《ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བའི》རྒྱབ་ཤ་དཀར་པོའི་དེབ།
—— རྒྱལ་ཁབ་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ཡོད། ཀྲུང་གོས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་དང་བསྟུན་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་གྱི་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་གཅིག་སྡུད་གཅིག་གྱུར་དང་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་ས་ཁོངས་རང་སྐྱོང་ཟུང་འབྲེལ་བྱེད་པ་ནི་ཀྲུང་གོའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གསར་གཏོད་ཆེན་པོ་ཞིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་གྲངས་ཉུང་མི་རིགས་ཀྱི་རང་ཐག་རང་གཅོད་འགན་ལེན་བྱེད་པ་དང་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། ལོ་མང་རིང་མི་རིགས་རང་སྐྱོང་ས་གནས་ཀྱིས་རང་སྐྱོང་གི་དབང་ཆ་ཁྲིམས་ལྟར་སྤྱོད་རྒྱུར་རྒྱལ་ཁབ་ཀྱིས་འགན་ལེན་གང་ལེགས་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན་ཏན་ཏིག་བྱེད་ཀྱི་ཡོད།
—— རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ཀྲུང་གོའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། མི་རིགས་ས་ཁུལ་གྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མཐར་གཏུགས་ནས་བཤད་ན་འཕེལ་རྒྱས་ལ་བརྟེན་དགོས། ལོ་མང་རིང་རྒྱལ་ཁབ་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་སྐབས་མི་འདྲ་བའི་རིང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ་ལས་ཀའི་བྱེད་ཕྱོགས་བཏོན་པ་དང་འཐབ་ཇུས་བཀོད་སྒྲིག་བྱས་ཏེ་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ། ལག་རྩལ་སོགས་ཀྱི་ཐད་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱིས་སྔ་ཕྱི་བར་གསུམ་དུ་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་རྩ་བའི་གཞི་ཚུགས་ས་དང་དོན་ལ་བབ་སར་བརྩིས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་ཀྱི་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་དང་རིག་གནས་ཀྱི་བྱང་ཚད། བདེ་ཐང་གི་ཆུ་ཚད་བཅས་ཆེས་ཆེར་མཐོ་རུ་སོང་ཡོད།
—— རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་གི་ཡོད། རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སྤྱི་དམངས་ཀྱི་ཀུན་སྤྱོད་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་ཤེས་བྱ་བཅས་ཀྱི་སློབ་གསོ་རྒྱུན་བསྲིང་ལྷོད་མེད་གཏོང་བ་དང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། མང་ཚོགས་ལ་སློབ་གསོ་གཏོང་བ་མ་ཟད། ལས་བྱེད་པར་སློབ་གསོ་གཏོང་རྒྱུར་དེ་བས་གཙིགས་ཆེན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་སློབ་གསོ་གཏོང་བ་མ་ཟད་རྒྱ་རིགས་ལས་བྱེད་པར་སློབ་གསོ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་པ། སྤྱིར་བཏང་ལས་བྱེད་པར་སློབ་གསོ་གཏོང་བ་མ་ཟད་འགོ་ཁྲིད་ལས་བྱེད་པར་སློབ་གསོ་གཏོང་རྒྱུར་དེ་བས་དོ་སྣང་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱིས་གཞོན་ནུ་ལོ་ཆུང་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་གྲྭ་དང་། སློབ་ཁང་། སློབ་གཞི་བཅས་སུ་ཁྱབ་པ་བྱས་ནས་མི་རིགས་མཐུན་སྒྲིལ་ཆེ་མོའི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 2008ལོར་རྒྱལ་ཁབ་ཀྱིས 《སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་མཛུབ་ཁྲིད་ཀྱི་རྩ་གནད (ཚོད་ལྟའི་ལག་བསྟར )》འགྲེམས་སྤེལ་བྱས་ཡོད། 2009ལོར་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱལ་ཡོངས་ཀྱི་སློབ་ཆུང་དུས་རིམ་གྱི་རྒྱུགས་སྤྲོད་དང་། སློབ་འབྲིང་གི་རྒྱུགས་སྤྲོད། མཐོ་རིམ་སློབ་གྲྭའི་རྒྱུགས་སྤྲོད་བཅས་དང་དེ་བཞིན་འབྲིང་རིམ་ཆེད་ལས་སློབ་གསོའི་སློབ་ཐོན་རྒྱུགས་ལེན་གྱི་ཁྱབ་ཁོངས་ནང་བཅུག་ཡོད། རྒྱལ་ཁབ་ཀྱིས་གསར་འགྱུར་སྨྱན་སྦྱོར་དང་དཔེ་སྐྲུན་ལས་བྱེད་མི་སྣར་འབྲེལ་ཡོད་གསོ་སྦྱོང་བྱས་ཏེ་ཁོང་ཚོར་མི་རིགས་སྲིད་ཇུས་དང་། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་རྩ་བའི་ཤེས་བྱ་བཅས་འཕྱུགས་པ་མེད་པའི་སྒོ་ནས་གོ་བ་ལེན་པ་དང་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་དྲིལ་བསྒྲགས་བྱེད་པའི་བརྩམས་ཆོས་ལེགས་ཤིང་མང་བ་འདོན་རྒྱུའི་ཁྲིད་སྟོན་དང་སྐུལ་མ་གཏོང་བ་དང་ཆབས་ཅིག་དཔེ་སྐྲུན་དངོས་པོ་དང་། རྒྱང་བསྒྲགས། གློག་བཪྙན། བཪྙན་འཕྲིན་བཅས་ཀྱི་བརྩམས་ཆོས་དང་དྲ་སྦྲེལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཀྱི་བརྩེ་དུང་ལ་གནོད་པ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ནང་དོན་ཐོན་རྒྱུ་བཀག་འགོག་བྱེད་ཀྱི་ཡོད།
—— རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་དང་གཟེངས་བསྟོད་བྱེད་སྒོ་ཧུར་ཐག་སྤེལ་ཡོད། 1988ལོ་ཚུན་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་བཞི་སྐོང་ཚོགས་བྱས་ནས་མི་རིགས་56གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་4993ལ་གཟེངས་བསྟོད་བྱས་པའི་ནང་དཔེ་བཟང་མཉམ་སྡེབ་2474དང་དཔེ་བཟང་མི་སྒེར་2519ཡོད་པས་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རིམ་ཁག་ས་གནས་དང་སྲིད་གཞུང་གིས “མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་ཟླ་བ ”སོགས་ཀྱི་བྱེད་ཐབས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་གཟེངས་བསྟོད་བྱེད་ཐབས་བཟོས་པ་དང་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁྲོད་དཔེ་སྟོན་འཛུགས་པ་དང་སྤྱོད་བཟང་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་གཟི་བརྗིད་ལ་བརྩི་བ་དང་། མི་རིགས་མཐུན་སྒྲིལ་ལ་གནོད་འཚེ་གཏོང་བ་དེ་ངོ་ཚར་བརྩི་བའི་སྤྱི་ཚོགས་ཀྱི་དར་སྲོལ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། དཔེར་ན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ཟླ་བ་ལྔ་པ་དང་། ནང་སོག་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ཟླ་བ་དགུ་པ། ཅི་ལིང་ཡན་པན་ཁྲའོ་ཤན་རིགས་རང་སྐྱོང་ཀྲོའུ་ཡིས་ལོ་ལྟར་ཟླ་བ་དགུ་པ། ཀུའེ་ཀྲོའུ་ཤར་ལྷོའི་ཏུང་རིགས་རང་སྐྱོང་ཀྲོའུ་ཡིས་ལོ་ལྟར་གྱི་ཟླ་བ་བདུན་པ་བཅས “མི་རིགས་མཐུན་སྒྲིལ་ཟླ་བར ”གཏན་འཁེལ་བྱས་ཡོད།
—— རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་བཟོ་བའི་འགལ་ཟླ་དང་གནད་དོན་ཐག་གཅོད་འོས་འཚམ་བྱས་ཡོད། རྒྱལ་ཁབ་ཀྱིས་མཐུན་སྒྲིལ་དང་། སློབ་གསོ། སློབ་སྟོན། འགལ་བ་སེལ་རྒྱུ་བཅས་གཙོ་བོར་བཟུང་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་གནད་དོན་ཞིབ་ཕྲ་དབྱེ་ཞིབ་ཞིབ་ཕྲ་བྱེད་པ་དང་གནད་དོན་གང་ཡིན་ན་གནད་དོན་དེ་ཐག་གཅོད་བྱས་ནས་དོན་རྐྱེན་རྒྱ་ཆེར་དང་འགལ་ཟླ་ཆེ་རུ་མི་འགྲོ་བ་བྱས་ཡོད། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ལ་རྒྱར་སྲུང་སྐྱོང་བྱེད་པ་དང་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཁྲིམས་འགལ་ཉེས་གསོག་གི་ཁོངས་སུ་གཏོགས་ཚེ་མི་རིགས་གང་ཡིན་དང་ཆོས་གང་ལ་དད་པ་བྱེད་མིན་ལ་མི་བལྟོས་པར་ཚང་མ་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡོད། ད་ཕན་ལོ་ཤས་རིང་ཀྲུང་དབྱང་དང་ས་གནས་རིམ་ཁག་སྲིད་གཞུང་ཚང་མས་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་དང་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་བཟོ་བའི་འགལ་ཟླའི་རྩོད་གཞི་དང་དོན་རྐྱེན་སྣ་ཚོགས་འཕྲལ་མར་དང་འོས་འཚམ་གྱི་སྒོ་ནས་ཐག་གཅོད་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད།
ཀྲུང་གོའི་མི་རིགས་ཀྱི་གནད་དོན་ནི་ཀྲུང་གོའི་ནང་ཁུལ་གྱི་གནད་དོན་ཡིན། ཕྱི་ངོས་ཕྱོགས་གཏོགས་ཀྱིས “མི་རིགས ”དང་། “ཆོས་ལུགས ”“འགྲོ་བ་མིའི་ཐོབ་ཐང ”བཅས་ཀྱི་དར་རྟགས་འཕྱར་ནས་ཀྲུང་གོའི་མི་རིགས་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་རིགས་མཐའ་དག་ལ་ཀྲུང་གོ་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་འགོག་གི་ཡོད། མངའ་ཁོངས་ཕྱི་ནང་གི་འཇིགས་སྐུལ་རིང་ལུགས་ཀྱི་ཕྱོགས་གཏོགས་དང་། ཁ་ཕྲལ་རིང་ལུགས་ཀྱི་ཕྱོགས་གཏོགས། མཐར་སོན་རིང་ལུགས་པའི་ཕྱོགས་གཏོགས་བཅས་ཀྱིས་ཀྲུང་གོར་སིམ་འཛུལ་དང་། གཏོར་བཤིག རྩ་སློག་གཏོང་བ་བཅས་ཀྱི་བྱེད་སྤྱོད་ལ་དོགས་ཟོན་ཚགས་ཚུད་དང་ཁྲིམས་ལྟར་རྡུང་རྡེག་བཏང་ཡོད། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་མཛའ་བརྩེ་ཡོད་ཚེ་རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད་པ་དང་ལས་རིགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ཡོང་བ་དང་། མི་རིགས་ཀྱི་གདོང་གཏུག་དང་རྩོད་གཞི་བྱུང་ཚེ་སྤྱི་ཚོགས་ཡམ་ཡོམ་ཡོང་བ་དང་མི་དམངས་སྡུག་ལ་སྦྱར་སྲིད་པ་ར་སྤྲོད་བྱས་ཡོད།
བཞི། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་ཕྱིན་པ།
མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན།
ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་འདུས་སྡོད་ས་གནས་སུ་ས་ཁོངས་རང་སྐྱོང་ལག་བསྟར་དང་། རང་སྐྱོང་ལས་ཁུངས་འཛུགས་པ། རང་སྐྱོང་དབང་ཆ་སྤྱོད་པ་བཅས་ཀྱི་ཆེད་དུ་ཡིན།
ཀྲུང་གོའི་མི་རིགས་རང་སྐྱོང་ས་གནས་བཙུགས་པ་ནི་ས་ཆ་དེ་གའི་མི་རིགས་འབྲེལ་བ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཆ་རྐྱེན་གཞིར་བཟུང་ལོ་རྒྱུས་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་པ་ཞིག་ཡིན། མིག་སྔར་ཀྲུང་གོའི་མི་རིགས་རང་སྐྱོང་ས་གནས་སུ་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་མི་འབོར་མང་ཉུང་དང་ས་ཁོངས་ཀྱི་རྒྱ་ཁྱོན་ཆེ་ཆུང་ལ་གཞིགས་ཏེ་རང་སྐྱོང་ལྗོངས་དང་། རང་སྐྱོང་ཀྲོའུ། རང་སྐྱོང་རྫོང་བཅས་རིམ་པ་གསུམ་དུ་ཕྱེ་ཡོད་པ་དང་སྲིད་འཛིན་གནས་བབ་དེ་སོ་སོར་ཞིང་ཆེན་དང་། ཆུས་བཙུགས་པའི་གྲོང་ཁྱེར། རྫོང་དང་མཚུངས། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ནི་རང་སྐྱོང་ལས་ཁུངས་ཡིན་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་གནས་སྲིད་དབང་ལས་ཁུངས་ཀྱང་ཡིན། ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་རང་སྐྱོང་ཡིན་པ་དང་མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་རྒྱལ་ཁབ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་མི་རིགས་རང་སྐྱོང་ས་གནས་ཁག་གི་རང་སྐྱོང་ལས་ཁུངས་ཚང་མས་ངེས་པར་དུ་ཀྲུང་དབྱང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་དགོས།
ཀྲུང་གོས་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་ནི་ལོ་རྒྱུས་ལ་བརྩི་བཀུར་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ། དམངས་སེམས་དང་མཐུན་པ་བཅས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན། གཅིག ལོ་རྒྱུས་ཀྱི་སྲོལ་རྒྱུན་ནས་བརྗོད་ན། གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཡུན་གནས་ཡོང་བ་བྱ་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཤིག་ཡིན་པ་དང་། གཉིས། མི་རིགས་ཀྱི་འབྲེལ་བའི་ངོས་ནས་བརྗོད་ན། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རྣམ་པའི་ཁྲོད་མི་རིགས་ཁག་དབར་རྒྱ་ཁབ་ངང་འབྲེལ་བ་ཟབ་མོ་བྱ་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་དཔལ་འབྱོར་དང་རིག་གནས་ཀྱི་རྨང་གཞི་ཞིག་ཡིན་པ། གསུམ། མི་རིགས་ཁྱབ་ཁོངས་ནས་བརྗོད་ན། ཀྲུང་གོའི་མི་རིགས་ཁག་འདྲེས་སྡོད་ཆེ་བ་དང་འདུས་སྡོད་ཆུང་བའི་གནས་ཚུལ་དང་དེ་བཞིན་རང་བྱུང་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྣ་མང་རང་བཞིན་དང་ཕན་ཚུན་ཁ་གསབ་རང་བཞིན་ནི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་དངོས་ཡོད་ཆ་རྐྱེན་ཞིག་ཡིན།
མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པར་རྒྱལ་ཁབ་ཀྱི་གཅིག་སྡུད་དང་གཅིག་གྱུར་དེ་མི་རིགས་ཁག་གི་རང་བདག་དང་འདྲ་མཉམ་དང་ཟུང་འབྲེལ་བྱ་རྒྱུར་ཕན་པ་ལྡན་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་དེ་མི་རིགས་རང་སྐྱོང་ས་གནས་ཀྱི་དོན་དངོས་ཞིབ་ཕྲ་དང་དམིགས་བསལ་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུར་ཕན་པ་ལྡན་པ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་དམངས་གཙོ་དང་། ཤེས་དཔལ། མཐུན་སྦྱོར་བཅས་ཡོང་བ་བྱ་རྒྱུ་དེ་མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་ཡོང་བ་དང་ཟུང་འབྲེལ་བྱ་རྒྱུར་ཕན་པ་ལྡན་པ། མི་རིགས་ཁག་གི་མི་དམངས་ཀྱི་མེས་རྒྱལ་ལ་གཅེས་པའི་བརྩེ་སེམས་དེ་རང་ཉིད་ཀྱི་མི་རིགས་ལ་དགའ་ཞེན་བྱེད་པའི་བརྩེ་དུང་དང་ཟུང་འབྲེལ་བྱ་རྒྱུར་ཕན་པ་ལྡན་པ་བཅས་ཡིན། གཅིག་གྱུར་གྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཀྲུང་གོའི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོད་ལ་གང་འོས་དེ་ཐོབ་དང་། གང་ནུས་དེ་སྒྲུབ། རང་སོ་སོའི་དགེ་མཚན་འདོན་སྤེལ་བཅས་ཀྱང་བྱེད་ཀྱི་ཡོད།
ལོ་མང་རིང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁོངས་རང་སྐྱོང་མཐའ་འཁྱོངས་ཀྱིས་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་འཐུས་སྒོ་ཚང་དུ་བཏང་བར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད།
མི་རིགས་རང་སྐྱོང་ས་གནས་རྒྱ་ཁྱབ་ཏུ་བཙུགས་ཡོད། ཀྲུང་གོ་གསར་པ་དབུ་མ་བཪྙེས་གོང་གི་1947ལོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོས་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ས་གནས་དང་པོ་སྟེ་ནང་སོག་རང་སྐྱོང་ལྗོངས་བཙུགས་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་རྗེས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་ཀྲུང་གོ་སྲིད་གཞུང་གིས་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཡོད། 1955ལོའི་ཟླ་10པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་པ་དང་། 1958ལོའི་ཟླ་3པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་པ། 1958ལོའི་ཟླ་10པར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཙུགས་པ། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་བཙུགས་པ་བཅས་རེད། 2008ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་མི་རིགས་ས་གནས་རང་སྐྱོང་155བཙུགས་པའི་ནང་རང་སྐྱོང་ལྗོངས་5དང་། རང་སྐྱོང་ཀྲོའུ་30 རང་སྐྱོང་རྫོང (ཆི )120བཅས་ཚུད་ཡོད། 2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་ལས་མངོན་པར་གཞིགས་ན། གྲངས་ཉུང་མི་རིགས་55ཁྲོད་རང་སྐྱོང་ས་གནས་44བཙུགས་ནས་ས་ཁོངས་རང་སྐྱོང་བྱས་པའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་དེས་གྲངས་ཉུང་མི་རིགས་ཀྱི་སྤྱི་འབོར་ནང་གི་71%བཟུང་བ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་64%བཟུང་བ་དང་། གཞན་ཡང་ད་དུང་ཀྲུང་གོས་མི་རིགས་ཤང་1100ལྷག་ཙམ་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཐད་ཁ་གསབ་བྱས་ཡོད།
མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དང་ལམ་ལུགས་ཟམ་མི་འཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། 1949ལོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་གྲོས་འཆམ་བྱས་པའི་གནས་སྐབས་རྩ་ཁྲིམས་ཀྱི་ནུས་པ་ཐོན་པའི 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན 》ནང་མི་རིགས་ས་ཁོངས་རང་སྐྱོང་དེ་ཀྲུང་གོ་གསར་པའི་གཞི་རྩའི་སྲིད་ཇུས་ཤིག་ཏུ་གཏན་འཁེལ་བྱས་ཡོད། 1952ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་གནང་བའི 《མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་རྩ་གནད 》ནང་མི་རིགས་རང་སྐྱོང་གི་ས་གནས་འཛུགས་པ་དང་། རང་སྐྱོང་ལས་ཁུངས་ཀྱི་གྲུབ་ཆ། རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་ཁེ་ཕན་སོགས་དོན་ཚན་གལ་ཆེན་ཐད་གཏན་འབེབས་གསལ་པོ་བྱས་ཡོད། 1954ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་རྩ་ཁྲིམས་ནང་རྩ་བའི་ཁྲིམས་ལུགས་ཀྱི་རྣམ་པའི་ཐོག་ནས་ལམ་ལུགས་དེ་ཁས་ལེན་བྱས་པ་དང་འབྲེལ་མཐའ་གཅིག་ཏུ་ལམ་ལུགས་དེ་ལག་ལེན་བསྟར་བ་རེད། 1984ལོར་མི་རིགས་ས་ཁོངས་རང་སྐྱོང་གི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གྲོས་འཆམ་བྱུང་བ་དང་། དེ་ནས་བཟུང་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་དེ་ཆབ་སྲིད་དང་། ལམ་ལུགས། ཁྲིམས་ལུགས་བཅས་གསུམ་གཞི་གཅིག་ཏུ་གྱུར་ཡོད། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནི་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་རྩ་ཁྲིམས་ཤིག་ཡིན་པས་ཀྲུང་དབྱང་དང་མི་རིགས་རང་སྐྱོང་ས་གནས་དབར་གྱི་འབྲེལ་བ་དང་དེ་བཞིན་མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་ཁག་དབར་གྱི་འབྲེལ་བ་ཚད་ལྡན་དུ་བཏང་བ་དང་། དེའི་བཅའ་ཁྲིམས་ཀྱི་ནུས་པ་ཡང་མི་རིགས་རང་སྐྱོང་ས་གནས་ཁོ་ནར་ཁྱབ་པ་མིན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མས་ངེས་པར་དུ་ཁྲིམས་ལུགས་དེར་བརྩི་བཀུར་དང་ལག་ལེན་བྱེད་དགོས། 2001ལོར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པའི་དོན་དངོས་ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ཡོད། 2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི 《 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས 〉ལག་ལེན་བསྟར་བའི་གཏན་འབེབས་འགའ་ཞིག 》ནང་གོང་རིམ་མི་དམངས་སྲིད་གཞུང་གིས་མི་རིགས་རང་སྐྱོང་ས་གནས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པའི་འགན་འཁྲི་གཏན་འབེབས་ཁ་གསལ་བྱས་ཡོད།
མི་རིགས་རང་སྐྱོང་ས་གནས་ཀྱིས་རང་སྐྱོང་གི་དབང་ཆ་ནུས་ལྡན་ངང་སྤྱོད་ཀྱི་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་། རང་སྐྱོང་ཀྲོའུ། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་གཤམ་གསལ་གྱི་དབང་ཆ་སྤྱོད་ཀྱི་ཡོད་པ་སྟེ།
—— མི་རིགས་དེ་ག་དང་ས་ཁུལ་དེ་གའི་ནང་ཁུལ་ལས་དོན་ལ་དམངས་གཙོའི་དོ་དམ་བྱེད་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་སྤྱོད་པ་དང་འདེམས་བསྐོ་བྱས་པ་བརྒྱུད་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐོན་པ་དང་རང་སྐྱོང་ལས་ཁུངས་གྲུབ་ནས་མི་རིགས་དེ་ག་དང་ས་ཁུལ་དེ་གའི་ནང་ཁུལ་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་སྤྱོད་ཀྱི་ཡོད། མིག་སྔར་ཀྲུང་གོར་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་155ཡོད་པ་ཚང་མར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་ཀྲུའུ་རེན་དང་ཡང་ན་ཀྲུའུ་རེན་གཞོན་པའི་འགན་འཁུར་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་། རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཚང་མ་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་འགན་འཁུར་བ་དང་ཆབས་ཅིག་མི་རིགས་རང་སྐྱོང་ས་གནས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་གཞན་དག་ནང་དུའང་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱས་ཡོད། རང་སྐྱོང་ལས་ཁུངས་ཁོངས་གཏོགས་ཀྱི་ལས་དོན་སྡེ་ཚན་ནང་གི་ལས་བྱེད་པའི་ཁྲོད་གོང་དང་འདྲ་བར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱས་ཡོད།
—— རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་པ་བཟོ་དབང་ལོངས་སྤྱོད་བྱེད་པ། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད་ད་དུང་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལྟར་རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་པ་བཟོ་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད། ད་དུང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས 》ནང་རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་པར་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྟར་བཅའ་ཁྲིམས་དང་སྲིད་འཛིན་སྲོལ་ཡིག་གི་གཏན་འབེབས་ལ་བབ་བསྟུན་གཏན་འབེབས་བཟོ་ཆོག་ཅེས་གཏན་འབེབས་བྱས་ཡོད། 2008ལོའི་ལོ་མཇུག་བར་མི་རིགས་རང་སྐྱོང་ས་གནས་ཀྱིས་ཁྱོན་བསྡོམས་རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་པ་637དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ལ་བབ་བསྟུན་བཟོ་བཅོས་དང་ཡང་ན་ཁ་གསབ་གཏན་འབེབས་བཟོས་ཡོད་པ་རེད། མི་རིགས་རང་སྐྱོང་ས་གནས་ཀྱིས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་རྒྱལ་ཁབ་ཀྱིས་འགྲེམས་སྤེལ་བྱས་པའི་གཉེན་སྒྲིག་བཅའ་ཁྲིམས་དང་། ཤུལ་འཛིན་བཅའ་ཁྲིམས། འདེམས་བསྐོའི་བཅའ་ཁྲིམས། ས་ཆའི་བཅའ་ཁྲིམས། རྩྭ་ཐང་བཅའ་ཁྲིམས་སོགས་བཅའ་ཁྲིམས་མང་པོ་ཞིག་ལ་བབ་བསྟུན་བཟོ་བཅོས་དང་ཁ་གསབ་གཏན་འབེབས་བྱས་ཡོད།
—— དཔལ་འབྱོར་འཛུགས་སྐྲུན་བྱ་གཞག་རང་བདག་ངང་བཀོད་སྒྲིག་དང་དོ་དམ་བྱེད་པ་དང་འཕེལ་རྒྱས་གཏོང་བ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ཏེ་ཐོན་སྐྱེད་ཀྱི་འབྲེལ་བ་དང་དཔལ་འབྱོར་གྱི་གྲུབ་ཆར་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ་དང་ས་གནས་དེ་གའི་ཁོངས་སུ་གཏོགས་པའི་ཁེ་ལས་དང་བྱ་གཞག་ཚན་པར་རང་བདག་ངང་དོ་དམ་བྱེད་ཀྱི་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོབ་བྱེད་པ་དང་ས་གནས་ཀྱི་ནོར་སྲིད་ལ་དོ་དམ་བྱེད་པའི་རང་སྐྱོང་དབང་ཆ་ཡོད། རྒྱལ་ཁབ་ཀྱི་འཆར་གཞི་དང་ཡང་ན་འཆར་འགོད་ཀྱི་མཛུབ་ཁྲིད་འོག་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་ཆ་རྐྱེན་ལ་གཞིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་འཆར་འགོད་དང་ཡང་ན་དམིགས་ཚད་རང་བདག་ངང་བཟོ་བ་དང་ས་གནས་དེ་གའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་བཀོད་སྒྲིག་བྱེད་པ། མི་རིགས་རང་སྐྱོང་ས་གནས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཕྱི་ཕྱོགས་ཚོང་དོན་གྱི་འགག་སྒོ་གསར་འཛུགས་བྱེད་ཆོག་པ་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ཕྱི་ཕྱོགས་དཔལ་འབྱོར་གྱི་ཚོང་དོན་བྱེད་སྒོ་སྤེལ་རིང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོད།
—— རིག་གནས་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་རང་བདག་ངང་འཕེལ་རྒྱས་གཏོང་བ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ལ་གཞིགས་པ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ས་གནས་དེ་གའི་སློབ་གསོའི་འཆར་གཞི་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་བཀོད་སྒྲིག་དང་། སློབ་གསོའི་ལམ་ལུགས། སློབ་གཉེར་བྱེད་སྟངས། སློབ་ཁྲིད་ཀྱི་ནང་དོན། སློབ་བསྡུའི་བྱ་ཐབས་བཅས་གཏན་འཁེལ་བྱེད་ཀྱི་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང་། སྒྱུ་རྩལ། གསར་འགྱུར། དཔེ་སྐྲུན། ཀུན་ཁྱབ་རླུང་འཕྲིན། གློག་བཪྙན། བཪྙན་འཕྲིན་སོགས་མི་རིགས་ཀྱི་རིག་གནས་ཐོན་ལས་རང་བདག་ངང་འཕེལ་རྒྱས་གཏོང་གི་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔེ་དེབ་འབྲེལ་ཡོད་ཕྱོགས་ཀྱིས་འཚོལ་བསྡུ་དང་། ལེགས་སྒྲིག ཡིག་སྒྱུར། དཔེ་སྐྲུན་བཅས་བྱ་རྒྱུ་སྒྲིག་འཛུགས་དང་རྒྱབ་སྐྱོར་བྱེད་པ་དང་གནའ་ཤུལ་གྲགས་ཅན་དང་། རྩ་ཆེའི་རིག་དངོས། གལ་ཆེའི་ལོ་རྒྱུས་དང་རིག་གནས་ཀྱི་ཤུལ་བཞག་གཞན་དག་བཅས་ལ་སྲུང་སྐྱོང་བྱེད་པ་དང་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་ཤུལ་འཛིན་བྱེད་པ་དང་གོང་འཕེལ་གཏོང་བ་བཅས་བྱེད་ཀྱི་ཡོད།
ལྔ། གྲངས་ཉུང་མི་རིགས་དང་མི་རིཌ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་འགྲོ་མགྱོགས་སུ་ཕྱིན་པ།
མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་མི་རིགས་སྲིད་ཇུས་ཀྱི་རྩ་བའི་ལངས་ཕྱོགས་ཡིན།
རྩ་ཁྲིམས་ནང “རྒྱལ་ཁབ་ཀྱིས་འབད་བརྩོན་ཡོད་རྒུ་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་དགོས ”ཞེས་གཏན་འབེབས་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་དེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་བཅའ་ཁྲིམས་ཀྱི་འོས་འགན་ཡིན་པ་གཏན་འཁེལ་བྱས་ཡོད། ལོ་མང་རིང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ནང་དོན་གལ་ཆེར་བརྩིས་ནས་སྲིད་ཇུས་དང་བྱ་ཐབས་རྒྱུན་ཆད་མེད་པར་བཟོས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ཀྲུང་གོ་གསར་པ་མ་བཙུགས་གོང་མི་རིགས་ས་ཁུལ་ཆེས་མང་ཆེ་བའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་མཚུངས་ཀྱིས་རྗེས་ལུས་ཐེབས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧ་ཅང་ཞན་པ་བཅས་ཡོད། སྐབས་དེར་ཤིན་ཅང་དུ་ལྕགས་ལམ་རྩ་བ་ནས་མེད་པ་དང་། བོད་ལ་གཞུང་ལམ་གཅིག་ཀྱང་མེད། ཡུན་ནན་རི་ཁུལ་གྱི་གྲངས་ཉུང་མི་རིགས་ཁ་ཤས་ཕྱིར་སྐྱོད་པའམ་སྐྱེལ་འདྲེན་བྱེད་པར་ཁལ་མར་བརྟེན་དགོས་པ་དང་། གླང་ཆེན་བཞོན་པ། འབྲེང་ཟམ་ལ་བརྟེན་པ་བཅས་བྱེད་དགོས་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཚོས་གཙོ་བོ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་བྱེད་པ་དང་། ད་དུང་ས་ཁུལ་འགའ་ཞིག “བསྲེག་རྨོད་གྲིས་འདེབས ”ཀྱི་གདོད་མའི་གནས་སུ་གྱར་བ། ས་ཁུལ་ཁག་གཅིག་ཏུ་ལྕགས་ཆས་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་ཐུབ་མེད་པ། ས་གནས་ལ་ལར་ཐ་ན་ད་དུང་ཤིང་ཆས་དང་རྡོ་ཆས་བེད་སྤྱོད་གཏོང་བ་བཅས་བྱེད་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཚོའི་འཚོ་བ་ཧ་ཅང་སྐྱོ་བ་དང་ལྷག་པར་དུ་རི་ཁུལ་དང་ཐང་རྒོད་ས་ཁུལ་གྱི་རྒྱ་ཆེའི་གྲངས་ཉུང་མི་རིགས་ཚོར་རྒྱ་ཁྱབ་ཏུ་ཟས་གོས་དཀོན་པ་དང་ཧ་ལམ་ལོ་ལྟར་ཟླ་བ་ཁ་ཤས་འབྲུ་རིགས་ཆད་དེ་བདག་མེད་འབྲས་བུ་བཟས་ནས་གྲོད་པ་རྒྱགས་ཐབས་བྱེད་པ་དང་རྩྭ་གོས་གྱོན་ནས་གྲང་ངར་འགོག་ཐབས་བྱེད་ཀྱི་ཡོད། གྲངས་ཉུང་མི་རིགས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་ཕོག་པ་དང་མི་རིགས་ལ་ལ་ཐ་ན་སྟོངས་ཉེར་གྱུར་ཡོད། ཀྲུང་གོ་གསར་པ་བཙུགས་པའི་ཐོག་མའི་དུས་ཧོ་ཀྲེ་རིགས་ལ་མི་གྲངས་300ལྷག་ཙམ་ལས་མེད། ཀྲུང་གོ་གསར་པའི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དེ་རྗེས་ལུས་ཧ་ཅང་ཐེབས་པའི་རྨང་གཞི་འདི་འདྲའི་ཐོག་བྱེད་འགོ་ཚུགས་པ་ཞིག་རེད།
ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་གསར་པ་བཙུགས་པའི་ཐོག་མའི་དུས་སུ་ཀྲུང་གོ་སྲིད་གཞུང་གིས་མི་རིགས་ཁག་གི་མི་དམངས་ཚོ་དཀའ་གནད་ལས་སྒྲོལ་རྒྱུ་དང་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་ལོ་མཇུག་ཏུ་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་ཚུན་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་དེ་ལས་འགན་གལ་ཆེན་ཨང་དང་པོར་བརྩིས་ཏེ་ལས་དོན་སྒྲུབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་གལ་ཆེའི་བྱ་ཐབས་མང་པོ་སྤྱད་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་ཡོད། ལོ་མང་རིང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་དར་རྒྱས་ཆེ་བའི་ས་ཁུལ་གྱི་རོགས་སྐྱོར་དེ་རང་ངོས་ཀྱི་འབད་བརྩོན་དང་ཟུང་འབྲེལ་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་རང་ངོས་ཀྱི་ལེགས་ཆ་འདོན་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འབད་འབུངས་སྟོབས་སྐྱེད་བྱེད་པ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་སྐྲུན་བཞིན་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ནས་དབུལ་ཞིང་སྟོངས་པའི་རྗེས་ལུས་ཀྱི་རྣམ་པ་ལས་མཐར་ཕྱིན་པ་སྒྲོལ་ནས་མི་དམངས་ཀྱི་འཚོ་བ་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ལ་སླེབས་ཡོད།
སྔོན་ལ་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ།
ཀྲུང་གོ་གསར་པ་བཙུགས་པའི་ཐོག་མའི་དུས་སུ་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་མངོན་གསལ་ཧ་ཅང་དོད་པའི་གནས་བབ་ཏུ་བཞག་ཡོད། 1952ལོར་ཀྲུང་དབྱང་སྲིད་གཞུང་གིས 《གྲངས་ཉུང་མི་རིགས་ས་ཁུལ་གྱི་ལོ་ལྔའི་འཛུགས་སྐྲུན་འཆར་གཞིའི་སྐོར་གྱི་རྩ་དོན་རང་བཞིན་གྱི་བསམ་འཆར་འགའ་ཞིག 》འགྲེམས་སྤེལ་བྱས་ཏེ་མི་རིགས་ས་ཁུལ་ཁ་ཤས་སུ་ལྕགས་ལམ་བཟོ་རྒྱུ་དང་གཞུང་ལམ་གྱི་མ་ལམ་བསྐྲུན་རྒྱུ། འགྲོ་ལམ་དང་ཟམ་པ་ཉམས་གསོ། སྦྲག་སྲིད་དང་ཏར། ཁ་པར། འཕྲིན་སྤེལ་བཅས་ཀྱི་མ་ལག་འཛུགས་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད། “ལོ་ལྔ་ཚན་དང་པོའི ”འཆར་གཞི (1953ལོ —1957ལོ་བར )ལག་ལེན་བསྟར་རིང་རྒྱལ་ཁབ་ཀྱིས་ལྕགས་ལམ་གྱི་མ་ལམ་བརྒྱད་གསར་སྐྲུན་བྱས་པའི་ནང་མ་ལམ་ལྔ་མི་རིགས་ས་ཁུལ་དང་ཡང་ན་མི་རིགས་ས་ཁུལ་དང་ཐད་ཀར་འབྲེལ་བའི་སར་བསྐྲུན་པའི་ནང་ལན་ཤིན་ལྕགས་ལམ་དང་པའོ་ལན་ལྕགས་ལམ་སོགས་ཚུད་ཡོད་པ་རེད། འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཁམས (ཁྲོན )བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་དེའང་1954ལོར་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ལོ་རབས་60པར་ཁྲེང་ཁུན་ལྕགས་ལམ་དང་ཤང་ཆན་ལྕགས་ལམ། ཀྲེ་ལིའུ་ལྕགས་ལམ་བཅས་དང་དེ་བཞིན་ཡུན་བོད་གཞུང་ལམ་སོགས་བསྐྲུན་པ་རེད། 1962ལོར་ལན་ཤིན་ལྕགས་ལམ་དེ་ཝུའུ་ལུའུ་མུའུ་ཆི་བར་བཏིང་ནས་ཤིན་ཅང་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བསྟུད་མར་ནན་ཁུན་ལྕགས་ལམ་དང་། སོག་ཁུན་ལྕགས་ལམ། ནན་ཅང་ལྕགས་ལམ། ལྷ་ས་གནམ་གྲུ་ཐང་། ལན་ཀྲོའུ་དང་ཟི་ལིང་། ལྷ་ས་བཅས་བར་གྱི་འོད་ཁྲིད་ཚི་སྐུད་ལས་གྲྭ ཉིང་ཞའི་དབྱང་ཧོང་ཆུ་འདྲེན་ལས་གྲྭ་སོགས་གཙོ་གནད་ལས་གྲྭ་འབོར་ཆེན་ཞིག་བསྟུད་མར་སྐྲུན་སྟབས་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།
རྒྱལ་ཁབ་ཀྱིས་ལེགས་ཆའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་དེང་རབས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཏུ་བརྩིས་ཡོད། “ལོ་ལྔ་ཚན་དང་པོའི ”འཆར་འགོད་རིང་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་156གི་ཁྲོད་ནས་རྣམ་གྲངས་40མི་རིགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད། དཔེར་ན། ནང་སོག་པའོ་ཐོའུ་ངར་ལྕགས་རྟེན་གཞི་དང་། ཤིན་ཅང་གི་ཁེ་ལ་མ་དབྱིའི་སྣུམ་གཏེར། ཡུན་ནན་གྱི་ཀེ་ཅིའུ་གཤའ་རྡོའི་ལས་རིགས་ཀུང་སི་སོགས་ཡིན། དུས་རབས་20པའི་ལོ་རབས་60པར་རྒྱལ་ཁབ་ཀྱིས་མཚོ་རྒྱུད་དང་ནང་སའི་བཟོ་ལས་ཁེ་ལས་ཆེ་གྲས་ཁག་ཅིག་མི་རིགས་ས་ཁུལ་དུ་སྤོས་ནས་མི་རིགས་ས་ཁུལ་དུ་དེང་རབས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་བཏིང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་ཁབ་ཀྱིས་སླར་ཡང་མི་རིགས་ས་ཁུལ་དུ་གལ་ཆེའི་ལས་གྲྭའི་རྣམ་གྲངས་འབོར་ཆེན་ཞིག་སྔོན་ལ་བཀོད་སྒྲིག་བྱས་ཡོད། དཔེར་ན། ཤིན་ཅང་ཐ་ལི་མུའི་སྣུམ་གཏེར་དང་། ཀོང་ཤིས་ཕིང་གོའི་ཧ་ཡང་བཟོ་གྲྭ མཚོ་སྔོན་གྱི་ཅ་ལུད་ལས་གྲྭ ནང་སོག་གི་རྡོ་སོལ་གློག་གི་རྟེན་གཞི་ཆེ་གྲས་སོགས་ཡིན། དེ་ནས་བཟུང་མི་རིགས་ཁུལ་དུ་གལ་ཆེའི་ཐོན་ཁུངས་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་རྟེན་གཞི་འགའ་ཞིག་ཆགས་ནས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་གྱི་ལམ་བུའི་ཐོག་ཐོག་མར་སྐྱོད་ཡོད། (དཔེ་རིས་3པར་གཟིགས )
དཔེ་རིས་3པ། གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ཀྱི་བཟོ་ལས་སྤྱིའི་ཐོན་ལས་འཕར་ཚུལ (སྒོར་དུང་ཕྱུར )
2000ལོར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་འགན་ཨང་དང་པོར་བརྩིས་ཡོད། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁྲོད་ཁེ་ཕན་དངོས་ཐོབ་ཆེད་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་སྲིད་ཇུས་མང་པོ་སྤྱད་ཡོད་པ་དེའི་ནང་མི་རིགས་ས་ཁུལ་དུ་ཐོན་ཁུངས་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་ཀྱི་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཕྱིར་གཏོང་བྱེད་པའི་མི་རིགས་རང་སྐྱོང་ས་གནས་སུ་ཁེ་ཕན་གྱི་གསབ་དངུལ་ངེས་ཅན་སྤྲོད་པ། དཔལ་འབྱོར་འཕེལ་རྒྱས་ཅུང་ཆེ་བའི་ས་ཁུལ་གྱི་ཁེ་ལས་ཀྱིས་མི་རིགས་ས་ཁུལ་དུ་མ་འཇོག་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པ། མི་རིགས་ས་ཁུལ་གྱི་ནོར་སྲིད་མ་འཇོག་དང་དངུལ་རྩར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་པ་དེས་མི་རིགས་ས་ཁུལ་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དངོས་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། (དཔེ་རིས་4པར་གཟིགས )
དཔེ་རིས་4 གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ཀྱི་ཞིང་འབྲོག་ལས་འཕེལ་ཚུལ་གཙོ་བོ།
མིག་སྔར་རང་སྐྱོང་ལྗོངས་5དང་རང་སྐྱོང་ཀྲོའུ་30 རང་སྐྱོང་རྫོང་120བཅས་ཚང་མ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁྱབ་ཁོངས་སམ་ཡང་ན་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་གཞིར་བཟུང་ལོངས་སུ་སྤྱོད་རྒྱུའི་ནང་བཅུག་ཡོད། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ལས་མི་རིགས་ས་ཁུལ་ལ་མཐོང་ཐོས་མྱོང་གསུམ་གྱི་དངོས་ཕན་ཐོབ་ཡོད། 2008ལོའི་བར་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་བྱས་ཚུན་མི་རིགས་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་77899ཟིན་པ་དེའི་ནང་2008ལོར་སྒོར་དུང་ཕྱུར་18453ཟིན་པ་དེ་2000ལོ་ལས་ལྡབ་5འཕར་ནས་ལོར་ཆ་སྙོམས་23.7%འཕར་ཡོད། “ནུབ་རླངས་ཤར་འདྲེན ”དང “ནུབ་གློག་ཤར་གཏོང ”སོགས་གཙོ་གནད་ལས་གྲྭ་ཁག་གཅིག་བསྐྲུན་པ་དང་གནམ་གྲུ་ཐང་དང་། མྱུར་བགྲོད་གཞུང་ལམ། ཆུ་བེད་འགག་རྩའི་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་ཅིག་བསྐྲུན་ཡོད། 2007ལོར་མཚོ་བོད་ལྕགས་ལམ་ལྷ་ས་བར་བཏིང་ནས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་པ་དེས་བོད་ཀྱི་འགྲིམ་འགྲུལ་རྗེས་སུ་ལུས་པའི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་ནས་བོད་དང་ནང་སའི་དབར་སྤྱོད་གོ་ཆོད་པ་དང་། མགྱོགས་པ། གནམ་གཤིས་ལ་བལྟ་མི་དགོས་པ། ནུས་པ་ཆེ་བ་བཅས་ཀྱི་སྐྱེལ་འདྲེན་བགྲོད་ལམ་ཞིག་ཡོད་པས་བོད་ཀྱི་དཔལ་འབྱོར་འཕུར་མཆོང་ཡོང་བའི་གཤོག་པ་བསྒར་ཡོད། (དཔེ་རིས་5པར་གཟིགས )
དཔེ་རིས་5པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་བྱས་ཚུན་མི་རིགས་ས་ཁུལ་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚུལ། (རྩིས་གཞི། སྒོར་དུང་ཕྱུར )
ཀྲུང་གོ་སྲིད་གཞུང་གིས་མི་རིགས་ས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་བཀོད་སྒྲིག་བྱེད་སྐབས་ས་གནས་ཀྱི་རྟ་སྒ་ཆ་འགྲིག་གི་མ་དངུལ་ཆག་ཡང་འོས་འཚམས་གཏོང་བ་དང་། མི་རིགས་ས་ཁུལ་དུ་ཐོན་ཁུངས་གསར་སྤེལ་དང་ཁེ་ལས་འཛུགས་སྐྲུན་བྱེད་སྐབས་ས་གནས་དེ་གའི་ཁེ་ཕན་ལ་ལྟ་རྟོག་དང་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་ལྟ་རྟོག་བྱེད་པ། རང་བྱུང་ཐོན་ཁུངས་ཕྱིར་གཏོང་བྱེད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དུ་ལེགས་སྐྱེས་འབུལ་བའི་མི་རིགས་ས་ཁུལ་ལ་ཁེ་ཕན་སྐྱིན་ཚབ་ངེས་ཅན་ཞིག་སྤྲོད་པ་བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 1994ལོར་རྒྱལ་ཁབ་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་རོགས་དངུལ་འགྲོ་གྲོན་གྱི་བསྡུར་ཚད་དེ་4:6དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དེ་5:5 ལེགས་སྒྲིག་བྱས་ཡོད། 2004ལོར་རྒྱལ་ཁབ་ཀྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་སྐྱིན་ཚབ་སྤྲོད་པའི་ལམ་སྲོལ་འཛུགས་འགོ་ཚུགས་ཡོད། ཤིན་ཅང་གི་ཕུན་སུམ་ཚོགས་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་སྐབས་ས་གནས་དེ་གའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུར་གཙིགས་ཆེན་བྱེད་པ་དང “ནུབ་རླངས་ཤར་འདྲེན ”གྱི་རྣམ་གྲངས་ཁོ་ན་ནས་ལོ་ལྟར་ཤིན་ཅང་ལ་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་10ལྷག་ཙམ་འཕར་མ་ཡོང་གི་ཡོད།
དབུལ་པོའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེཌ་སུ་གང་ཐུབ་གཏོང་བ།
ལོ་མང་རིང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པར་རྒྱལ་ཁབ་ཀྱིས་ས་ཁུལ་ཁག་གཅིག་གི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དབུལ་པོར་སྨན་ཡོན་མི་དགོས་པར་སྨན་བཅོས་བྱེད་པ་དང་། དངུལ་བུན་གཏོང་བ་དང་ཞིང་ལས་ཡོ་བྱད་སྤྲད་པ། གཞུང་བཙུགས་སློབ་གྲྭ་འཛུགས་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་རྒུད་སེལ་བྱས་ཡོད། 1983ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཚོགས་འདུ་འཚོགས་ནས་དུས་ཐུང་ནང་མང་ཚོགས་ཁག་གཅིག་གི་ལྟོ་གོས་ཀྱི་གནད་དོན་དང་། སྡོད་ཁང་གི་གནད་དོན། འཐུང་ཆུའི་གནད་དོན་བཅས་སྤྱིར་ན་ཐག་གཅོད་བྱེད་དགོས་ཞེས་བཏོན་ཡོད། 1990ལོ་ནས་བཟུང་རྒྱལ་ཁབ་ཀྱིས “གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དབུལ་པོའི་ལྟོ་གོས་ཀྱི་ཐེབས་རྩ ”བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་རྫོང་དབུལ་པོ་141ལ་གཙོ་གནད་དུ་རོགས་སྐྱོར་བྱས་ཡོད། 1994ལོར 《རྒྱལ་ཁབ་ཀྱི་བརྒྱད་བདུན་དབུལ་སྐྱོར་འགག་སྒྲོལ་འཆར་གཞི 》ལག་ལེན་བསྟར་ཏེ་ཚད་གཞི་ལྷུག་ཏུ་བཏང་བར་བརྟེན་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་རྫོང་དབུལ་པོ་ 116མང་དུ་སོང་ཡོད། 2001ལོར 《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད 》ལག་ལེན་བསྟར་ཏེ་མི་རིགས་ས་ཁུལ་དུ་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་10སླར་ཡང་མང་དུ་གཏོང་བ་དང་ཆབས་ཅིག་བོད་འདི་དམིགས་བསལ་གྱི་ཁུལ་ཞིག་ཏུ་བརྩིས་ནས་ཁྱོན་ཡོངས་གཙོ་གནད་དབུལ་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་ཡོད། 2005ལོར་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་དབུལ་པོ་དེ་གྲོང་ཚོ་ཧྲིལ་པོ་སྐུལ་འདེད་གཏོང་བའི་དབུལ་སྐྱོར་གསར་སྤེལ་འཆར་འགོད་ནང་སྔོན་ལ་བཅུག་ཡོད། 2007ལོར་རྒྱལ་ཁབ་ཀྱིས 《གྲངས་ཉུང་མི་རིགས་བྱ་གཞག་གི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད 》བཟོས་ནས་གཙོ་གནད་ལས་གྲྭ་རྣམ་གྲངས་11འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་ཡོད། 2009ལོར་རྒྱལ་ཁབ་ཀྱིས་དབུལ་སྐྱོར་ཚད་གཞི་གསར་པ་ལག་ལེན་བསྟར་ནས་ཁྱབ་རྒྱ་ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་དབུལ་སྐྱོར་གྱི་སྲིད་ཇུས་སྒོ་ཀུན་ནས་ལག་ལེན་བསྟར་ཡོད། གཞན་ཡང་རྒྱལ་ཁབ་ཀྱིས་ལས་སྤྲོད་གུན་གསབ་དང་། གནས་སྤོ་དབུལ་སྐྱོར། སྐྱས་སྤོས་འབྲོག་པ་གཏན་སྡོད། གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཀོད། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་ལས་གྲྭ་བཅས་དང་དེ་བཞིན་གྲོང་གསེབ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་ལག་ལེན་བསྟར་ནས་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མི་རིགས་ས་ཁུལ་གྱི་མི་འབོར་དབུལ་པོ་དེ་1985ལོའི་ཁྲི་4000ལྷག་ཙམ་ནས་2008ལོའི་ཁྲི་770ལྷག་ཙམ་བར་ཉུང་དུ་སོང་ཡོད།
ལོ་རྒྱུས་དང་རིག་གནས་མི་འདྲ་བ་དང་དེ་བཞིན་ཡུལ་སྲོལ་གོམས་འདྲིས་དང་ཆོས་ལུགས་ཀྱི་དད་པ་མི་འདྲ་བར་བརྟེན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ལ་དམིགས་བསལ་གྱི་དགོས་མཁོ་ཁག་གཅིག་ཡོད་པ་དཔེར་ན་བོད་རིགས་དང་། སོག་རིགས། ཡུ་གུར་རིགས། ཧ་སག་རིགས་སོགས་ཀྱི་འབྲོག་པར་རྟ་སྒ་དང་། འཇུར་རྟ་ཡུ་རིང་། ཇ་སོགས་ཡིན་པ་དང་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་མུ་སི་ལིན་མང་ཚོགས་ལ་ཧུའེ་རིགས་ཀྱི་བཟའ་བཅའ་དགོས་པ་སོགས་རེད། དམིགས་བསལ་གྱི་དགོས་མཁོ་དེ་དག་ལ་བརྩི་འཇོག་དང་སྐོང་ཆེད་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་ཚོང་དོན་དང་མི་རིགས་ལ་ཆེད་དུ་མཁོ་བའི་ཚོང་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་ལ་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཡོད། 1963ལོ་ནས་བཟུང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་ཚོང་དོན་ཁེ་ལས་ལ་ཁེ་སྤོགས་འཐེན་འཁྲི་དང་། མ་དངུལ་ཡོད་པ། རིན་གོང་རོགས་དངུལ་བཅས “ལྟ་རྟོག་གསུམ ”གྱི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་ཡོད། 1997ལོར་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་སྲིད་ཇུས་གསར་པ་བཏོན་ནས་ཆེད་དོན་སྐྱེད་གསབ་དངུལ་བུན་བཙུགས་ནས་ཁེ་ལས་ཁག་གཅིག་གི་རིན་ཐང་འཕར་མའི་དཔྱ་ཁྲལ་མེད་པ་བཟོ་བ་དང་རྩ་ཆག་བཏང་བས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་མཁོའི་ཚོང་ཟོག་དམིགས་འཛུགས་ཐོན་སྐྱེད་ཁེ་ལས་1760ལ་ཕན་འབྲས་ཐོབ་ཡོད། 1991ལོར་ཇ་བག་ཆུང (མཐའ་མཚམས་སུ་ཕྱིར་འཚོང་བྱེད་པའི་ཇ )གི་རྒྱལ་ཁབ་གསོག་འཇོག་ལམ་ལུགས་བཙུགས་ནས་བརྟན་པོའི་ངང་མཁོ་སྤྲོད་བྱ་རྒྱུའི་འགན་ལེན་བྱེད་ཀྱི་ཡོད། 2007ལོར་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཆེད་མཁོའི་ཚོང་ཟོག་ཐོན་སྐྱེད་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་དང་། ཁྱབ་སྤེལ། གསོ་སྦྱོང་བཅས་ལ་རོགས་སྐྱོར་བྱ་རྒྱུར་སྤྱོད་པའི “མི་རིགས་ཀྱི་ཆེད་མཁོའི་ཚོང་ཟོག་ཐོན་སྐྱེད་ཀྱི་རོགས་དངུལ ”བཙུགས་པ་རེད།
གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱལ་ཁབ་ཀྱིས་སྲིད་ཇུས་ཀྱི་་གཟིགས་སྐྱོང་བྱ་རྒྱུར་གཙིགས་ཆེན་དང་སྔོན་ལ་བཀོད་སྒྲིག་བྱས་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་བས་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་ཆེས་ཆེར་སོང་བ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ནད་ལྟ་དཀའ་བའི་གནད་དོན་ཞི་ལྷོད་ཏན་ཏིག་སོང་བ་བཅས་ལ་བརྟེན་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་གཞི་མངོན་གསལ་དོད་པོས་ཐང་དུ་སོང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱིས་ལེ་ལག་ཚང་བའི་འཛུགས་སྐྲུན་དང་ཤང་གྲོང་འཕྲོད་བསྟེན་ཁང་སྒྱུར་བཀོད་བྱས་པ་དང་རྫོང་རིམ་པའི་འཕྲོད་བསྟེན་རིམས་འགོག་ས་ཚིགས་དང་མ་བུ་འཕྲོད་སྦྱོར་སུའོ་བཙུགས་པས་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལེགས་སུ་ཆེ་ཙམ་སོང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རྫོང་80%ཡན་ལ་རིམས་འགོག་ས་ཚིགས་བཙུགས་ཡོད། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་ཡུལ་ནད་དང་འགོ་ནད་འགོག་བཅོས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟབས་དེ་སྔ་ཁྱབ་ཆེ་བའི་ཁེ་ཧྲན་ནད་དང་། འདུས་འདྲིལ་གཅོང་ནད། གྲུམ་བུ་ཚིགས་ཆེན་ནད་སོགས་སྤྱིར་ན་ཚོད་འཛིན་བྱེད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་གྲངས་ཉུང་མི་རིགས་ཀྱི་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་འཕྲོད་བསྟེན་ཆེད་ལས་དཔུང་ཁག་རྒྱུན་ཆད་མེད་པ་སྟོབས་ཆེར་བཏང་ཡོད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་གྲངས་ཉུང་མི་རིགས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣའི་གསུམ་ཆ་གཅིག་བཟུང་ཡོད། (དཔེ་རིས 6པར་གཟིགས )
དཔེ་རིས་6 གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ཀྱི་འཕྲོད་བསྟེན་སྒྲིག་གཞི་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་བཅས་འཕར་ཚུལ།
འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ།
ཀྲུང་གོའི་འབྲོག་ཁུལ་གཙོ་བོ་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་ཡོད་པ་དང་འབྲོག་ལས་ནི་སོག་རིགས་དང་། བོད་རིགས། ཧ་སག་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ཕྲག་ཁ་ཤས་ཀྱི་མང་ཚོགས་ཕལ་ཆེ་བའམ་ཡང་ན་ཁག་གཅིག་གིས་མི་རབས་ནས་མི་རབས་བར་གཉེར་སྐྱོང་བྱེད་པ་དང་འབྲེལ་འཚོ་གནས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོན་ལས་ཤིག་ཡིན། 1953ལོ་ནས་བཟུང་རྒྱལ་ཁབ་ཀྱིས་འབྲོག་ཁུལ་དུ་ཞིང་ལས་ཁུལ་དང་གྲོང་ཁྱེར་ལས་ཡང་བའི་ཁྲལ་བསྡུའི་སྲིད་ཇུས་དང་། འབྲོག་ར་སྲུང་སྐྱོང་། གཏན་སྡོད་དར་སྤེལ་གཏོང་བ་སོགས་དམིགས་བསལ་གྱི་སྲིད་ཇུས་དང་བྱ་ཐབས་ལག་ལེན་བསྟར་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རྒྱལ་ཁབ་ཀྱིས་འབྲོག་ཁུལ་དུ་ཕྱུགས་རིགས་དུད་ཚང་ལ་བདག་པ་དང་རྩྭ་ར་འགན་གཙང་སྤྲོད་པ། རང་བདག་གཉེར་སྐྱོང་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཡོད། 1987ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ལས་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཀྱིས་གཙོ་གནད་དུ་རོགས་སྐྱོར་བྱེད་པའི་འབྲོག་ཁུལ་རྫོང་དབུལ་པོ་27གཏན་འཁེལ་བྱས་ཏེ་འབྲོག་ཁུལ་དབུལ་སྐྱོར་གྱི་ཆེད་དངུལ་སྐྱེད་གསབ་དངུལ་བུན་བཙུགས་ཡོད། 1999ལོར་ཀྲུང་གོ་སྲིད་གཞུང་གིས་རྩྭ་ཐང་འཛུགས་སྐྲུན་དེ་ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་དང་གལ་ཆེ་མཉམ་གྱི་གནས་བབ་ཏུ་བཞག་སྟེ་ཕྱུགས་ལས་དང་ཞིང་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། 2005ལོར་རྒྱལ་ཁབ་ཀྱིས་ཞིང་འབྲོག་ལས་ཀྱི་དཔྱ་ཁྲལ་ཁྱོན་ཡོངས་ནས་མེད་པ་བཟོས་ཡོད། ལོ་ངོ་བཅུ་ཕྲག་ཁ་ཤས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མི་རིགས་ས་ཁུལ་དེ་ཀྲུང་གོའི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ནང་སོག་གི་འོ་མའི་ཐོན་རྫས་དེ་རྒྱལ་ཡོངས་ཀྱི་ལྔ་ཆ་གཅིག་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ཤིན་ཅང་གི་བལ་དང་རའི་ཁུ་ལུ་ཐོན་ཚད་དེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
(མཐུད་འགོད ③ མུ་མཐུད་འགོད་རྒྱུ )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣