏོང་ཡིན་པས་གནད་དོན་གང་དག་དགོངས་སྐོར་ཞུ་དགོས་མིན་ཁོང་ཚོ་ནང་ཁུལ་གྱིས་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱེད་ཀྱི་ཡོད། གྲོས་མོལ་བྱས་ནས་ཡུན་རིང་མ་སོང་བར་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་པའི་གནད་དོན་སྐོར་བོད་ས་གནས་སྲིད་གཞུང་གི་གྲོས་མོལ་སྐུ་ཚབ་ཁེ་སྨད་བསོད་ནམས་དབང་འདུས་དང་ཐུབ་བསྟན་བསྟན་དར་གྱིས་འཁྱེར་ཡོང་བའི་གསང་ཨང་འཕྲུལ་ཆས་བརྒྱུད་གྲོ་མོར་ཡོད་པའི་ཏཱ་ལའི་བླ་མ་དང་བཀའ་ཤག་ལ་གློག་འཕྲིན་བཏང་སྟེ་གྲོས་མོལ་ཁྲོད་ཕྱོགས་གཞན་དག་གི་གནད་དོན་ཆེན་པོ་མེད་པ་དང་མི་དམངས་བཅིངས་འགྲོལ་དམག་བོད་དུ་ཡོང་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོང་བྱ་རྒྱུ་ཁས་མ་བླངས་ཚེ་གྲོས་མོལ་བྱེད་ཐབས་མེད་པའི་གསལ་བཤད་བྱས་པ་རེད། དེའི་རིང་ཁོང་ཚོས་ད་དུང་པཎ་ཆེན་དབར་གྱི་འབྲེལ་བའི་གནད་དོན་ཐད “གྲོ་མོའི་བཀའ་ཤག ”དང་འབྲེལ་གཏུག་ཐེངས་གཉིས་བྱེད་མྱོང་ཡོད། ཉིན་20ལྷག་ཙམ་གྱི་གྲོས་མོལ་ཁྲོད་ཕྱོགས་གཉིས་པོའི་སྐུ་ཚབ་ཀྱིས་གནད་དོན་ཁག་གཅིག་གི་ཐད་རྩོད་གླེང་དང་བསམ་འཆར་མི་འདྲ་བ་ཡོད་ཀྱང་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་དང་། ལྷག་བསམ་རྣམ་དག གྲོས་མོལ་གང་ལེགས་བཅས་ཀྱི་རྣམ་པའི་འོག་གྲོས་མོལ་བྱས་པ་དང་མཐར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་འབྲེལ་ཡོད་གནད་དོན་ཡོངས་ཀྱི་ཐད་གྲོས་མཐུན་བྱུང་ཡོད། གྲོས་མཐུན་འཇོག་པའི་མཛད་སྒོའི་ཐོག་ཕྱོགས་གཉིས་པོའི་སྐུ་ཚབ་ཀྱིས་གྲོས་མཐུན་ཡིག་ཆའི་ཐོག་མིང་རྟགས་བཀོད་པ་དང་འབྲེལ་མི་སྒེར་གྱི་ཐམ་ག་བརྒྱབ་ནས་སྒམ་བརླིང་ཡིན་ལུགས་མཚོན་པ་རེད།

        གྲོས་མཐུན་ལག་བསྟར་བྱ་རྒྱུའི་འགན་ལེན་བྱེད་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་གྲོས་མོལ་བྱེད་སྐབས་གྲོས་མཐུན་གྱི་ཞར་བྱུང་ཡིག་ཆ་གཉིས་ལ་མིང་རྟགས་བཀོད་པ་རེད། དེའི་ནང་གི་གཅིག་ནི 《མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅའ་སྡོད་བྱ་རྒྱུའི་བྱ་བ་འགའ་ཞིག་སྐོར་གྱི་གཏན་འབེབས 》ཡིན་པ་རེད། མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅའ་སྡོད་བྱ་རྒྱུའི་གནད་དོན་ཐད་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་ཀྱིས་གྲོས་མོལ་བྱེད་སྐབས་བོད་སྐྱོད་དཔུང་སྡེའི་ཞིབ་ཕྲའི་མི་གྲངས་དང་། བཅའ་སྡོད་དཔུང་སྡེ་བཀོད་སྒྲིག དེ་བཞིན་མཁོ་སྤྲོད་སོགས་མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅའ་སྡོད་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་གནད་དོན་བཏོན་པ་རེད། གནད་དོན་དེ་དག་དམག་དོན་གྱི་གསང་བའི་ཁོངས་སུ་གཏོགས་པས་ཡོངས་བསྒྲགས་གྲོས་མཐུན་ནང་འགོད་མི་ཉན་སྟབས་ཞར་བྱུང་ཡིག་ཆ་དེར་མིང་རྟགས་འགོད་པའི་དགོས་པ་ཡོད་པ་དང་། དེའི་ནང་གི་གཉིས་པ་ནི 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དེ་བོད་ས་གནས་སྲིད་གཞུང་གིས་ལག་བསྟར་བྱ་རྒྱུ་འགན་འཁུར་རྒྱུའི་སྐོར་གྱི་གསལ་བསྒྲགས 》ཡིན་པ་རེད། གྲོས་མཐུན་སྐོར་ལ་གལ་སྲིད་ཏཱ་ལའི་བླ་མས་ཁས་ལེན་བྱས་པ་དང་འབྲེལ་ལྷ་སར་ཕྱིར་ལོག་བྱས་ཚེ་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དེ་ལུགས་མཐུན་རང་འགྲུབ་ཡོང་ཐུབ། གལ་སྲིད་ཏཱ་ལའི་བླ་མ་གནས་ཚུལ་འགའ་ཞིག་གིས་རྐྱེན་པས་གནས་སྐབས་རིང་ལྷ་སར་ཕྱིར་ལོག་མ་ཐུབ་ཚེ་བོད་ས་གནས་སྲིད་གཞུང་གི་གྲོས་མོལ་སྐུ་ཚབ་ཚོགས་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཏཱ་ལའི་བླ་མས་གྲོས་མཐུན་ལག་བསྟར་བྱེད་པའི་ལོ་དང་པོའི་ནང་དགོས་མཁོ་གང་ཞིག་གི་དབང་གིས་སྡོད་གནས་རང་དགར་འདེམས་ཆོག་པ་དང་དེའི་རིང་གོ་གནས་ཐོག་ཕྱིར་ལོག་བྱེད་སྐབས་ཁོང་གི་གནས་བབ་དང་འགན་དབང་འགྱུར་བ་མི་གཏོང་རྒྱུའི་རེ་བ་བཏོན་པ་རེད། དོན་དེར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་མོས་མཐུན་གནང་ཡང་ནང་དོན་དེ་གྲོས་མཐུན་ནང་བཀོད་ཚེ་གཏམ་གླེང་སྣ་ཚོགས་ཡོང་བཟོ་ཡོད་པ་རེད། ཕྱོགས་གཉིས་པོས་ཐོན་བཟོ་ཡོད་པའི་གནས་ཚུལ་ལ་དམིགས་ནས་སྔ་ས་ནས་སྔོན་འགོག་རང་བཞིན་གྱི་གཏན་འབེབས་བྱས་པ་དང་ཞར་བྱུང་ཡིག་ཆ་དེར་མིང་རྟགས་བཀོད་པ་རེད། ཞར་བྱུང་ཡིག་ཆ་དེ་གཉིས་ནི་གྲོས་མཐུན་གྱི་ལག་བསྟར་ཞིབ་སྲོལ་དང་གྲོས་མཐུན་ནང་འཁོད་མེད་པའི་དོན་གནད་ལ་ཁ་གསབ་བྱས་པ་ཞིག་རེད།

        ལྔ་པ། གྲོས་མཐུན་ལ་ཏཱ་ལའི་བླ་མ་དང་བོད་ཀྱི་སེར་སྐྱ་མི་དམངས་ཀྱིས་གཅིག་གྱུར་ཐོག་བརྩི་བཀུར་ཞུས་པ། ང་ཕོད་ངག་དབང་འཇིགས་མེད་པེ་ཅིང་ནས་ལྷ་སར་ཕྱིར་ལོག་གནང་རྗེས་བོད་ས་གནས་སྲིད་གཞུང་གིས་ཟླ་9ཚེས་26ནས་ཚེས་29ཉིན་བར་སེར་སྐྱ་དཔོན་རིགས་ཡོངས་དང་། གདན་ས་གསུམ་གྱི་མཁན་པོ། བོད་དམག་གི་བརྒྱ་དཔོན་ཡན་གྱི་དམག་དཔོན་སོགས་མི་300ལྷག་ཙམ་གྱི “དཔོན་རིགས་ཀྱི་ཚོགས་ཆེན ”འཚོགས་ནས་ཏཱ་ལའི་བླ་མར་འབུལ་རྒྱུའི་ཞུ་ཡིག་ལ་གྲོས་འཆམ་བྱུང་བ་དེའི་ནང “བཞག་པའི 《གྲོས་མཐུན་དོན་ཚན་བཅུ་བདུན 》ནི་ཏཱ་ལའི་བླ་མའི་ངོས་ནས་བརྗོད་ན་བརྗིད་ཆེའི་བྱ་གཞག་ཅིག་ཡིན་ལ་བོད་ཀྱི་ངོས་ནས་བརྗོད་ན་ནང་པའི་བསྟན་པ་དང་། ཆབ་སྲིད། དཔལ་འབྱོར་སོགས་ཕྱོགས་གང་གི་ཐད་ལའང་དགེ་མཚན་དཔག་ཏུ་མེད་པ་ཞིག་ཡོད་པས་དེ་ལྟར་ལག་བསྟར་བྱེད་འོས་པ་ཞིག་འདུག ”ཅེས་འཁོད་ཡོད་པ་རེད། ཟླ་10ཚེས་24ཉིན་ཏཱ་ལའི་བླ་མས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་ཏར་འཕྲིན་བཏང་ནས་གྲོས་མཐུན་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཏར་འཕྲིན་དེའི་ནང་དོན་ཆ་ཚང་ནི “ད་ལོ་བོད་ས་གནས་སྲིད་གཞུང་གིས་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་བཀའ་བློན་ང་ཕོད་སོགས་མི་ལྔ་ཆེད་དུ་མངགས་པ་དེ་དག་1951ལོའི་ཟླ་4པའི་ཟླ་མཇུག་ལ་པེ་ཅིང་དུ་འབྱོར་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གཏན་འཁེལ་གནང་བའི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་ཀྱི་སྐུ་ཚབ་ཀྱིས་མཛའ་མཐུན་གྱི་རྨང་གཞིའི་ཐོག་1951ལོའི་ཟླ་5ཚེས་23ཉིན་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་བཞག་པ་རེད། བོད་ས་གནས་སྲིད་གཞུང་དང་བོད་རིགས་སེར་སྐྱ་མི་དམངས་ཀྱིས་གཅིག་གྱུར་ཐོག་བརྩི་བཀུར་ཞུས་པ་དང་འབྲེལ་མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔུང་སྡེས་རྒྱལ་སྲུང་སྲ་བརྟན་གཏོང་བ་དང་། བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྤྲོད་གཏོང་བ། མེས་རྒྱལ་གྱི་མངའ་ཁོངས་བདག་དབང་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་བཅས་ལ་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་ཡིན་པས་ཏར་འཕྲིན་འདི་ཕུལ་ནས་སྙན་སེང་ཞུ་རྒྱུ་ཡིན ”ཞེས་པ་དེ་རེད། ཟླ་10ཚེས་26ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མར་ཏར་ལན་གནང་ནས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལག་བསྟར་གནང་བའི་ཐད་ཏཱ་ལའི་བླ་མས་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

        《གྲོས་མཐུན་དོན་ཚན་བཅུ་བདུན 》བཞག་པ་དེ་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་ཤོག་ལྷེ་གསར་རྐྱང་ཞིག་ཕྱེ་བ་མཚོན་ཡོད། ཞི་བས་བཅིངས་འགྲོལ་བཏང་སྟབས་བོད་ལྗོངས་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་འཆིང་རྒྱ་ལས་རྦད་དེ་ཐར་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་ཐུབ་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་དང་བོད་ནང་ཁུལ་གྱི་མཐུན་སྒྲིལ་མངོན་འགྱུར་བཅས་བྱུང་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་ཐུན་མོང་ཐོག་ཡར་རྒྱས་དང་འཕེལ་རྒྱས་གཏོང་ཆེད་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་གཏོད་ཐུབ་པ་བྱུང་ཡོད།

         གཉིས།    ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་གི་འཕེལ་རིམ།

        ཞི་བའི་བཅིངས་འགྲོལ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་ཞིག་ཡིན། དེའི་རྗེས་ཀྱི་ལོ་60ཡི་རིང་བོད་ཀྱིས་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བཪྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་མཚམས་ཁག་བརྒྱུད་པ་དང་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའང་བརྒྱུད་པ་རེད།

        (གཅིག )《གྲོས་མཐུན་དོན་ཚན་བཅུ་བདུན 》དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། བོད་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་བཅས་བྱས་པ།

        — བོད་དུ་བསྐྱོད་ནས་མཐའ་སྲུང་སྲ་བརྟན་བཏང་བ། 《གྲོས་མཐུན་དོན་ཚན་བཅུ་བདུན 》དང་དེའི་ཞར་བྱུང་ཡིག་ཆ་དང་པོའི་གཏན་འབེབས་གཞིར་བཟུང་། 1951ལོའི་ཟླ་9པ་ནས་1952ལོའི་ཟླ་6པ་བར་དམག་སྡེ་བཅོ་བརྒྱད་པས་གཙོ་བོར་བྱས་པའི་བོད་སྐྱོད་དཔུང་སྡེ་ཁག་སྔ་རྗེས་སུ་ལྷ་སར་འབྱོར་ནས་ཐའེ་ཀྲའོ་དང་། རྒྱལ་རྩེ། གཞིས་རྩེ། ལྷུན་རྩེ་རྫོང་། གྲོ་མོ། རྫ་ཡུལ། སྒེར་རྩེ་སོགས་རྒྱལ་སྲུང་གཙོ་གནད་གྲོང་རྡལ་དུ་བཅའ་སྡོད་(འབྱོར་བ )བྱས་ནས་བོད་སྐྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་བོད་ཀྱི་མཐའ་མཚམས་སྤྱི་ལེ་4000ལྷག་ཙམ་ཡུན་རིང་སྲུང་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

        — བོད་ཀྱི་ཕྱི་འབྲེལ་ལས་དོན་མཐའ་དག་གཅིག་གྱུར་ཐོག་ཐག་གཅོད་བྱས་པ། 1952ལོའི་ཟླ་9པའི་ཚེས་6ཉིན་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྱི་ཕྱི་དོན་སྒྲུབ་རོགས་གཞུང་དོན་ཁང་བཙུགས་པ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་ཕྱི་འབྲེལ་པུའུ་ཡི་འགོ་ཁྲིད་འོག་བོད་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་མཐའ་དག་ཞིབ་ཕྲའི་ངང་སྒྲུབ་ཀྱི་ཡོད། 1954ལོའི་ཟླ་4ཚེས་29ཉིན་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་པེ་ཅིང་དུ 《ཀྲུང་གོའི་བོད་ས་གནས་དང་རྒྱ་གར་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་ཆོད 》ལ་མིང་རྟགས་བཀོད་པ་དང་ཆབས་ཅིག་ཡིག་ཆ་བརྗེས་ནས་རྒྱ་གར་གྱིས་རྒྱུན་འཛིན་བྱེད་པའི་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་ལུས་པའི་དམིགས་བསལ་དབང་ཆ་མེད་པ་བཟོས་པ་རེད། 1955ལོར་ཀྲུང་གོ་དང་བལ་ཡུལ་དབར་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས་པ་དང་འབྲེལ་1956ལོར 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བལ་ཡུལ་རྒྱལ་ལྡན་རྒྱལ་ཁབ་དབར་མཛའ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་དེ་བཞིན་ཀྲུང་གོའི་བོད་ས་གནས་དང་བལ་ཡུལ་དབར་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་ཆོད 》ལ་མིང་རྟགས་བཀོད་ནས་བོད་ལ་འཛིན་པའི་བལ་ཡུལ་གྱི་དམིགས་བསལ་དབང་ཆ་མེད་པ་བཟོས་སྟབས་ཀྲུང་གོ་དང་བལ་ཡུལ་དབར་གྱི་མཛའ་མཐུན་འབྲེལ་བ་དེ་རྨང་གཞི་གསར་པའི་ཐོག་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་རེད། དེ་ནས་བཟུང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་ཁུལ་གྱི་ཕྱི་འབྲེལ་ལས་དོན་མཐའ་དག་གཅིག་གྱུར་ཐོག་ཐག་གཅོད་བྱ་རྒྱུ་རྦད་དེ་མངོན་འགྱུར་བྱུང་བ་རེད།

        —ཐོན་སྐྱེད་རང་མཁོ་རང་སྤྲོད་ལག་བསྟར་བྱས་ཏེ་དམག་མཁོ་དམངས་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས་པ། ཀྲུང་དབྱང་སྲིད་གཞུང་གིས “བོད་དུ་དཔུང་སྐྱོད་བྱེད་སྐབས་ས་གནས་ལ་མི་བརྟེན་པ ”དང་དེ་བཞིན “སྤྱོད་མཁས་པོ་བྱས་ཏེ་ཐོན་སྐྱེད་རང་མཁོ་རང་སྤྲོད་བྱ་རྒྱུ ”སོགས་ཀྱི་བཀའ་སློབ་གནང་ཡོད་ལ “དམག་མཁོ་འགན་ལེན་དང་དམངས་སྤྱོད་ལ་ལྟ་རྟོག ”དང “གཅིག་གྱུར་ཉོ་སྒྲུབ་དང་གཏོང་སྒོ་ཆུང་དུ་གཏོང་བ ”སོགས་ཀྱི་ནོར་སྲིད་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། མི་དམངས་བཅིངས་འགྲོལ་དམག་ལྷ་སར་བཅའ་སྡོད་བྱས་རྗེས་དང་ཐོག་བལ་ཕྱིར་གཏོང་ཉོ་ཚོང་བྱ་རྒྱུ་ནས་འགོ་ཚུགས་ཏེ་དམག་མཁོ་དམངས་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྒོར (དངུལ་ལོར་ཪྙིང་པ )དུང་ཕྱུར་400བཏང་ནས་རྒྱ་གར་ཁྲོམ་རར་ཕྱིར་གཏོང་བྱེད་པའི་རིན་གོང་ལས་མཐོ་བའི་ཐོག་ནས་བོད་དུ་གསོག་ཉར་བྱས་པའི་བལ་ཉོ་སྒྲུབ་བྱས་ཏེ་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་འབེལ་ཉོ་དཀོན་ཚོང་དང་བོད་རྒྱའི་འབྲེལ་བར་དཀྲུག་ཤིང་རྒྱག་པ་དང་གཏོར་བཤིག་གཏོང་བའི་ལྐོག་གཡོར་རྡུང་རྡེག་བཏང་བས་མཐོ་རིམ་མི་སྣར་ཁེ་བཟང་མང་པོ་ཐོབ་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་ནི་བོད་རིགས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་མཁན་ཞིག་ཡིན་པ་ཤེས་ནས་དཔལ་འབྱོར་ཐད་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་ལ་བརྟེན་རྒྱུ་དང་འབྲེལ་བ་བྱ་རྒྱུ་རིམ་གྱིས་ཉུང་དུ་བཏང་སྟེ་ཀྲུང་དབྱང་སྲིད་གཞུང་དང་འབྲེལ་བ་བྱ་རྒྱུ་ཟབ་དུ་བཏང་ཡོད།

        —འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་ཏེ་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་སྐུལ་འདེད་བཏང་བ། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུལ་སྤེལ་འོག་1952ལོའི་ཟླ་4པར་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་དང་དེ་བཞིན་པཎ་ཆེན་བཞུགས་སྒར་གྱི་མི་སྣ་མཚོ་སྔོན་ནས་ལྷ་སར་ཕྱིར་ལོག་བྱས་པར་བརྟེན་པཎ་ཆེན་དང་ཏཱ་ལ་མཛའ་གྲོགས་མཉམ་འཛོམས་བྱུང་ཡོད། བོད་ཀྱི་ལས་དོན་ཨུ་ལྷན་གྱིས་རྒྱུན་ཆད་མེད་པར་ལས་དོན་སྤེལ་ནས་ཏཱ་ལ་དང་པཎ་ཆེན་དབར་གྱི་ལོ་རྒྱུས་ཐོག་ལྷག་པའི་གནད་དོན་དང་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཡོད། 1953ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་རྒྱལ་ཡོངས་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་མཚན་འཛིན་ཚོཌ་གཙོར་བདམས་པ་དང་ཀུན་བདེ་གླིང་གི་སྤྲུལ་སྐུ་ཚོཌ་གཙོ་གཞོན་པར་བདམས་ཡོད། 1956ལོའི་ཟླ་9པར་ཀྲུང་གོ་ནང་བསྟན་ཆོས་ལུགས་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་བཙུགས། 1954ལོའི་ཟླ་9པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་པེ་ཅིང་དུ་བསྐྱོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་དོན་ཆེན་ལ་དོ་དམ་བྱ་རྒྱུའི་ནང་ཞུགས་པའི་དབང་ཆ་མངོན་ཡོད། དུས་མཚུངས་ལྟ་སྐོར་ཚོགས་པ་དང་མཛད་གཟིགས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ནང་སར་ལྟ་སྐོར་དང་འཚམས་འདྲི་བྱེད་པར་བསྐྱོད་པ་དང་1952ལོ་ནས་1957ལོ་བར་ཁག་13དང་མི་ཐེངས་1000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ནང་སར་ལྟ་སྐོར་དང་འཚམས་འདྲི་བྱས་པ་དང་དེའི་ཁོངས་མི་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་ནང་ལྷ་ས་ནས་བོད་ཀྱི་ས་ཁུལ་ཁག་གི་མཐོ་རིམ་སེར་སྐྱ་དཔོན་རིགས་དང་། དགོན་སྡེའི་གྲྭ་པ། གཞོན་ནུ་དང་བུད་མེད་བཅས་ཡོད་པར་བརྟེན་དེས་བོད་དང་ནང་སའི་དབར་གྱི་འབྲེལ་བ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཟབ་ཏུ་ཕྱིན་ཡོད།

        དེང་རབས་ཅན་གྱི་འཛུགས་སྐྲུན་ཧུར་ཐག་བྱས་ནས་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། ཞི་བས་བཅིངས་འགྲོལ་བཏང་རྗེས་མི་དམངས་བཅིངས་འགྲོལ་དམག་དང་བོད་སྐྱོད་ལས་དོན་པ་ཚོས 《གྲོས་མཐུན་དོན་ཚན་བཅུ་བདུན 》དང་ཀྲུང་དབྱང་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁམས་བོད་དང་མཚོ་བོད་གཞུང་ལམ་དང་འདམ་གཞུང་གནམ་ཐང་བསྐྲུན་པ་དང་འབྲེལ་ཆུ་བེད་ཉམས་གསོ་བྱས་པ་དང་དེང་རབས་བཟོ་གྲྭ་དང་། དངུལ་ཁང་། ཚོང་དོན་ཀུང་སི། སྦྲག་ཏར་ཅུས་། ཞིང་ར། སློབ་གྲྭ་སོགས་བསྐྲུན་ཁར་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་ཐོན་སྐྱེད་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། སྤྱི་ཚོགས་རྒུད་སྐྱོབ་དང་གེགས་སེལ་བྱེད་སྒོ་སྤེལ་བ། སྨན་རིན་མི་དགོས་པར་རིམས་འགོག་སྨན་བཅོས་བཅས་བྱས་པར་བརྟེན་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་དེང་རབས་ཤེས་དཔལ་དང་ཡར་ཐོན་གྱི་རྣམ་པ་གསར་པ་མངོན་ཁར་བོད་ཀྱི་རིམ་གྲས་ཁག་དང་རྒྱ་ཆེའི་མང་ཚོགས་ཁྲོད་བག་ཆགས་ཟབ་མོ་བཞག་སྟེ་བོད་ཀྱི་སྤྱི་ཚོགས་ཡུན་རིང་སྒོ་བཀག་དང་རང་གནས་སུ་ལུས་པའི་རྣམ་པ་རྦད་དེ་གཏོར་བ་དང་དེང་རབས་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བཏོད་ཐོག་བོད་ཀྱི་སྤྱི་ཚོགས་སྔར་བས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་ཆེད་ཡངས་པའི་མདུན་ལམ་བཏོད་པ་མ་ཟད། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཐུན་མོང་ཐོག་མདུན་སྐྱོད་བྱ་ཆེད་དགོས་ངེས་ཀྱི་ཆ་རྐྱེན་ཡང་བཏོད་ཡོད།

        ( གཉིས )དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱ་དང་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་བཏང་སྟེ་བོད་ཀྱི་ལོ་རྒྱུས་ཐོག་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཟབ་ཤོས་ལེགས་སྒྲུབ་བྱས་པ།

        དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་བོད་ཪྙིང་པ་ནི་ཡོ་རོབ་ཀྱི་དུས་དཀྱིལ་ལས་དེ་བས་རྗེས་ལུས་དང་མུན་ནག་གི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན། མི་འབོར་གྱི་5%བཟུང་བའི་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ་བཅས་མངའ་བདག་ཆེན་པོ་གསུམ་དང་དེའི་མངའ་ཚབ་ཀྱིས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཕྱུགས་རིགས་ཕལ་ཆེ་བ་བཅས་བདག་བཟུང་བྱེད་པ་དང་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་མེད་ལ་རང་ལུས་རང་དབང་ཡང་མེད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ཁྲལ་འུ་ལག་དང་སྐྱེད་ལྕིའི་བུ་ལོན་གྱི་བཤུ་གཞོག་ཕོག་པ་མ་ཟད། འཇིག་རྟེན་དེ་ན་མཐོང་དཀོན་པའི་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་གཉའ་གནོན་དང་ཁྲིམས་གཅོད་ཕོག་སྟེ་འཆི་ལམ་ཐོག་དཀའ་སྡུག་ཚད་མེད་མྱོང་གི་ཡོད། བོད་ཀྱི་སྤྱི་ཚོགས་ལམ་ལུགས་བཅོས་སྒྱུར་བྱ་རྒྱུ་དེ་ནི་བོད་ཀྱི་སྤྱི་ཚོགས་དང་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་བླང་བྱ་དང་བོད་མི་དམངས་ཀྱི་རྩ་བའི་འདུན་པ་ཡིན། བོད་ཀྱི་དམིགས་བསལ་གནས་ཚུལ་ལ་བསམ་བློ་བཏང་ནས 《གྲོས་མཐུན་དོན་ཚན་བཅུ་བདུན 》ནང “བོད་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ལམ་ལུགས་ལ་ཀྲུང་དབྱང་གིས་འགྱུར་ལྡོག་མི་གཏོང་རྒྱུ ”དང “བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ཀྱི་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་ནས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུའི ”གཏན་འབེབས་བྱས་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་བཅོས་སྒྱུར་ཐད་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་དང་དེ་བས་གུ་ཡངས་ཀྱི་སྲིད་ཇུས་སྤྱད་དེ་ངང་རྒྱུ་རིང་པོས་སྒུག་པ་དང་བོད་ས་གནས་ཀྱི་མཐོ་རིམ་དབང་སྒྱུར་རུ་ཚོགས་ཀྱིས་རང་འགུལ་ངང་བཅོས་སྒྱུར་བྱ་རྒྱུར་ཁ་ཏ་བསླབ་བྱ་བྱས་པ་དང་འབྲེལ་དུས་ཚོད་ལྡང་ངེས་སྤྲད། འོན་ཀྱང་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཀྱིས་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཁེ་དབང་དང་དམིགས་བསལ་དབང་ཆ་སྲུང་ཆེད་བཅོས་སྒྱུར་ལ་ངོ་རྒོལ་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་རྒྱུའི་རེ་ངན་བཅངས་ཏེ་ཁོ་པ་ཚོས་བསམ་ངན་ཁོག་བཅུག་གིས 《གྲོས་མཐུན་དོན་ཚན་བཅུ་བདུན 》དང་རྒྱབ་འགལ་བྱས་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་རབ་དང་རིམ་པ་ཇུས་འགོད་བྱས་ཐོག་མཐར་1959ལོར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད།

        རྒྱལ་ཁབ་གཅིག་གྱུར་དང་བོད་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ་བོད་མི་དམངས་དང་མཉམ་དུ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་མཐའ་གཅིག་ཏུ་བཏང་ནས་བོད་ཀྱི་ས་གནས་སྲིད་གཞུང་མེད་པར་བཟོས་པ་དང་འབྲེལ་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོ་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས “ཆོས་སྲིད་ཟུང་འབྲེལ ”གྱི་ལམ་ལུགས་མེད་པར་བཟོས་ནས་ཆོས་སྲིད་ལོགས་དབྱེ་བྱུང་བ་དང་། ཐོན་སྐྱེད་རྒྱུ་ཆ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ལ་དབང་བ་དེ་མེད་པར་བཟོས་ནས་ཞིང་འབྲོག་པ་མི་སྒེར་ལ་དབང་བའི་ལམ་ལུགས་གཏན་འཁེལ་བྱས་པ། “མངའ་བདག་ཆེན་པོ་གསུམ ”ལ་མི་ལུས་གཞན་རྟེན་བྱེད་པ་མེད་པར་བཟོས་ནས་ཞིང་བྲན་དང་བྲན་གཡོག་ལ་མི་ལུས་རང་དབང་ཐོབ་པར་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པ་དང་དེ་ལས་བོད་ཀྱི་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་འཚོ་བ་སོགས་ཕྱོགས་མང་པོའི་ཐད་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་ནས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ལམ་བུ་བཏོད་ཡོད། བསྡོམས་རྩིས་བྱས་པ་གཞིར་བཟུང་། དམངས་གཙོའི་བཅོས་སྒྱུར་ཁྲོད་ཞིང་བྲན་དང་བྲན་གཡོག་ལ་ཁྱོན་ས་ཞིང་ཁལ་ཁྲི་280ལྷག་ཙམ (ཁལ 15སྤྱི་ཆིང་1དང་མཚུངས )ཐོབ་ཀྱི་ཡོད་པ་དང་1960ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་ལེགས་གྲུབ་བྱུང་སྐབས་བོད་ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་ཚད་1959ལོ་ལས་12.6%འཕར་ཡོད་པ་དང་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་1958ལོ་ལས་17.7%འཕར་ཡོད་པ་དང་། 1960ལོའི་ལག་ཡོད་ཕྱུགས་ཟོག་མགོ་གྲངས་ནི་1959ལོ་ལས་9.9%འཕར་ཡོད།

          (གསུམ )མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ནས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་བ།

        བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བརྒྱུད་རིམ་ནི་དམངས་གཙོའི་སྲིད་དབང་འཛུགས་པའི་བརྒྱུད་རིམ་ཞིག་ཀྱང་ཡིན། 1959ལོའི་ཟླ་3པར་བོད་དུ་ངོ་ལོག་ཟིང་འཁྲུག་ལངས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་གནང་ནས་བོད་ས་གནས་ཀྱི་བཀའ་ཤག་སྲིད་གཞུང་མེད་པར་བཟོས་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་འཁུར་རྒྱུའི་གཏན་འབེབས་གནང་ཡོད། དེ་རྗེས་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་པཎ་ཆེན་ནང་མ་སྒང་ཨུ་ཡོན་ལྷན་ཁང་སྔ་རྗེས་སུ་མེད་པར་བཟོས་པས་ངོ་བོ་མི་འདྲ་བའི་སྲིད་དབང་རིགས་ཁ་ཤས་མཉམ་དུ་གནས་པའི་རྣམ་པ་མཇུག་འགྲིལ་ནས་གཅིག་གྱུར་གྱི་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ཡོད། 1961ལོར་བོད་ཀྱི་ས་གནས་ཁག་གིས་ཡོངས་ཁྱབ་འདེམས་བསྐོ་བྱས་ནས་དེ་སྔའི་ཞིང་བྲན་དང་བྲན་གཡོག་ལ་རང་ཁྱིམ་རང་བདག་གི་དམངས་གཙོའི་དབང་ཆ་ཐེངས་དང་པོ་ཐོབ་ཡོད་པ་དང་བོད་ཀྱི་རིམ་ཁག་དབང་འཛིན་ལས་ཁུངས་དང་སྲིད་དབང་འདེམས་བསྐོ་བྱས་ནས་ཐོན་ཡོད་པ་དང་ཡར་ལངས་ཞིང་བྲན་དང་བྲན་གཡོག་འབོར་ཆེན་ཞིག་གིས་རིམ་ཁག་འགོ་ཁྲིད་ཀྱི་གོ་གནས་ཁུར་ཡོད། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་དང་བོད་རང་སྐྱོང་ལྗོངས་དང་དེ་བཞིན་མི་དམངས་སྲིད་གཞུང་བཙུགས་པའི་ཁྱབ་བསྒྲགས་བྱས། དེ་རྗེས་བོད་ཀྱིས་ཞིང་འབྲོག་ལས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱས་པ་བརྒྱུད་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། བོད་རང་སྐྱོང་ལྗོངས་དབུ་བཪྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དེས་ལམ་ལུགས་ཐོག་ནས་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་དང་དེ་བཞིན་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་པའི་སྲིད་ཇུས་བོད་དུ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཡོད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་བྱ་བར་དོ་དམ་བྱེད་པ་དང་རང་ས་ཁུལ་དང་རང་མི་རིགས་ཀྱི་བྱ་བར་རང་བདག་དོ་དམ་བྱེད་པའི་དབང་ཆ་འགན་ལེན་བྱས་ཏེ་བོད་འདི་ཉིད་རྒྱལ་ཁབ་ཀྱི་དམིགས་བསལ་རྒྱབ་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར་འོག་རང་ས་ཁུལ་གྱི་ཁྱད་ཆོས་གཞིར་བཟུང་རྒྱལ་ཡོངས་དང་མཉམ་དུ་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་ཐོན་ཡོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

        (བཞི )སྒྱུར་བཅོས་སྒོ་དབྱེ་བྱས་ནས་བོད་ཀྱི་དཔལ་འབྱོར་དེ་བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་རྒྱུ་དང་མཁོ་སྤྲོད་རྣམ་པའི་དཔལ་འབྱོར་ནས་གཉེར་སྐྱོང་རྣམ་པའི་དཔལ་འབྱོར་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ།

        དུས་རབས་20པའི་ལོ་རབས་80པའི་ནང་བོད་འདི་ཉིད་རྒྱལ་ཡོངས་དང་འདྲ་བར་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་ཡོད། 1980ལོ་དང་1984ལོར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་འཚོགས་ནས་བོད་དུ་དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་བར་བྱེད་པ་དང་བཀག་སྡོམ་རྣམ་པའི་དཔལ་འབྱོར་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་དུ་བསྒྱུར་བ་དང་མཁོ་སྤྲོད་རྣམ་པའི་དཔལ་འབྱོར་ནས་གཉེར་སྐྱོང་རྣམ་པའི་དཔལ་འབྱོར་དུ་བསྒྱུར་བའི་མཛུབ་ཁྲིད་བྱེད་ཕྱོགས་གཏན་འཁེལ་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས “ས་ཞིང་སྤྱོད་དབང་དུད་ཚང་ལ་བདག་པ་དང་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་མི་འགྱུར་བ ”དང “ཕྱུགས་རིགས་སྒེར་བདག་སྒེར་གསོ་དང་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་མི་འགྱུར་བ ”སོགས་ཀྱི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བོད་ཀྱི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་1984ལོ་ནས་བཟུང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན (གྲོང་ཁྱེར )དགུ་ཡིས་བོད་ལ་རོགས་སྐྲུན་བྱས་པའི་ལས་གྲྭ་ཁག་43སོགས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཡོད། སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་དང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས་པ་བརྒྱུད་བོད་ཀྱི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་དར་རྒྱས་བྱུང་བ་དང་བོད་ཀྱི་ལས་ཐོན་གྱི་ཆུ་ཚད་ཧྲིལ་པོ་དང་དཔལ་འབྱོར་བྱེད་སྒོའི་ཚོང་ཟོག་ཅན་གྱི་ཆུ་ཚད་མཐོ་རུ་སོང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་ཡོད།

         (ལྔ )དུས་བབ་གསར་པར་གཞིགས་ནས་ལག་ལེན་དངོས་ནང་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་འཚོལ་ཞིབ་དང་གྲུབ་པ་བྱས་ཏེ་བོད་རྒྱུན་ཆད་མེད་པར་མགྱོགས་མྱུར་འཕེལ་རྒྱས་བཏང་བ་དང་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱས་པ།

        ཏཱ་ལའི་རུ་ཚོགས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕྱིན་རྗེས་ཐོག་མཐའ་བར་གསུམ་དུ “བོད་རང་བཙན ”གྱི་འདོད་ཚུལ་དོར་མེད་ལ་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་བཞག་མེད། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་རྒྱབ་སྐྱོར་འོག་རྒྱ་གར་དུ “བོད་རང་བཙན་རྒྱལ་ཁབ ”བཙུགས་པའི་ཁྱབ་བསྒྲགས་བྱས་པ་དང་རྒྱ་གར་དང་ནེ་པ་ལར་ངོ་ལོག་ཟིང་འཁྲུག་གི་དྲག་ཤུགས་རྟེན་གཞི་བཙུགས་ནས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་མཐའ་མཚམས་སུ་གློ་བུར་དུ་དྲག་པོའི་རྒོལ་དཀྲུག་བྱས་པ་རེད། 1964ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་འདུ་ཐེངས་151པའི་ཐོག 《ཏཱ་ལའི་གོ་གནས་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས 》ལ་གྲོས་འཆམ་བྱུང་ཞིང་། དེའི་ནང “ཏཱ་ལས་1959ལོར་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་པའི་གསར་བརྗེར་ངོ་རྒོལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ནས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕྱིན་རྗེས་ཡུལ་གྱར་སྲིད་གཞུང་རྫུས་མ་སྒྲིག་འཛུགས་ཀྱིས་རྩ་ཁྲིམས་རྫུས་མ་ཁྱབ་བསྒྲགས་བྱས་པ་དང་རྒྱ་གར་ལོག་སྤྱོད་ཤོག་ཁག་གིས་རང་རྒྱལ་ལ་བཙན་འཛུལ་བྱེད་པར་རྒྱབ་སྐྱོར་བྱས་པ་མ་ཟད་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕྱིན་པའི་ངོ་ལོག་ཟིང་འཁྲུག་གི་དྲག་ཤུགས་ལྷག་མ་སྒྲིག་འཛུགས་དང་སྦྱོང་བརྡར་ཧུར་ཐག་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་བཟོད་མི་བདེ་བ་བཟོས་ཡོད། དེ་དག་ཚང་མའི་ཐོག་ནས་ཁོ་པ་སྔ་ས་ནས་མེས་རྒྱལ་དང་མི་དམངས་དང་འབྲེལ་ཐག་བཅད་ནས་ངན་སེམས་མཁྲེགས་བཟུང་གིས་བཙན་རྒྱལ་རིང་ལུགས་དང་ཕྱི་རྒྱལ་ལོག་སྤྱོད་ཤོག་ཁག་གི་ལག་ཆ་བྱེད་པའི་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད ”ཞེས་མཛུབ་སྟོན་བྱས་ཡོད། བོད་དུ་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཏཱ་ལའི་རུ་ཚོགས་ཀྱིས་དེ་བས་སིམ་འཛུལ་དང་གཏོར་བཤིག་གཏོང་ཤུགས་ཆེ་རུ་བཏང་བ་མ་ཟད་དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ལྷ་སའི་ཟིང་ཆ་སྒྲིག་འཛུགས་དང་ངན་སྐུལ་བྱས་ནས་བསླངས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་འཕྲལ་དུ་ཟིང་ཆ་ཞོད་འཇགས་བཏང་བ་མ་ཟད་1989ལོར་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་འཆར་དོན་ཚན་བཅུ་བཏོན་གནང་བས་བསམ་བློ་གཅིག་གྱུར་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ནས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་ཏུ་གྱུར་ཡོད། 1994ལོར་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་བ་བྱེད་པ་དང་དོན་ཆེན་གཉིས་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་དང་དུས་བབ་བརྟན་ལྷིང་ལ་དམ་འཛིན་ནན་པོ་བྱས་ཏེ་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན་བཅས་བྱེད་པའི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བྱེད་ཕྱོགས་གཏན་འཁེལ་དང་། ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཟོ་བ། བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོ་བ་བཅས་བྱས་པས་རྒྱལ་ཁབ་ཀྱིས་བོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ཐད་ཀར་མ་དངུལ་གཏོང་བ་དང་། ཀྲུང་དབྱང་གིས་ནོར་སྲིད་ཐོག་ནས་ཁ་གསབ་བྱེད་པ། རྒྱལ་ཡོངས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་ཀྱི་ཕྱོགས་མང་པོའི་ཐད་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། 2001ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་ཏེ་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ་དང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་བོད་ཀྱི་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། 1994ལོ་ཚུན་དུ་ཀྲུང་དབྱང་སྲིད་གཞུང་གིས་སྔ་རྗེས་སུ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་60དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་18 ཀྲུང་དབྱང་ཁེ་ལས་17བཅས་བཀོད་སྒྲིག་བྱས་ནས་མི་ཤུགས་དང་། རྒྱུ་ནོར། ལག་རྩལ། དོ་དམ་སོགས་ཐད་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་བཀོད་སྒྲིག་བྱས་པས་ཁ་གཏད་བོད་སྐྱོར་གྱི་ཁྱབ་ཁོངས་དེ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཆ་ཚང་དང་རྫོང (གྲོང་ཁྱེར་དང་ཆུས )73ལ་ཁྱབ་པ་བྱས་པ་དང་ལྷག་པར་དུ་1994ལོར་གཏན་འཁེལ་བྱས་པའི་བོད་སྐྱོར་ལས་གྲྭ་62དང་2001ལོར་གཏན་འཁེལ་བྱས་པའི་བོད་སྐྱོར་ལས་གྲྭ་117ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བས་བོད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཆེད་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་བསྣན་ཡོད། དེ་དང་ཆབས་ཅིག་ཏཱ་ལའི་རུ་ཚོགས་ཀྱི་འགལ་རྐྱེན་དང་གཏོར་བཤིག་མེད་པ་བཟོས་ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུ་རྒྱུ་ཐུགས་གྲ་ལེགས་སྒྲིག་བྱུང་བ་དང་རྒྱལ་མཚན་ནོར་བུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུ་རྒྱུའི་ཆོག་མཆན་གནང་བ་དང་ཏཱ་ལའི་ཁ་ཕྲལ་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད།

        (དྲུག )ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཐའ་འཁྱོངས་ཀྱིས་བོད་འདི་ཉིད་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བ་དང་གཞི་རྩའི་ཆ་ནས་བརྟན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

        ཀྲུང་གུང་ཚོགས་ཆེན་བཅུ་དྲུག་པ་འཚོགས་རྗེས་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པར་གཞིགས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱར་གཞིགས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་འགན་ལེན་དང་ལེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོར་བརྩི་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་ཡོད་ཅེས་གསལ་པོར་བཏོན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་2006ལོར་བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་40བཟོས་ནས་བོད་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་འཛུགས་སྐྲུན་རྣམ་གྲངས་180(དོན་དངོས་ཐོག་རྣམས་གྲངས་188ལེགས་གྲུབ་བྱུང་བ )གཏན་འཁེལ་བྱས་པས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་ཡོད། བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཁར་མཚོ་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་སྐྲུན་ཟིན་པ་དང་འབྲེལ་ཕན་འབྲས་བཟང་པོ་ཐོན་པ་དང་། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་བྱུང་ནས་བོད་ཀྱི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་དུས་མཚུངས་ལྷ་སའི “3·14” དོན་རྐྱེན་ཁྲིམས་ལྟར་ཞོད་འཇགས་བཏང་བ་དང་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ་དང་རྡུང་རྡེག་ཚ་ནན་བཏང་ཁར་དགོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ངང་སྤེལ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་གལ་ཆེན་ཐོབ་པ་དང་མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། 2010ལོའི་ཟླ་བ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དེ་ལྟེ་བར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་འགན་ལེན་དུ་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་བཅས་བྱས་ནས་དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམ་འཛིན་ནན་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན། སྣོད་བཅུད་བཟང་པོ་ཡོང་རྒྱུ་འགན་ལེན་བཅས་བྱེད་པའི་མཛུབ་ཁྲིད་བསམ་བློ་བཏོན་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

        གསུམ།      འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་རླབས་ཆེན་གྲུབ་འབྲས།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་བར་དང་། བཀག་སྡོམ་དབུལ་པོ་རྗེས་ལུས་ནས་སྒོ་དབྱེ་འབྱོར་ཕྱུག་ཤེས་དཔལ་ལྡན་པའི་བར་གྱི “ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད ”ཆེན་པོ་གཉིས་མངོན་འགྱུར་བྱུང་ནས་ཕྱོགས་གང་ཅིར་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད།

        (གཅིག )ཆབ་སྲིད་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

        ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ་རེད། དེ་སྔོན་གྱི་ཞིང་བྲན་དང་བྲན་གཡོག་རྣམས་དེ་ནས་བཟུང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ནས་རྒྱལ་ཁབ་ཀྱི་དོན་དག་ནང་འདྲ་མཉམ་ངང་ཞུགས་པ་དང་དོ་དམ་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ས་ཁོངས་དེ་ག་དང་མི་རིགས་རང་ཉིད་ཀྱི་བྱ་བ་རང་བདག་ངང་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་དབང་ཆ་སྤྱོད་རྒྱུ་བྱུང་ཡོད། 2007ལོར་འཚོགས་པའི་བོད་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར )རྫོང་། ཤང (གྲོང་རྡལ )བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི་འདེམས་བསྐོའི་ཐོག་འདེམས་ཐོན་བྱུང་ཚད་96.4%ཟིན་པ་དང་། དངོས་བརྒྱུད་དང་གཞན་བརྒྱུད་ཀྱི་སྒོ་ནས་འདེམས་ཐོན་བྱུང་བའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34000ལྷག་ཙམ་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་94%ཡན་བཟུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་འཐུས་མི་20ཡི་ཁྲོད་བོད་རིགས་སྤྱི་འབངས་12དང་མོན་པ་རིགས་དང་ལྷོ་པ་རིགས་རེ་རེ་ཡོད། ད་དུང་བོད་ཀྱི་རིམ་གྲས་ཁག་དང་ལས་རིགས་ཁག་གིས་རིམ་ཁག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བརྒྱུད་སྲིད་ཞུགས་སྲིད་གྲོས་དང་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་ཀྱི་ཡོད། ད་ཆ་བོད་ཀྱི་མི་རིགས་དང་ཆོས་ལུགས་ལས་རིགས་མི་སྣ་མང་པོ་ཞིག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བོད་ལྗོངས་ཨུ་ཡོན་ལྷན་ཁང་ནི་1959ལོར་བཙུགས་རྗེས་སྐབས་རིམ་བྱུང་གི་ཨུ་ཡོན་ཁྲོད་ཕལ་ཆེ་བ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ཡིན།

        མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཉིད་བཅའ་ཁྲིམས་ཀྱི་སྲོལ་ལམ་ཐོག་ཟམ་མི་ཆད་པར་སྐུལ་སྤེལ་གཏོང་བཞིན་ཡོད། བོད་རང་སྐྱོང་ལྗོངས་བཙུགས་ཚུན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་དེ་འདྲའི་ངོ་བོ་ལྡན་པའི་གྲོས་ཆོད་དང་གྲོས་ཡིག་ཁག་279སྔ་རྗེས་སུ་བཏོན་པ་དེ་དག་དམངས་གཙོ་ཆབ་སྲིད་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་སློབ་གསོ། སྐད་ཡིག མི་དམངས་སྲིད་ཁྲིམས། སྨན་བཅོས་འཕྲོད་བསྟེན། རིག་དངོས་སྲུང་སྐྱོབ། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ནང་དོན་དང་འབྲེལ་བ་ཡོད། ད་ཆ་རང་སྐྱོང་གི་སྲོལ་ཡིག་དང་སྲོལ་ཡིག་རྐྱང་པ་གཙོ་བོར་བྱས་པའི་ས་གནས་རང་བཞིན་གྱི་རང་སྐྱོང་ཁྲིམས་སྲོལ་མ་ལག་ཅིག་བཙུགས་ཟིན་ནས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་འཚོ་བ་བཅས་གང་ཅིའི་ཐད་ཀྱི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དབང་ཆ་སྲུང་སྐྱོབ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བར་བཅའ་ཁྲིམས་ཐོག་ནས་འགན་ལེན་བྱུང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་སྲོལ་ཡིག 》དང་། 《བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་ལག་བསྟར་ཞིབ་སྲོལ 》《བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས 》《མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས 》《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་དོ་དམ་སྲོལ་ཡིག 》《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག 》སོགས་ཚུད་པའི་བཅའ་ཁྲིམས་འཛུགས་སྐྱོང་གི་གྲུབ་འབྲས་དེ་དག་ལ་བོད་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།

        བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞན་དག་ནི་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་བོད་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་བཙུགས་ཚུན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུད་ཀྲུའུ་རེན་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཚང་མ་ནི་བོད་རིགས་སྤྱི་འབངས་ཡིན། ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་70.3%ཟིན་པའི་ནང་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་གཙོ་བོའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་81.6%ཟིན་ཡོད། ད་ཆ་བོད་རང་སྐྱོང་ལྗོངས་སུ་ཆེད་ལས་ལག་རྩལ་པ་ཁྲི་5.4ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ལག་རྩལ་པས་76.8%ཙམ་ཟིན་ཡོད་པ་རེད།

        (གཉིས ) དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་མི་དམངས་ཀྱི་འཚོ་བ་ཆེས་ཆེར་ལེགས་སུ་ཕྱིན་པ།

        ཞི་བས་བཅིངས་འགྲོལ་མ་བཏང་གོང་དུ་བོད་ཀྱི་དཔལ་འབྱོར་དེ་ཡུན་རིང་འཕེལ་མེད་རང་སོར་གནས་ཤིང་ལས་རིགས་སྣ་ཚོགས་ཉམས་དམས་སུ་གྱུར་པ་དང་མི་དམངས་རྣམས་འཚོ་ཐབས་བྲལ་བའི་གནས་སུ་གྱར་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཅིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་བཟོས་པ་དེ་དག་དངུལ་རྩ་དང་། ནོར་ཁྲལ། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ། ཁོར་ཡུག་སྲུང་སྐྱོང་། སློབ་གསོ། འཕྲོད་བསྟེན། ཚན་རྩལ། རིག་གནས། ལུས་རྩལ་སོགས་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པ་དང་སྦྲགས་ནོར་ཤུགས་དང་། དངོས་ཤུགས། མི་ཤུགས་བཅས་ཀྱི་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་ཐོབ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ནས་དངུལ་སྐར་གཅིག་ཀྱང་ལེན་མྱོང་མེད་པར་དེ་ལས་ལྡོག་སྟེ་བོད་དུ་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། 1952ལོ་ནས་2010ལོའི་བར་ཀྲུང་དབྱང་གིས་བོད་ཀྱི་ནོར་ཤུགས་ལ་སྒོར་དུང་ཕྱུར་3000ཁ་གསབ་བརྒྱབ་པར་ཆ་སྙོམས་ལོ་རེར་22.4%འཕར་ཡོད་པ་རེད། ལོ་60ཡི་རིང་ཀྲུང་དབྱང་གིས་བོད་ལ་ཐད་ཀར་བཏང་བའི་མ་དངུལ་སྒོར་དུང་ཕྱུར་1600ལས་བརྒལ་བ་དང་དུས་སྐབས་མི་འདྲ་བར་རྣམ་གྲངས་42དང་། རྣམ་གྲངས་62 རྣམ་གྲངས་117 རྣམ་གྲངས་188སོགས་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བའི་གཙོ་གནད་ལས་གྲྭའི་རྣམ་གྲངས་མང་དག་ཅིག་བསྟུད་མར་བཀོད་སྒྲིག་བྱས་ཏེ་གཞུང་ལམ་དང་། ལྕགས་ལམ། གནམ་ཐང་། འཕྲིན་གཏོང་། ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་བསྟུད་མར་བསྐྲུན་པས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་མཐུན་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 1994ལོ་ནས་2010ལོའི་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་དྲུག་ཏུ་དབྱེ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྣམ་གྲངས་4393བསྐྲུན་རོགས་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་133བཏང་བ་དང་ཕུལ་བྱུང་གི་ལས་བྱེད་པ་4742བོད་སྐྱོར་བྱེད་པར་བཏང་ཡོད།

        ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རོགས་སྐྱོར་དང་རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོར་འོག་བོད་ཀྱི་དཔལ་འབྱོར་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། བསྡོམས་རྩིས་ལ་གཞིགས་ན། 1959ལོ་ནས་2010ལོ་བར་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་2751ལེགས་གྲུབ་ཟིན་ཏེ་ལོར་ཆ་སྙོམས་འཕར་ཚད་15%ཡན་ཟིན་པའི་ནང་1994ལོ་ནས་2010ལོ་བར་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་2643ཟིན་པ་དང་ལོར་ཆ་སྙོམས་འཕར་ཚད་20%ཡན་ཟིན་ཡོད་པ་རེད། 1951ལོར་བོད་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ལས་ཟིན་གྱི་མེད་པ་དང་2010ལོར་སྒོར་དུང་ཕྱུར་507.46ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལྡབ་111.8འཕར་བ་དང་ལོར་ཆ་སྙོམས་8.3%འཕར་ཡོད་པ་རེད། དེའི་ནང་1994ལོ་ནས་བཟུང་བོད་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྟུད་མར་ལོ་18རིང་གྲངས་གནས་གཉིས་འཕར་བ་དང་ལོར་ཆ་སྙོམས་འཕར་ཚད་12%ཟིན་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང (2006ལོ་ནས་2010ལོ་བར )བོད་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྔ་རྗེས་སུ་སྒོར་དུང་ཕྱུར་300དང་། སྒོར་དུང་ཕྱུར་400 སྒོར་དུང་ཕྱུར་500བཅས་ཀྱི་སྐས་རིམ་ཆེན་པོ་གསུམ་ལས་སྒྲོལ་ཡོད། 2010ལོར་བོད་རང་སྐྱོང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་17319ཟིན་པ་དང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་36.65ཟིན་ཏེ་བསྟུད་མར་ལོ་བརྒྱད་རྒྱུན་འཁྱོངས་ཀྱིས་20%ཡན་འཕར་ཡོད། དེང་རབས་བཟོ་ལས་མེད་པ་ནས་ཡོད་པར་གྱུར་པ་དང་ད་ཆ་ནུས་རྒྱུ་དང་། ཡང་བའི་བཟོ་ལས། འཁེལ་འཐག འཕྲུལ་ཆས། གཏེར་འདོན། འཛུགས་སྐྲུན་རྒྱུ་ཆ། རྫས་འགྱུར་བཟོ་ལས། སྨན་ལས། བཟའ་བཅའ་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཚུད་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་ཀྱི་མ་ལག་རིགས་20ལྷག་ཙམ་བཙུགས་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དེ་1956ལོའི་སྒོར་དུང་ཕྱུར་0.014ནས་2010ལོའི་སྒོར་དུང་ཕྱུར་75.61བར་འཕར་ཏེ་ལོར་ཆ་སྙོམས་14.1%འཕར་ཡོད་པ་རེད། ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱུན་ཆད་མེད་པར་གོང་འཕེལ་དང་སྟོབས་ཆེར་སོང་ནས་རྒྱ་མའི་ཟངས་མང་ལྕགས་རིགས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་མ་ཟད། ཤང་ཀང་གི་ཁྲོམ་རའི་ཐོག་གྲུབ་འབྲས་ཐོབ་པའི་ངང་བཏོན་པ་དང་ལྷ་སའི་ནས་ཀྱི་སྦི་རག་དང་། 5100གཏེར་ཆུ། བདུད་རྩི་རྟགས་ཅན་གྱི་བོད་སྨན་སོགས་ཁྱད་ལྡན་ཐོན་ཟོག་ཁག་གཅིག་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཐོག་བཏོན་ཡོད། ཡུལ་སྐོར་ལས་རིགས་རྒྱུན་བསྲིང་དང་མགྱོགས་མྱུར་གོང་འཕེལ་བྱུང་ནས་2010ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་685.14ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་71.4ཟིན་ཏེ་འཛམ་གླིང་གི་ཡུལ་སྐོར་དམིགས་གཏན་ཁུལ་གལ་ཆེན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་ཡོད་པ་རེད།

        ནུས་རྒྱུ་དང་འགྲིམ་འགྲུལ་སོགས་རྨང་གཞིའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཞིང་། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་ཆན་ཝ་125ལས་ཟིན་གྱི་མེད་པའི་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་གཏོང་བའི་གློག་ཁང་ཆུང་གྲས་ཤིག་ལས་མེད་པ་དང་ད་ཆ་ཆུ་ཤུགས་གློག་ཁང་གཙོ་བོར་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་འོད་ནུས་པ་སོགས་ནུས་མང་ཕན་གསབ་ཀྱི་གསར་དར་ནུས་རྒྱུའི་མ་ལག་ཅིག་གྲུབ་ཡོད། 2010ལོར་བོད་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏང་བའི་གློག་ཤུགས་བསྡོམས་གྲངས་ཆན་ཝ་ཁྲི་97.4ཟིན་པ་དང་གློག་སྤྱོད་རྒྱུ་མི་འབོར་ལ་ཁྱབ་ཚད་82%ཡན་ཟིན་ཡོད། མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་ནས་བོད་ཀྱི་གློག་ཤུགས་ཁེར་དྲ་སྤྱོད་པའི་ལོ་རྒྱུས་མཇུག་འགྲིལ་ཉེར་ཡོད། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་གཞུང་ལམ་གཅིག་ཀྱང་མེད་པ་དང་ད་ཆ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་བཅས་གཙོ་བོར་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རགས་ཙམ་གྲུབ་ནས་བོད་ཀྱི་ཤང་གྲོང་ཡོད་དོ་ཅོག་དང་སྲིད་འཛིན་གྲོང་ཚོ་80%ཡན་ལ་གཞུང་ལམ་ཤར་གཏོང་ཐུབ་ནས་འཁོར་རིགས་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་5.82ཟིན་ཡོད། མེ་ཏོག་གཞུང་ལམ་དགའ་ལུང་ལ་རྒྱལ་ཁའི་ངང་ཏལ་འབིགས་ཐུབ་ནས་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་ཉེར་ཡོད་པ་རེད།

        མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། ལྷ་ས་གོང་དཀར་གནམ་ཐང་གནམ་གྲུ་འབབ་ལམ་གྱི་གློག་སྒྲོན་ལས་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་དང་། མངའ་རིས་དགུན་ས་གནམ་ཐང་། གཞིས་རྩེའི་ཞི་བདེ་གནམ་ཐང་བཅས་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་པས་བོད་དུ་མཚན་མོའི་མཁའ་འགྲུལ་མེད་པ་དང་ཡན་ལག་མཁའ་ལམ་གྱི་མཁའ་འགྲུལ་སྣ་གཅིག་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མིག་སྔར་བོད་དུ་ལྷ་སའི་གོང་དཀར་གནམ་ཐང་དེ་མ་ལམ་ཡིན་པ་དང་། ཆབ་མདོའི་སྤང་མདའ་དང་ཉིང་ཁྲིའི་སྨན་གླིང་། མངའ་རིས་དགུན་ས། གཞིས་རྩེའི་ཞི་བདེ་གནམ་ཐང་བཅས་ཡན་ལག་མཁའ་ལམ་ཡིན་པའི་གནམ་ཐང་གི་རྣམ་པ་རགས་ཙམ་ཆགས་ཤིང་། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་22ཤར་གཏོང་བྱུང་བ་རེད། བོད་ཪྙིང་པར་འཕྲིན་གཏོང་ནི་མིས་འཁུར་ཕྱུགས་འགེལ་དང་ས་ཚིགས་རྣམ་པའི་བརྒྱུད་སྐྱེལ་ལ་བརྟེན་དགོས། དེང་སྐབས་བོད་འདི་ཉིད་ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་པ་དང་འོད་འཁྲིད་ཚི་སྐུད་དང་། སྲུང་སྐར། དྲ་བ་བཅས་གཙོ་བོ་ཡིན་པའི་དེང་རབས་འཕྲིན་གཏོང་དྲ་བའི་མ་ལག་ཅིག་བསྐྲུན་པས་ཤང་ཀུན་ལ་དྲ་ཆེན་དང་གྲོང་ཚོ་ཀུན་ལ་ཁ་པར་སྤྱིར་ན་ཁྱབ་ཡོད་པ་རེད།

        བོད་ཪྙིང་པར་ཞིང་འབྲོག་ལས་དེ་གཞི་རྩའི་ཆ་ནས་གནམ་ཆུར་བརྟེན་ཞིང་། ད་ཆ་ཞིང་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་ཆེས་ཆེར་ལེགས་སུ་སོང་ཡོད། བོད་ཀྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་དེ་1959ལོའི་སྒོར་དུང་ཕྱུར་1.28ནས་2010ལོའི་སྒོར་དུང་ཕྱུར་68.13བར་འཕར་ནས་ལོའི་ཆ་སྙོམས་འཕར་ཚད་4.8﹪ཡིན། འབྲུ་རིགས་ཐོན་ཚད་དེ་1959ལོའི་ཏུན་ཁྲི་18.29ནས་2010ལོའི་ཏུན་ཁྲི་92ལ་འཕར་བ་དང་། འབྲུ་རིགས་ཆ་སྙོམས་མུའུ་རེའི་ཐོན་ཚད་དེ་1959ལོའི་སྤྱི་རྒྱ་91ནས་2008ལོའི་སྤྱི་རྒྱ་357.4ལ་འཕར་བ། ལོ་མཇུག་གི་ལག་ཡོད་ཕྱུགས་གྲངས་དེ་1959ལོའི་ཁྲི་956ནས་2010ལོའི་ཁྲི་2321བར་མང་དུ་སོང་བ་རེད།

        ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་མི་90﹪ཡན་ལ་རང་ཉིད་ཀྱི་སྡོད་ཁང་མེད་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པ་དང་ཟས་ཀྱིས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། ལོ་60རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་མུ་མཐུད་བྱུང་བ་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་སོང་ཡོད། 1951ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་3ཡང་ཟིན་གྱི་མེད་པ་དང་། 2010ཡི་ལོ་མཇུག་ཏུ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་34.72ལོན་པ་རེད། 2006ལོ་ནས་བཟུང་བོད་དུ་བདེ་སྡོད་ལས་གྲྭ་ཚད་བརྒལ་བྱེད་ས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ཏེ་དུད་ཚང་ཁྲི་27.48དང་ཞིང་འབྲོག་པ་ཁྲི་140.21སྔ་རྗེས་སུ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་གསར་དུ་བསྡད་པ་དང་། མི་རེའི་ཆ་སྙོམས་ཀྱི་སྡོད་སའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་24བར་ཆེ་རུ་སོང་བས་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཞན་ཙམ་གྱི་ཞིང་འབྲོག་པ་དག་བདེ་སྡོད་ཁང་གསར་དུ་སྡོད་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད། དེ་དང་ཆབས་ཅིག་བོད་ཀྱིས་ཞིང་འབྲོག་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན། རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་ལས། ཁོར་ཡུག་མཛེས་སྡུག་ཕྱོགས་བསྡུས་འཛུགས་སྐྲུན་བཅས་ལ་སྤྱིའི་ཆ་ནས་སྐུལ་འདེད་བཏང་བས་ཞིང་འབྲོག་ཁུལ་གྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་རེད། མིག་སྔར་ཤང་གྲོང་དུ་གློག་འཕྲིན་ཤར་གཏོང་ཐུབ་ཚད་དང་། ཤང་གྲོང་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་བཅས་85.7%དང་། 99.7% 81.2%བཅས་སོ་སོར་ཟིན་ཡོད། རིམ་རྩིས་བྱས་ན་ཞིང་འབྲོག་པ་ཁྲི་153.2ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁེབས་ཚད་91.2%ཟིན་ཡོད། 2010ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4138.7ཟིན་ནས་ལོ་8བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14980ཟིན་ཡོད། མི་དམངས་རིམ་བཞིན་ཕྱུག་པོ་ཆགས་པ་དང་བསྟུན་ནས་འཛད་སྤྱོད་ཀྱི་གྲུབ་ཆ་སྣ་མང་ཅན་དུ་གྱུར་ཏེ་འཁྱག་སྒམ་དང་། ཚོན་ཁྲ་ཅན་གྱི་བཪྙན་འཕྲིན། གློག་ཀླད། གོས་འཁྲུ་འཕྲུལ་འཁོར། སྦག་སྦག ལག་ཁྱེར་ཁ་པར་སོགས་འཛད་སྤྱོད་དངོས་པོ་མི་སེར་ཚོའི་ཁྱིམ་དུ་སྤྱིར་ཁྱབ་ཡོད། བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་དུད་ཚང་བརྒྱ་རེའི་ཁྲོད་ཚོན་ཁྲ་ཅན་གྱི་བཪྙན་འཕྲིན་73.45དང་། སྒུལ་བདེའི་ཁ་པར་52.64 འཚོ་བའི་ཐོག་སྤྱོད་པའི་རླངས་འཁོར་3.98བཅས་ཡོད་པའི་ཁྲོད་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དུད་ཚང་བརྒྱ་རེའི་ཁྲོད་ཁྱིམ་སྤྱོད་གློག་ཀླད་63དང་། སྒུལ་བདེའི་ཁ་པར་182 ཁྱིམ་སྤྱོད་རླངས་འཁོར་32བཅས་ཡོད། རླུང་འཕྲིན་དང་། བཪྙན་འཕྲིན། འཕྲིན་གཏོང་། དྲ་སྦྲེལ་སོགས་དེང་རབས་ཆ་འཕྲིན་བརྒྱུད་སྤྲོད་བྱ་ཐབས་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་བྱུང་ནས་མི་དམངས་མང་ཚོགས་ཚོའི་རྒྱུན་གཏན་གྱི་འཚོ་བའི་ནང་ཁྱབ་ཡོད།

        (གསུམ ) སྤྱི་ཚོགས་འཛུགས་སྐྲུན་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ་དང་བྱ་གཞག་ཁག་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཐོན་པ།

        བོད་ཪྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་དགོན་སྡེས་སློབ་གསོ་སྒེར་སྡེམ་བྱས་ཡོད། རྩེ་སློབ་གྲྭ་སོགས་སློབ་གྲྭ་ཉུང་ཉུང་ཞིག་ཡོད་པའི་ནང་སློབ་མ་མང་ཆེ་བ་ནི་སྐུ་དྲག་གི་བུ་ཕྲུག་ཡིན་པ་དང་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོའི་སློབ་གསོ་ཐོབ་དབང་མེད་པ་བཟོས་པ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཀྱང་ཟིན་མེད་པ་དང་གཞོན་ནུ་དང་དར་མའི་ཡིག་རྨོངས་ཚད་གཞི་95%ཟིན་པ་དང་དེང་རབས་ཀྱི་ཚན་རྩལ་ཞེས་པ་དེ་བས་གླེང་ཐབས་བྲལ། 1951ལོ་ནས་2010ལོ་བར་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོའི་ཐད་གྲོན་དངུལ་སྒོར་དུང་ཕྱུར་407.3བཏང་ནས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ད་ལྟ་བོད་ཀྱིས་བུ་བཅོལ་ཁང་གི་སློབ་གསོ་དང་། སློབ་ཆུང་སློབ་གསོ། སློབ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཚུད་པའི་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཅིག་བཙུགས་ཟིན་ཡོད། 2010ལོར་བོད་དུ་སྤྱིར་བཏང་མཐོ་རིམ་སློབ་གསོའི་སློབ་གླིང་6དང་། རིམ་ཁག་སློབ་འབྲིང་122དང་སློབ་ཆུང་872 རིགས་ཁག་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་50ལྷག་ཙམ་བཅས་ཡོད་པ་རེད། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་བསྡོམས་འབོར་ཁྲི་2 ལྷག་ཙམ་ཟིན་པ་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་12 སུ་འབྲིང་རིམ་ལས་རིགས་འཛིན་གྲྭ་42 བཙུགས་ཡོད་པ་རེད། མིག་སྔར་བོད་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། དམའ་རིམ་སློབ་འབྲིང་དུ་ཞུགས་ཚད། མཐོ་རིམ་སློབ་འབྲིང་དུ་ཞུགས་ཚད། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་བཅས་99.2% དང་། 98.2% 60.1% 23.4%བཅས་སོ་སོར་ཟིན་པ་དང་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་ཚད་1.2%བར་ཆག་ཡོད་པ་དང་ལོ་ 15 ཡན་ལ་སོན་པའི་མི་འབོར་གྱི་མི་རེར་ཆ་སྙོམས་སློབ་གསོ་ཐེབས་ཚད་ལོ་7.3 ཡན་ཟིན་ཡོད་པ་རེད། རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཟ་སྡོད་སློབ་གསུམ་གྱི་འགྲོ་སོང་འགན་བླངས་ཏེ “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དེ་སློབ་གྲྭར་མ་བསྐྱོད་གོང་དང་། སློབ་ཆུང་། སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་དུས་མཚམས་སུ་ཁྱབ་ཡོད། མིག་སྔར “འགན་ལེན་གསུམ ”གྱི་འགྲོ་སོང་གི་ལོའི་ཁ་གསབ་ཚད་གཞི་དེ་སྒོར་2000 ཟིན་ཡོད། ཚན་རྩལ་བྱ་གཞག་མེད་པ་ནས་ཡོད་པའི་བར་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད། 2010 ལོར་བོད་དུ་ཁྱོན་རིགས་ཁག་གི་ཁེར་རྐྱང་ཚན་ཞིབ་ཁང་34 དང་། དམངས་གཉེར་ཚན་ཞིབ་སྒྲིག་གཞི་9 ཞིང་འབྲོག་ལག་རྩལ་ཁྱབ་གདལ་སྒྲིག་གཞི་140བཅས་དང་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་52107 ཡོད་པ་དེ་དག་གིས་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་3253ལེགས་སྒྲུབ་བྱས་ཡོད། དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་འདུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པའི་ནང་དཔལ་འབྱོར་འཕར་བའི་ཁྲོད་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་33%ཟིན་པ་དང་ཞིང་འབྲོག་ལས་འཕར་བའི་ཁྲོད་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་40%ཟིན་ཡོད་པ་རེད།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད་ཅིང་། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་སྒྲིག་བཀོད་སྟབས་བདེ་བ་དང་གཞི་ཁྱོན་ཆུང་བའི་གཞུང་གཉེར་བོད་ལུགས་གསོ་རིག་སྒྲིག་གཞི་3དང་མི་སྒེར་གྱི་སྨན་ཁང་ཉུང་ཤས་ལས་མེད་ལ་སྨན་པ་མི་གྲངས་བརྒྱ་ཡང་ཟིན་གྱི་མེད། 2010 ལོའི་ལོ་མཇུག་ཏུ་བོད་དུ་རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1352 དང་། ནད་ཁྲི་8838 འཕྲོད་བསྟེན་ལག་རྩལ་མི་སྣ་9983 བཅས་ཡོད་པ་རེད། སྲིད་གཞུང་གིས་མ་དངུལ་བཏང་བ་གཙོ་ཁྲིད་དུ་བྱེད་པའི་ཁྱིམ་ཚང་གི་རྩིས་ཁྲ་དང་། ནད་ལྕིའི་སྨན་ཡོན་གཅིག་གྱུར་གྲབས་གསོག སྨན་བཅོས་རོགས་སྐྱོབ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཏེ་ལྷ་ས་ལྟེ་བར་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་དྲ་བ་བཙུགས་ཐོག་ཤང་ཚང་མར་འཕྲོད་བསྟེན་ས་ཚིགས་ཡོད་པ་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་མངོན་འགྱུར་བྱུང་ཞིང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། སྦྲུམ་མ་ཤི་ཚད་1959 ལོའི་5000/ ཁྲི་10 ནས་174.78/ ཁྲི་10བར་ཆག་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དེ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་430‰ནས་ 20.69‰བར་ཆག་ཡོད་པ་དང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5 ནས་ལོ་67 བར་རིང་དུ་ཕྱིན་ཡོད་པ་རེད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་གཞིར་བཟུང་བོད་ཀྱི་མི་འབོར་དེ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ཁྲི་100 ནས་ད་ཆའི་ཁྲི་300.22 བར་འཕར་ཡོད་པའི་ནང་བོད་རིགས་མི་འབོར་ཁྲི་ 271.64 ཡོད་པ་དེས་ 90.48%ཟིན་ཡོད་པ་རེད།

        རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེ་ཁག་ལྔ་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད་ཅིང་། 2009ལོའི་ཟླ་11པར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ལས་དོན་སྤེལ་འགོ་ཚུགས་ནས་2010ལོའི་ལོ་མཇུག་བར་རྫོང་(གྲོང་ཁྱེར་དང་ཆུས )73ཚང་མ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ཁྱབ་ཁོངས་སུ་བཅུག་སྟེ་རིམ་རྩིས་བྱས་ན་ཧྲིལ་ལོ་60ཡན་གྱི་ཞིང་འབྲོག་ཁུལ་གྱི་ཡུལ་མིར་གཞི་རྩའི་རྒན་གསོའི་དངུལ་སྒོར་ཁྲི་7631.55སྤྲད་པ་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་རེར་ཆ་སྙོམས་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཟླ་རེར་སྒོར་2439ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་སྨན་ཡོན་རྩིས་ཞུ་བྱས་པའི་སྡུར་ཚད་75.1%ཟིན་ཡོད། 2010ལོའི་ལོ་འཁོར་མོར་སྨན་བཅོས་འགྲོ་སོང་རྩིས་ཞུ་ཞུས་མང་ཤོས་སྒོར་ཁྲི་13ཟིན་པ་ནི་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་འབབ་སྒོར་14980ཡི་ལྡབ་8.7ཡིན་པ་རེད། སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་སྤྱིའི་མི་གྲངས་ཁྲི་166.23ཟིན་པ་དང་སྤྱི་ཚོགས་འགན་བཅོལ་ཁག་གི་ཐོབ་ཆ་སྤྲད་ཚད་སྒོར་དུང་ཕྱུར་17.32ཟིན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱས་པའི་མི་གྲངས་བསྡོམས་ཁྲི་52.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱས་ཚད་3.81%ཟིན་པ་བཅས་རེད།

        (བཞི ) རིག་གནས་སྔར་བྱུང་མྱོང་མེད་པའི་དར་རྒྱས་དང་གོང་འཕེལ་སོང་བ་དང་ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོང་ཐོབ་པ།

        ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གོང་འཕེལ་བཅས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱས་པར་བཅའ་ཁྲིམས་ཀྱི་འགན་སྲུང་ཐོབ་ཡོད་ལ་བོད་ཡིག་དེ་རྒྱལ་ཁབ་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆ་འཕྲིན་བརྗེ་ལེན་ཐོག་སྤྱོད་པའི་ཡི་གེ་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཨང་དང་པོར་གྱུར་ཡོད་པ་རེད། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་སོགས་རིག་དངོས་གནའ་ཤུལ་ཉམས་གསོ་དང་སྲུང་སྐྱོང་བྱས་པར་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་14.5བཏང་ཡོད། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་། དམངས་ཁྲོད་མཛེས་རིས། ལྷ་མོ་སོགས་རིག་གནས་རྣམ་གྲངས་76རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་སྲུང་སྐྱོང་གི་དཀར་ཆག་ཏུ་བཅུག་པ་དང་། རྒྱུན་འཛིན་པ་53རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་དཀར་ཆག་ཏུ་བདམས་ཡོད། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ་བཅས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་རིག་གནས་ཤུལ་བཞག་གི་དཀར་ཆག་ཏུ་བཅུག་པ་དང་། ལྷ་མོ་དང་གླིང་སྒྲུང་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་ཏུ་བདེ་བླག་ངང་འདེམས་ཐོན་བྱུང་བ། ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་རིག་དང་བོད་སྨན་འཛམ་གླིང་དུ་ཁྱབ་པ་དང་བོད་རིག་པའི་ཞིབ་འཇུག་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་སོང་ཡོད་པ་བཅས་རེད།

        རླུང་འཕྲིན་དང་བཪྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2010ལོར་བོད་དུ་རླུང་འཕྲིན་ལས་ཁུངས་4དང་། བཪྙན་འཕྲིན་ལས་ཁུངས་5 རླབས་འབྲིང་རླུང་འཕྲིན་བརྒྱུད་གཏོང་ལས་ཁུངས་27 རྫོང་རིམ་པའི་རླུང་འཕྲིན་བཪྙན་འཕྲིན་བརྒྱུད་གཏོང་ལས་ཁུངས་68 ཤང་དང (གྲོང་རྡལ )གྲོང་ཚོ་རིམ་པའི་རླུང་འཕྲིན་དང་བཪྙན་འཕྲིན་བསྡུ་ལེན་དང་བརྒྱུད་གཏོང་ས་ཚིགས་9371བཅས་ཡོད། བོད་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་གི་རླུང་འཕྲིན་དང་བཪྙན་འཕྲིན་གློག་བཪྙན་ལེ་ཚན་བསྒྱུར་བཟོ་ལྟེ་གནས་དང་པོ་སྟེ་ཀྲུང་གོ་བོད་ལྗོངས་བོད་སྐད་རླུང་འཕྲིན་གློག་བཪྙན་དང་བཪྙན་འཕྲིན་ལེ་ཚན་བསྒྱུར་བཟོ་ལྟེ་གནས་དེ་བཙུགས་པ་རེད། ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་38ལ་ཐད་གཏོང་སྲུང་སྐར་བརྒྱུད་གྲངས་གཞིའི་རླུང་འཕྲིན་དང་བཪྙན་འཕྲིན་ལེ་ཚན་55བལྟ་རྒྱུ་ཡོད་པ་དང་རླུང་འཕྲིན་དང་བཪྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཁྱབ་ཚད་90.28%དང་91.4%སོ་སོར་ཟིན་ཡོད། མིག་སྔར་བོད་དུ་ཡོངས་བསྒྲགས་ངང་འགྲེམ་སྤེལ་བྱས་པའི་ཚགས་པར་དང་དུས་དེབ་སྣ་ཁ་58ཡོད་པ་དང་རིམ་རྩིས་བྱས་ན་བོད་རྒྱའི་སྐད་ཡིག་གི་དཔེ་དེབ་སྣ་ཚོགས་ཁྲི་1.2དང་དེབ་དུང་ཕྱུར་2.5དཔེ་བསྐྲུན་བྱས་ཡོད། བོད་ལ་ད་ཆ་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་10དང་། ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་དང་ལྷ་མོ་འཁྲབ་སྟོན་རུ་ཁག་500ལྷག་ཙམ། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་19བཅས་ཡོད། ལྷ་སའི་ཞོ་སྟོན་དང་། གཞིས་རྩེའི་ཇོ་མོ་གླང་མ་རིག་གནས་སྒྱུ་རྩལ་དུས་ཆེན། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་སྲོལ་རྒྱུན་དུས་ཆེན་འབོར་ཆེན་རྒྱུན་འཛིན་དང་གསར་གཏོད་བྱུང་ཡོད། བོད་ཀྱིས་རླུང་འཕྲིན་དང་བཪྙན་འཕྲིན “གྲོང་ཚོ་ཀུན་ཁྱབ ”དང “དུད་ཚང་ཀུན་ཁྱབ ”དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིག་གནས་ཁང (ས་ཚིགས )སོགས་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་བྱས་པ་དང་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་རྫོང་རིམ་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱུང་སྟེ་ས་གནས་ཀྱི་ཁྱད་ཆོས་ཟབ་ཅིང་། དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རིག་གནས་བརྩམས་ཆོས་རྩེར་སོན་འབོར་ཆེན་གསར་རྩོམ་བྱས་པས་རིག་རྩལ་བརྩམས་ཆོས་ཀྱི་ཐོན་ཚད་དང་སྤུས་ཚད་ལེགས་སུ་ཆེས་ཆེར་སོང་ཡོད།

        ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་ཡོད། བོད་དུ་ཆོས་ལུགས་དང་གྲུབ་མཐའ་ཁག་ཚང་མ་འདྲ་མཉམ་ཡིན་པ་རེད། ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་རྒྱུན་འཛིན་བྱེད་སྟངས་ལ་བརྩི་འཇོག་གང་ལེགས་ཐོབ་པ་དང་དགོན་པར་དཔེ་ཆ་སྦྱོང་བ་དང་། རྟགས་གསལ་གཏོང་བ། སྡོམ་པ་འབོགས་པ། དབང་བསྐུར་བ། སྒོམ་རྒྱག་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་དགོན་པའི་དཔེ་ཆ་བའི་མཚན་གནས་ལེན་པའི་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་བྱུང་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་བོད་ཀྱི་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། བཀྲས་ལྷུན་དགོན། འབྲས་སྤུངས་དགོན། སེ་ར་དགོན། ས་སྐྱ་དགོན་སོགས་གྲགས་ཅན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་དག་རིག་དངོས་སྲུང་སྐྱོབ་ཚན་པ་གཙོ་གནད་དུ་བཞག་ཡོད། མིག་སྔར་བོད་དུ་ཁྱོན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ 1700ལྷག་ཙམ་ཡོད་པ་དང་གྲྭ་བཙུན་ཁྲི 4.6ཡོད། དད་ལྡན་སེར་སྐྱ་མང་ཚོགས་ཚོས་ལོ་ལྟར་ས་ག་ཟླ་བ་སོགས་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པ་དང་དེའི་ནང་ཞུགས་པ་དང་ལོ་ལྟར་ལྷ་སར་གནས་མཇལ་དུ་ཡོང་མཁན་དད་ལྡན་མང་ཚོགས་མི་ཐེངས་ཁྲི་བརྒྱ་ཡན་ཟིན་གྱི་ཡོད།

        ( ལྔ ) སྣོད་བཅུད་འཛུགས་སྐྲུན་བྱ་རྒྱུར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ།

        བོད་འདི་ཉིད་ཀྲུང་གོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་སྤྱི་ཁོག་སྣོད་བཅུད་འཛུགས་སྐྲུན་དང་ཕྱོགས་བསྡུས་ཁོར་ཡུག་སྲུང་སྐྱོང་ཞེས་པ་རྩ་བ་ནས་གླེང་ཐབས་བྲལ། ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མི་རྒྱུ་དངུལ་གསུམ་འབོར་ཆེན་བཏང་བ་དང་ལྷག་པར་དུ་2002ལོར་ཀྲུང་དབྱང་གིས་གཙོ་གནད་སྣོད་བཅུད་འཛུགས་སྐྲུན་རྣམ་གྲངས་160གཏན་ལ་ཕབ་ཡོད། “ལོ་ལྔ་ཚན་བཅུ་པའི ”རིང་རྒྱལ་ཁབ་ཀྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུར་བཏང་བའི་མ་དངུལ་སྒོར་དུང་ཕྱུར་32.43ཟིན་པ་དང “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་མ་དངུལ་སྒོར་དུང་ཕྱུར་101.62 བཏང་བ་དེ་ནི “ལོ་ལྔ་ཚན་བཅུ་པའི ”རིང་གི་ལྡབ་3ལྷག་ཙམ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པའི་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་ཁྲིམས་སྲོལ་དང་། ཚད་ལྡན་ཡིག་ཆ། སྡེ་ཚན་གྱི་སྒྲིག་སྲོལ་བཅས་30ལྷག་ཙམ་ཡོད་པ་དེ་དག་ལས་བརྒྱུད་རིམ་ལྡན་པའི་ས་གནས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲོལ་མ་ལག་ཅིག་ཆགས་ཡོད་པ་དཔེར་ན། 《ས་ཆ་དོ་དམ་བཅའ་ཁྲིམས 》དང 《ཆུ་ཁྲིམས 》《རྩྭ་ཐང་བཅའ་ཁྲིམས 》སོགས་རེད། དེ་དང་ཆབས་ཅིག་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ས་ཆུ་ཤོར་བ་བཅོས་སྐྱོང་དང་། བྱེ་འགོག་བྱེ་བཅོས། གཙང་པོ་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་། དེ་བཞིན་ས་གཤིས་གནོད་འཚེ་འགོག་བཅོས་བཅས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཡོད། བོད་འདི་ཉིད་ཀྱིས་རྒྱལ་ཡོངས་སུ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་ཐོག་མར་སྤེལ་ཏེ་གྲོང་གསེབ་ཏུ་བུད་ཤིང་གི་ཚབ་བྱེད་འདུ་འགོད་ཁྱོན་ཡོངས་ནས་སྤེལ་བས་ཞིང་འབྲོག་པ་དུད་ཚང་ཁྲི་15ལ་དྭངས་གཙང་རྫབ་རླངས་ནུས་རྒྱུ་སྤྱོད་རྒྱུ་བྱུང་ཞིང་། མིག་སྔར་བོད་དུ་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་21དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་7 ས་གཤིས་སྤྱི་གླིང་3 རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་1 དེ་བཞིན་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཅས་བསྐྲུན་པ་དང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་བོད་ཀྱི་ས་ཁྱོན་གྱི་34.5%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད། ནགས་ཚལ་ཁྱབ་ཚད་དེ་བཅིངས་འགྲོལ་གཏོང་སྐབས་1%ཡང་མ་ལོན་པ་ནས་11.91%བར་འཕར་བ་དང་འདམ་ར་སྤྱི་ཆིང་ཁྲི་600ལྷག་ཙམ་སྲུང་སྐྱོང་བྱས་ཡོད། ཁོར་ཡུག་གི་སྤྱི་བསྒྲགས་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། བོད་ཀྱི་ཆུའི་ཁོར་ཡུག་དང་རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་སྤྱིར་ན་བཙོག་སྐྱོན་ཕོག་མེད་པ་དང་བོད་དུ་རང་བྱུང་གི་གདོད་མའི་སྣོད་བཅུད་རྣམ་པ་དེ་གཞི་རྩའི་ཆ་ནས་རྒྱུན་འཁྱོངས་ཅུང་ལེགས་པོ་བྱུང་བ་དང་བོད་འདི་འཛམ་གླིང་ཐོག་གི་རང་བྱུང་ཁོར་ཡུག་ཡག་ཤོས་ཡིན་པའི་ས་ཁུལ་གྱི་གྲས་ཤིག་རེད། བོད་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་གཉིས་ཀར་དུས་གཅིག་ཏུ་སྐུལ་འདེད་གཏོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་ཐོག་མར་སྐྱོད་ཐུབ་པ་བྱུང་ཡོད། 2009ལོའི་ཟླ་3ཚེས་2ཉིན་ཀྲུང་དབྱང་སྲིད་གཞུང་གིས 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད (2008ནས་2030ལོ་བར )》ལ་ཆོག་མཆན་སྤྲད་ནས་མ་དངུལ་སྒོར་དུང་ཕྱུར་155གཏོང་རྩིས་ཡོད་པ་དང་2030ལོར་སླེབས་སྐབས་བོད་དུ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ཞིག་རྩ་བའི་ཆ་ནས་བསྐྲུན་ཐུབ་རྒྱུ་ཡིན་པ་རེད།

        མཇུག་བྱང་།

        ལོ་60དེ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་དུ་ཡུད་ཙམ་ཞིག་ཡིན་མོད། འོན་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཐུང་ལོ་60ཡི་ནང་ལོ་སྟོང་གི་མཆོང་སྐྱོད་ཀྱི་ངོ་མཚར་བྱས་རྗེས་བཏོད་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་60ཡི་ལོ་རྒྱུས་དེས་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བོད་འདི་ཉིད་ཀྱིས་སྔར་ནས་ད་བར་དུ་མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་བ་ར་སྤྲོད་བྱེད་ཀྱི་ཡོད། བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་དེ་མེས་རྒྱལ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་དང་མེས་རྒྱལ་གྱི་ལས་དབང་དེས་བོད་ཀྱི་མདུན་ལམ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉེ་རབས་ཀྱི་ཀྲུང་གོ་ནི་དབུལ་ཞིང་ཕོངས་པ་དང་སྲིད་གཞུང་རུལ་སུངས་ནུས་མེད་ཅིག་ཡིན་སྟབས་ཀྲུང་གོ་འདི་ཉིད་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་གནས་སུ་གྱར་ཞིང་། བོད་ཚུད་པའི་ཀྲུང་གོའི་མངའ་ཁོངས་ལ་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་ཕོག་པ་དང་ཐུབ་ཚོད་ཕོག་པ་མ་ཟད། ད་དུང་གཞན་གྱིས་དུམ་བུར་བགོ་བ་དང་ཁ་ཕྲལ་དུ་གཏོང་བའི་རྐྱེན་ངན་བར་ཆད་དུ་མའང་འཕྲད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་རྗེས་ཀྲུང་གོ་མི་དམངས་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་དང་དམིགས་བསལ་གྱི་ཐུགས་ཁུར་འོག་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་སྦྲགས་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། རང་སྐྱོང་ལྗོངས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དེ་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་ཏུ་གྱུར་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་མ་ཟད། དེང་རབས་ཅན་གྱི་ཕྱོགས་སུ་གོམ་པ་རེ་རེ་བྱས་ནས་བསྐྱོད་ཡོད། དེར་བརྟེན་བོད་ཀྱི་ལོ་60ཡི་རིང་གི་འཕེལ་རྒྱས་དང་ཡར་རྒྱས་དེ་མེས་རྒྱལ་གཅིག་གྱུར་དང་འཕེལ་རྒྱས་བྱུང་བ་དང་། ཀྲུང་དབྱང་གིས་ཐུགས་ཁུར་གནང་བ། རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བ་བཅས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཞེས་བརྗོད་ཆོག་གི་ཡོད། མེས་རྒྱལ་རང་བཙན་དང་། གཅིག་གྱུར། འབྱོར་ཕྱུག་བཅས་མེད་ན་བོད་ཀྱི་སྤྱི་ཚོགས་ལ་ཚེ་སྲོག་གསར་པ་ཞིག་ཡོང་མི་སྲིད་ལ་འཕེལ་རྒྱས་ཀྱང་ཡོང་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ན་བོད་འདིར་གཞི་ནས་དར་ཞིང་རྒྱས་པའི་དེང་དུས་དང་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད།

        མིག་སྔར་ཀྲུང་གོ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་ཅིང་། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཏེ་རྒྱལ་ཁབ་འཕེལ་རྒྱས་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བར་དང་གཞི་རྩའི་ཆ་ནས་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་བར་གྱི་བོད་ཀྱི་འཐབ་ཇུས་དམིགས་ཚད་གཏན་ལ་ཕབ་པ་དང་ཆབས་ཅིག་ཕྱོགས་ཡོངས་ནས་བཀོད་སྒྲིག་ཀྱང་བྱས་ཡོད། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྒྲུབ་པའི་རྣམ་པ་དེ་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ཡོད། འདས་ཟིན་པའི་ལོ་60ཡི་འཕེལ་རྒྱས་དེས་རྨང་གཞི་ཡག་པོ་བཏིང་ཡོད་པའི་ཐོག་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག་བོད་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་བསུ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།