《ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བའི》རྒྱབ་ཤ་དཀར་པོའི་དེབ།
གཉིས། མི་རིགས་ཁག་ཚང་མ་འདྲ་མཉམ་མཐའ་འཁྱོངས་བྱེད་པ།
མི་རིགས་འདྲ་མཉམ་ཡོང་རྒྱུ་ནི་ཀྲུང་གོའི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན།
མི་རིགས་འདྲ་མཉམ་ཡོང་རྒྱུ་ནི་ཀྲུང་གོའི་རྩ་ཁྲིམས་ཀྱི་རྩ་དོན་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས 》ནང “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པའི ”གཏན་འབེབས་བྱས་ཡོད། རྩ་དོན་དེའི་དགོངས་དོན་ལ་གཞིགས་ནས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་མི་རིགས་འདྲ་མཉམ་ཡོང་རྒྱུའི་ཐད་ཞིབ་ཕྲའི་གཏན་འབེབས་ཁ་གསལ་བཟོས་ཡོད།
ཀྲུང་གོར་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པའི་ནང་གོ་དོན་ཁག་གསུམ་ཡོད་པ་སྟེ། གཅིག་ནས་མི་རིགས་ཁག་དབར་མི་འབོར་མང་ཉུང་དང་། ལོ་རྒྱུས་རིང་ཐུང་། སྡོད་གནས་ས་ཁོངས་ཆེ་ཆུང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་ཇི་ལྟར་ཡོད་མིན་བཅས་དང་དེ་བཞིན་སྐད་ཡིག་དང་། ཆོས་ལུགས། ཡུལ་སྲོལ་གོམས་འདྲིས་བཅས་གཅིག་པ་ཡིན་མིན་ལ་མི་བལྟོས་པར་ཆབ་སྲིད་གནས་བབ་ཚང་མ་འདྲ་མཉམ་ཡིན་པ་དང་། གཉིས་ནས་མི་རིགས་ཁག་དབར་ཆབ་སྲིད་དང་བཅའ་ཁྲིམས་ཐད་འདྲ་མཉམ་ཡིན་པ་མ་ཟད་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་ཚང་མ་འདྲ་མཉམ་ཡིན་པ། གསུམ་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་ཁག་གི་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་པ་དང་དབང་ཆ་གཅིག་མཚུངས་སྤྱོད་རྒྱུ་ཡོད་ལ་འོས་འགན་ཀྱང་གཅིག་པ་འཁུར་དགོས་པ་བཅས་རེད།
ལོ་60ཡི་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་འདྲ་མཉམ་འགན་ལེན་བྱེད་པའི་བཅའ་ཁྲིམས་མ་ལག་ཚད་ལྡན་ཅིག་གཞི་རྩའི་ཆ་ནས་ཆགས་ཡོད་པ་དང་མི་རིགས་ཁག་འདྲ་མཉམ་ཡོང་བའི་དབང་ཆར་ཁྲིམས་ལྟར་འགན་སྲུང་བྱུང་ཡོད།
——མི་ལུས་རང་དབང་དང་མི་ལུས་དབང་ཆར་བཙན་གནོད་ཕོག་མེད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱས་ཡོད། མི་རིགས་ཁག་གི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་མི་ཕོག་པ་དང་། ཁྲིམས་འགལ་ངང་བཀག་ཉར་བྱེད་པའམ་བྱ་ཐབས་གཞན་དག་ལ་བརྟེན་ནས་སྤྱི་དམངས་ཀྱི་མི་ལུས་དབང་ཆ་ཁྲིམས་འགལ་ངང་འཕྲོག་པ་དང་ཚོད་འཛིན་བྱེད་མི་ཆོག མི་རིགས་ཁག་གི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་ལ་རྒྱར་བཙན་གནོད་མི་ཕོག་པ་བྱས་ཐོག་དེའི་མིང་གྲགས་ཐོབ་དབང་དང་། རང་མིང་ཐོབ་དབང་། འདྲ་པར་གྱི་བདག་དབང་སོགས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་བྱེད་ཀྱི་ཡོད། སྤྱི་དམངས་ལ་བྱ་ཐབས་སྣ་ཚོགས་སྤྱད་དེ་བཪྙས་བཅོས་དང་། མ་ཉེས་ཁ་གཡོགས། སྙོན་འཛུགས་ཐེར་འདོན་བཅས་བྱེད་མི་ཆོག
ཀྲུང་གོ་གསར་པ་དབུ་མ་བཪྙེས་གོང་སི་ཁྲོན་སོགས་ས་ཁུལ་གྱི་དབྱིས་རིགས་ས་ཁུལ་གྱི་མི་འབོར་ཁྲི་100ཙམ་གྱིས་བྲན་གཡོག་ལམ་ལུགས་སོར་ཉར་བྱས་ཡོད་པ་དང་བོད་དང་ཡུན་ནན་གྱི་ཤིས་ཧྲོང་པན་ན་སོགས་ས་ཁུལ་གྱི་མི་འབོར་ཁྲི་400ཙམ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སོར་ཉར་བྱས་ཡོད། ས་ཁུལ་དེ་དག་གི་གྲངས་ཉུང་མི་རིགས་མང་ཚོགས་མང་ཆེ་བ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་དང་། སྐུ་དྲག་ཆེ་གྲས། དགོན་པའམ་ཡང་ན་བྲན་གཡོག་བདག་པོར་གཏོགས་པས་རང་དགར་ཉོ་ཚོང་བྱེད་པའམ་ཡང་ན་ལག་རྟགས་ལ་རྩིས་ནས་སྤྲོད་ཆོག་པར་བརྟེན་མི་ལུས་ལ་རང་དབང་མེད། དཔེར་ན། བོད་ཪྙིང་པར་དུས་རབས་17པར་གྲུབ་པ་དང་འབྲེལ་ལོ་300ལྷག་ཙམ་རིང་རྒྱུན་མཐུད་བྱས་པའི་ཁྲིམས་ལུགས་ཏེ 《ཞལ་ལྕེ་བཅུ་གསུམ 》དང 《ཞལ་ལྕེ་བཅུ་དྲུག 》ནང་མི་རྣམས་རིགས་གསུམ་དང་རིམ་པ་དགུ་ལ་ཕྱེ་ཡོད། ཞལ་ལྕེའི་ནང “མི་རབ་ནང་གི་རབ ”ཀྱི་སྟོང་ནི་ཕུང་པོའི་ལྗིད་ཚད་དང་མཚུངས་པའི་གསེར་དང་མཉམ་པ་དང “མི་ཐ་མའི་ནང་གི་ཐ་མའི ”སྟོང་དེ་གྲེས་ཐག་གཅིག་དང་མཚུངས་ཞེས་གཏན་འབེབས་བྱས་ཡོད་ཅིང་། “མི་ཐ་མས ”བོད་ཀྱི་སྤྱིའི་མི་འབོར་གྱི་95%ཡན་བཟུང་ཡོད་པ་ལྟ་བུ་ཡིན། ཀྲུང་གོ་གསར་པས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་ཆེད་དུས་རབས་20པའི་ལོ་རབས་50པར་ས་ཁུལ་དེ་དག་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པས་དེ་སྔའི་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་མི་ལུས་ཀྱི་རང་དབང་ཐོབ་ནས་སྤྱི་ཚོགས་གསར་པའི་བདག་པོར་གྱུར་ཡོད།
——བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། ཀྲུང་གོར་སྤྱི་དམངས་སུ་ཞིག་ཡིན་ཡང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཁེ་དབང་ལོངས་སུ་སྤྱོད་དབང་ཡོད་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་འདྲ་མཉམ་ངང་སྒྲུབ་དགོས་ཤིང་། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཚང་མ་འདྲ་མཉམ་ངང་སྲུང་སྐྱོབ་ཐོབ་པ་དང་། ཁྲིམས་འགལ་གྱི་བྱེད་སྤྱོད་དང་མི་སུ་ཞིག་གིས་ཁྲིམས་ལས་འགལ་ཚེ་ཚང་མ་ཁྲིམས་ལྟར་བདའ་འདེད་གཏོང་བ། བཅའ་ཁྲིམས་སྤྱོད་པའི་ཐད་ཚང་མ་འདྲ་མཉམ་ཡིན་པ། མི་སུ་ཞིག་ལའང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་དབང་ཆ་གང་ཡང་ཡོད་མི་ཆོག་པ་བཅས་རེད། གྲངས་ཉུང་མི་རིགས་ཀྱིས་མི་རིགས་དེ་གའི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་དབང་འགན་ལེན་བྱེད་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས 》ཀྱི་དོན་ཚན་བཅུ་གཅིག་པའི་ནང “མི་རིགས་ཁག་གི་སྤྱི་དམངས་ཚང་མར་མི་རིགས་དེ་གའི་སྐད་ཡིག་སྤྱད་དེ་དམངས་དོན་གཏུག་བཤེར་བྱེད་དབང་ཡོད། གྲངས་ཉུང་མི་རིགས་འདུས་སྡོད་དམ་ཡང་ན་མི་རིགས་མང་པོ་མཉམ་དུ་གནས་སྡོད་བྱེད་སའི་ས་ཁུལ་དུ་མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་མི་རིགས་ཀྱིས་ཡོངས་ཁྱབ་ངང་སྤྱོད་པའི་སྐད་ཡིག་དང་ཡིག་རིགས་སྤྱད་དེ་འདྲི་གཅོད་བྱེད་པ་དང་བཅའ་ཁྲིམས་ཀྱི་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་སྐད་ཡིག་དང་ཡིག་རིགས་གསལ་པོ་མི་ཤེས་པའི་ཞུ་གཏུག་ནང་ཞུགས་མཁན་ལ་ཡིག་སྒྱུར་བྱེད་དགོས་པའི ”གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས 》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས 》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས 》བཅས་ཚང་མའི་ནང་གཏན་འབེབས་གཅིག་པ་བྱས་ཡོད།
——འདྲ་མཉམ་ངང་རྒྱལ་ཁབ་ཀྱི་དོན་དག་ལ་དོ་དམ་བྱེད་པའི་དབང་ཆ་ཡོད། ཀྲུང་གོར་གྲངས་ཉུང་མི་རིགས་ཁག་དང་རྒྱ་རིགས་འདྲ་མཉམ་ཀྱི་གནས་བབ་ཐོག་ནས་རྒྱལ་ཁབ་ཀྱི་དོན་དག་དང་ས་གནས་ཀྱི་དོན་དག་ལ་དོ་དམ་བྱེད་པའི་ནང་ཞུགས་ཆོག་གི་ཡོད། རྩ་ཁྲིམས་དོན་ཚན་སོ་བཞི་པའི་ནང “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་ཧྲིལ་པོ་ལོ་བཅོ་བརྒྱད་ལ་སོན་པའི་སྤྱི་དམངས་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གི་སྐྱེས་ཁུངས། ཆོས་དད། སློབ་གསོའི་ཚད་གཞི། རྒྱུ་ནོར་གྱི་གནས་ཚུལ། གནས་སྡོད་བྱེད་ཚད་བཅས་ཀྱི་དབྱེ་བ་མེད་པར་ཚང་མར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད ”ཅེས་གཏན་འབེབས་བྱས་ཡོད། དེས་མ་ཚད་བཅའ་ཁྲིམས་ནང་ད་དུང་གྲངས་ཉུང་མི་རིགས་ཆབ་སྲིད་ནང་ཞུགས་རྒྱུའི་ཐད་དམིགས་སུ་བཀར་ནས་འགན་ལེན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་ཤིག་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་བཅའ་ཁྲིམས 》ནང་གྲངས་ཉུང་མི་རིགས་གཅིག་པའི་མི་འབོར་དེ་ས་གནས་དེ་གའི་སྤྱིའི་མི་འབོར་གྱི་15%ཡང་མི་ཟིན་པའི་སྐབས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་རེ་རེས་ཚབ་བྱས་པའི་མི་འབོར་དེ་ས་གནས་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རེ་རེས་ཚབ་བྱས་པའི་མི་འབོར་ལས་འོས་འཚམ་ངང་ཉུང་བ་བྱེད་ཆོག་པ་དང་མི་འབོར་ཧ་ཅང་ཉུང་བའི་མི་རིགས་སུ་མ་མཐར་ཡང་འཐུས་མི་གཅིག་དགོས་ཞེས་གཏན་འབེབས་བྱས་ཡོད། སྐབས་རིམ་བྱུང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནང་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་མི་གྲངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་མི་གྲངས་ནང་བཟུང་བའི་བསྡུར་གྲངས་དེ་དག་ཚང་མ་དུས་མཚུངས་སུ་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་གྲངས་ལས་མཐོ་བ་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་161ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་སྣ་25ཡོད་པ་དེས་15.53%ཟིན་ཡོད། (དཔེ་རིས་2པར་གཟིགས )
དཔེ་རིས་2སྐབས་རིམ་བྱུང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་འཐུས་མིའི་སྤྱིའི་གྲངས་འབོར་ནང་བཟུང་བའི་བསྡུར་གྲངས།
གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་གྲངས་འབོར (མི )
_._ གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་གྲངས་འབོར་གྱིས་འཐུས་མིའི་སྤྱི་གྲངས་འབོར་ནང་བཟུང་བའི་བསྡུར་གྲངས།
—— ཆོས་དད་རང་མོས་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོད། ཀྲུང་གོར་ཆོས་དད་རང་མོས་ཞེས་པ་ནི་སྤྱི་དམངས་མི་རེ་ངོ་རེར་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ་དང་། ཆོས་ལུགས་འདི་རིགས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལུགས་དེ་རིགས་ལ་དད་པ་བྱེད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལ་དད་པ་མི་བྱེད་ཀྱང་ད་ཆ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་སྔོན་ཆད་ཆོས་ལ་དད་པ་བྱེད་ཀྱང་ད་ཆ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡོད་པ་བཅས་ལ་བརྗོད། རྩ་ཁྲིམས་ཀྱི་དོན་ཚན་སོ་དྲུག་པའི་ནང “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་གང་ཞིག་ཡིན་རུང་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་པའམ་ཡང་ན་ཆོས་ལ་དད་པ་མི་བྱེད་པའི་བཙན་ཤེད་བྱེད་མི་ཆོག་ལ་ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་ཡང་ན་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག་པའི ”གཏན་འབེབས་བྱས་ཡོད། རྩ་ཁྲིམས་ཀྱི་རྩ་དོན་ལག་བསྟར་བྱ་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག 》འགྲེམས་སྤེལ་བྱས་ཡོད། ཀྲུང་གོར་གྲངས་ཉུང་མི་རིགས་ཀྱི་ཆོས་དད་མང་ཚོགས་ཀྱི་རྒྱུན་གཏན་ཆོས་ལུགས་བྱེད་སྒོ་ཚང་མར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ས་ཁུལ་ཁག་ཏུ་ཁྱབ་ཡོད་པ་དེ་དག་གིས་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་ཀྱི་ཡོད། དཔེར་ན་ཤིན་ཅང་དུ་དབྱི་སི་ལན་གྱི་ཕྱག་ཁང་ཁྲི་2.43དང་དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་ལས་པ་ཁྲི་ 2.8 ལྷག་ཙམ་ཡོད། བོད་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་1700ལྷག་ཙམ་དང་དགོན་པར་ཡོད་པའི་གྲྭ་བཙུན་ཁྲི་ 4.6 ཡོད་ལ། དཔེ་ཆ་སྦྱོང་བ་དང་། མཚན་ཉིད་རྩོད་པ། སྡོམ་པ་བཞེས་པ། བཀའ་དབང་གནང་བ། སྒོམ་སྒྲུབ་བྱེད་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་དགོན་པར་དཔེ་ཆ་སྦྱོང་བ་དང་མཚན་གནས་སྤོར་བའི་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་བཞིན་ཡོད་པས་གང་སར་མ་ཎི་སྐོར་བ་དང་མ་ཎི་རྡོ་འབུམ་དང་དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཁན་ཆོས་དད་མང་ཚོགས་མཐོང་རྒྱུ་ཡོད། གཞན་ཡང་ཀྲུང་གོ་སྲིད་གཞུང་གིས་ད་དུང་ཆོས་ལུགས་ཚོགས་པར་ཆོས་ལུགས་སློབ་གླིང་འཛུགས་རོགས་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཀྱི་ཆོས་ལས་པ་གསོ་སྐྱོང་བྱས་པ་དང་འབྲེལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་ཉམས་གསོ་བྱ་རྒྱུར་མ་དངུལ་རོགས་སྐྱོར་བྱས་ནས་འཚོ་བར་དཀའ་ངལ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་ཁ་གསབ་ཡང་སྤྲད་ཡོད་པ་ལྟ་བུ་ཡིན།
—— མི་རིགས་དེ་གའི་སྐད་ཡིག་བེད་སྤྱོད་བྱེད་པ་དང་གོང་འཕེལ་གཏོང་བའི་དབང་ཆ་ཡོད། རྩ་ཁྲིམས་ནང “མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་དང་གོང་འཕེལ་གཏོང་བའི་དབང་ཆ་ཡོད ”ཅེས་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་ཚང་མར་སོག་པོ་དང་། བོད། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས། ཀྲོང་སོགས་མི་རིགས་ཀྱི་སྐད་དང་ཡི་གེའི་ཡིག་ཆའམ་ཡང་ན་སྐད་སྒྱུར་མཁོ་འདོན་བྱེད་ཀྱི་ཡོད། ཀྲུང་གོའི་མི་དམངས་ཤོག་སྒོར་གཙོ་བོའི་ནང་རྒྱ་ཡིག་བེད་སྤྱོད་བྱས་པ་ཕུད་ད་དུང་སོག་པོ་དང་། བོད། ཡུ་གུར། ཀྲོང་བཅས་གྲངས་ཉུང་མི་རིགས་བཞིའི་ཡི་གེ་བེད་སྤྱོད་བྱས་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་སུ་གཞུང་དོན་སྒྲུབ་སྐབས་ཚང་མར་ས་གནས་དེ་གའི་ཀུན་སྤྱོད་ཡིག་རིགས་གཅིག་གམ་ཡང་ན་ཁ་ཤས་བེད་སྤྱོད་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོ་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བཪྙན་འཕྲིན། དྲ་བའི་གློག་འཕྲིན་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་བེད་སྤྱོད་དང་འཕེལ་རྒྱས་རྒྱ་ཁྱབ་ཏུ་གཏོང་ཐུབ་པ་བྱུང་ཡོད།
——རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས་བྱེད་པའམ་ཡང་ན་སྒྱུར་བཅོས་བྱེད་པའི་རང་དབང་ཡོད། རྩ་ཁྲིམས་ནང་མི་རིགས་ཁག “ཚང་མར་རང་སོ་སོའི་ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས་བྱེད་པ་དང་སྒྱུར་བཅོས་བྱེད་པའི་རང་དབང་ཡོད ”ཅེས་གཏན་འབེབས་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་དང་། བཟའ་བཏུང་། སྡོད་གནས། གཉེན་སྒྲིག དུས་ཆེན་དང་རྟེན་འབྲེལ། གཤིན་པོ་དུར་འཇུག་སོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་རྒྱལ་ཁབ་ཀྱིས་བརྩི་འཇོག་གང་ལེགས་དང་འགན་ལེན་ཏན་ཏིག་བྱས་ཡོད། དཔེར་ན། གྲངས་ཉུང་མི་རིགས་ཁག་གཅིག་གི་བཟའ་བཏུང་ཐད་དབྱི་སི་ལན་གྱི་བཟའ་བཅའི་གོམས་གཤིས་འགན་ལེན་བྱ་ཆེད་པེ་ཅིང་དང་། ཅང་སུའུ། ཤིན་ཅང་སོགས་ཞིང་ཆེན (རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར )16དང་དེ་བཞིན་ཀོང་ཀྲོའུ་དང་། ཁུན་མིང་། ཁྲེང་ཏུའུ་སོགས་ལྟེ་བའི་གྲོང་ཁྱེར་མང་ཆེ་བར་ཆེད་དོན་ཁྲིམས་བཙུགས་ཀྱིས་དབྱི་སི་ལན་གྱི་བཟའ་བཅའ་མཁོ་སྤྲོད་དང་དོ་དམ་བྱ་རྒྱུ་འགན་ལེན་བྱས་ཡོད་ལ་དེ་མིན་གྱི་ས་གནས་ཀྱིས་ཀྱང་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ནང་དུའང་དབྱི་སི་ལན་གྱི་བཟའ་བཅའི་དོ་དམ་ཚད་ལྡན་ཡོང་བ་བྱས་ཡོད། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་དུས་ཆེན་དགའ་གཏོང་བྱེད་པའི་དབང་ཆ་འགན་ལེན་བྱ་ཆེད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་མི་རིགས་རང་སྐྱོང་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གྲངས་ཉུང་མི་རིགས་ཀྱི་གོམས་གཤིས་གཞིར་བཟུང་ངལ་གསོ་རྒྱག་པའི་བྱ་ཐབས་བཟོ་ཆོག་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བཟོ་རང་མི་རིགས་ཀྱི་གལ་ཆེའི་དུས་ཆེན་བྱེད་སྒོའི་ནང་ཞུགས་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངལ་གསོ་འཇོག་པ་དང་སྦྲགས་གླ་ཕོགས་རྒྱུན་གཏན་ལྟར་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བཙན་གནོད་བྱེད་པའི་གནད་དོན་ཐོན་རྒྱུ་བཀག་འགོག་བྱ་ཆེད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསར་འགྱུར་དང་། དཔེ་སྐྲུན། རྩོམ་རིག་སྒྱུ་རྩལ། རིག་གཞུང་ཞིབ་འཇུག་སོགས་འབྲེལ་ཡོད་ཚན་པ་དང་དེའི་ཐད་ཀྱི་ལས་ཀ་བྱེད་མཁན་མི་སྣར་བླང་བྱ་ཁ་གསལ་བཏོན་ཡོད། ཉེས་ཁྲིམས་ནང “ཁྲིམས་འགལ་ངང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བཙན་གནོད་བྱེད་པའི་ཉེས་པ ”ཞེས་པ་ཆེད་དུ་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་བདའ་འདེད་གཏོང་གི་ཡོད།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཐད་གྲངས་ཉུང་མི་རིགས་དང་རྒྱ་རིགས་བསྡུར་ན་ཧེ་བག་ངེས་ཅན་ཡོད་པར་གཞིགས་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ཚོས་འདྲ་མཉམ་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཁེལ་བའི་སྤྱི་དམངས་ཀྱི་དབང་ཆ་ཡོད་དོ་ཅོག་ལོངས་སྤྱོད་ཆོག་པ་མ་ཟད་ད་དུང་ཁྲིམས་ལྟར་དམིགས་བསལ་གྱི་ཁེ་དབང་ཁ་ཤས་འགན་ལེན་ལོངས་སུ་སྤྱོད་ཆོག་གི་ཡོད།
རྣམ་པ་གང་རུང་ཞིག་གི་མི་རིགས་ཀྱི་མཐོང་ཆུང་དང་གཉའ་གནོན་ལ་རྒྱལ་ཁབ་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོར་མི་རིགས་འཁོན་འཛིན་དང་མཐོང་ཆུང་བྱེད་པ་དང་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་གང་ཞིག་ཡིན་ཡང་ཚང་མ་ནི་ཁྲིམས་འགལ་ཞིག་ཡིན། གྲངས་ཉུང་མི་རིགས་ལ་གལ་ཏེ་མཐོང་ཆུང་དང་གཉའ་གནོན་ནམ་ཡང་ན་བཪྙས་བཅོས་ཕོག་ཚེ་ཁྲིམས་འཛིན་ལས་ཁུངས་སུ་ཞུ་གཏུག་བྱེད་པའི་དབང་ཆ་ཡོད། ཀྲུང་གོ 《རྣམ་པ་ཐམས་ཅད་ཀྱི་རིགས་རྒྱུད་མཐོང་ཆུང་མེད་པ་བཟོ་བའི་རྒྱལ་སྤྱིའི་སྤྱི་ཆིངས 》ནང་ཞུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྤྱི་ཆིངས་ཀྱི་འོས་འགན་ནན་ཏན་ངང་བསྒྲུབས་ཏེ་མི་རིགས་དང་རིགས་རྒྱུད་ཀྱི་མཐོང་ཆུང་མེད་པའི་འཛམ་གླིང་ཞིག་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
གསུམ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་འཕེལ་རྒྱས་བྱུང་བ།
མི་རིགས་མཐུན་སྒྲིལ་ནི་ཀྲུང་གོས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་རྩ་དོན་ཡིན་ལ་ཀྲུང་གོའི་མི་རིགས་སྲིད་ཇུས་ཀྱི་སྲོག་ཤིང་ནང་དོན་ཡང་ཡིན།
ཀྲུང་གོ་ལྟ་བུའི་མི་རིགས་མང་བའི་རྒྱལ་ཁབ་གཅིག་གིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དང་པོ། མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་གཅིག་གྱུར་གྱི་འགན་ལེན་གལ་ཆེན་ཡིན། མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱུང་ཚེ་གཞི་ནས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་ཐུབ། མི་རིགས་མཐུན་སྒྲིལ་མེད་ཚེ་མི་རིགས་འགལ་བ་དང་མི་མཐུན་པ་ཟམ་མི་ཆད་པར་ཡོང་རྒྱུ་ལྡོག་མེད་ཡིན་པས་རྒྱལ་ཁབ་ཁ་ཐོར་དགུ་ཐོར་དང་སྲན་ཕུང་ཐོར་བ་ལྟ་བུར་འགྱུར་རྒྱུ་རེད། གཉིས་པ། མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བརྟན་ལྷིང་གི་སྔོན་འགྲོའི་ཆ་རྐྱེན་ཡིན། མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱུང་ཚེ་གཞི་ནས་སྤྱི་ཚོགས་བརྟན་ལྷིང་འཆམ་མཐུན་དང་། གཞི་ནས་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་པ། གཞི་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བཅས་ཐུབ་ཀྱི་ཡོད། གསུམ་པ། མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་ཡིན། མི་རིགས་ཁག་དབར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་གཞི་ནས་བློ་རྩེ་གཅིག་སྒྲིམ་ངང་འཛུགས་སྐྲུན་དང་བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་ཡར་ཐོན་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་གཏོང་ཐུབ།
ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཁེ་ཕན་ཆེ་ཤོས་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་རྩ་བའི་འགན་ལེན་དུ་བརྩི་གི་ཡོད། ལོ་མང་རིང་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད་པ ”བཅས་ཀྱི་བསམ་བློའི་འདུ་ཤེས་བརྟན་པོ་བཙུགས་ཡོད། ཀྲུང་གོར་སྤྱི་དམངས་ཚང་མའི་ལས་དབང་དེ་རྒྱལ་ཁབ་ཀྱི་ལས་དབང་དང་དམ་པོར་སྦྲེལ་བ་དང་སྤྱི་དམངས་ཚང་མར་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འོས་འགན་མཐའ་གཅིག་ཏུ་བསྒྲུབས་ནས་མི་རིགས་ཁ་ཕྲལ་ལ་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ངོ་རྒོལ་དང་རྒྱལ་ཁབ་འཛུགས་སྐྲུན་ཆེད་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། མི་རིགས་ཁག་གི་མཐུན་སྒྲིལ་མཛའ་བརྩེ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གནས་ས་དང་། སྟོབས་ཤུགས་གནས་ས། རེ་བ་གནས་ས་བཅས་ཡིན་པ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ལ་ཡིད་ཆེས་བརྟན་པོ་ཡོད།
ཀྲུང་གོར་མི་རིགས་མཐུན་སྒྲིལ་ནི་རྒྱ་རིགས་དང་གྲངས་ཉུང་མི་རིགས་དབར་གྱི་མཐུན་སྒྲིལ་དང་གྲངས་ཉུང་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་དང་དེ་བཞིན་གྲངས་ཉུང་མི་རིགས་ནང་ཁུལ་གྱི་ཁོངས་མིའི་དབར་གྱི་མཐུན་སྒྲིལ་ཚུད་ཡོད། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པར་གཅིག་གྱུར་གྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཚང་མ་འདྲ་མཉམ་ཡོང་བའི་རྨང་གཞིའི་ཐོག་མི་རིགས་ཁག་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་། རོགས་རེས་མཉམ་ལས་བཅས་ཀྱི་སྒོ་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་བཅས་བྱས་ཐོག་མི་རིགས་ཁག་མཐུན་སྦྱོར་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་བཅས་ལ་སྐུལ་མ་གཏོང་བ་དང་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་ལྡན་པ་བཅས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་རྒྱུའི་བླང་བྱ་བཏོན་ཡོད།
ལོ་མང་རིང་རྒྱལ་ཁབ་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་མི་རིགས་མཐུན་སྒྲིལ་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་ཧུར་ཐག་སེལ་བ་དང་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཐོག་འབད་བརྩོན་ཆེན་པོའི་ངང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་ཀྱི་ཡོད།
——རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་། དཔལ་འབྱོར། སྲིད་འཛིན་བཅས་ཀྱི་བྱེད་ཐབས་སྤྱད་དེ་ལོ་རྒྱུས་ཀྱི་ཤུལ་དུ་ལུས་པའི་མི་རིགས་མཐོང་ཆུང་དང་མི་རིགས་དབར་མི་མཐུན་པ་ཧུར་ཐག་སེལ་ནས་མི་རིགས་ཁག་གི་མཐུན་སྒྲིལ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་གི་ཡོད། རྒྱལ་ཁབ་ཀྱིས་མི་རིགས་གང་འདྲ་ཞིག་ཡིན་རུང་མཐོང་ཆུང་དང་གཉའ་གནོན་བྱ་རྒྱུ་བཀག་འགོག་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་ཀྱི་ཡོད། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ལག་ལེན་ཁྲོད་རྒྱལ་ཁབ་ཀྱིས་རྒྱ་རིགས་ཆེན་པོའི་རིང་ལུགས་གཙོ་བོ་བྱེད་པའི་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ་ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་ཆེན་པོ་ཐེངས་མང་བྱས་ནས་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་འཁོར་རྒྱུག་སྔར་བས་མང་དུ་སོང་བ་དང་གྲོང་ཁྱེར་ཅན་དུ་འགྱུར་བ་དང་ཁ་ཐོར་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད། གྲོང་ཁྱེར་དང་ཐོར་གནས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཕྱིར་རྒྱལ་ཁབ་ཀྱིས 《གྲོང་ཁྱེར་གྱི་མི་རིགས་ལས་དོན་སྲོལ་ཡིག 》དང 《 མི་རིགས་ཤང་གི་སྲིད་འཛིན་ལས་དོན་སྲོལ་ཡིག 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོས་པ་དང་ལག་བསྟར་བྱས་ཏེ་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་གཙོ་གནད་ཐོག་ཁོང་ཚོར་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་འཚོ་བ་ལེགས་སུ་གཏོང་རོགས་བྱས་ནས་དུས་ཆེན་དང་། རྟེན་འབྲེལ། ལྟོ་ཆས། གཤིན་པོ་དུར་འཇུག་སོགས་ཐད་ཀྱི་ཁོང་ཚོའི་དམིགས་བསལ་གྱི་དགོས་མཁོ་སྐོང་ཐུབ་པ་བྱེད་ཀྱི་ཡོད། (མཐུད་འགོད ②)
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣