《ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བའི》རྒྱབ་ཤ་དཀར་པོའི་དེབ།
དཀར་ཆག
གླེང་གཞི།
གཅིག གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་དང་རྒྱུ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས།
གཉིས། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་པ།
གསུམ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་འཕེལ་རྒྱས་བྱུང་བ།
བཞི། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་ཕྱིན་པ།
ལྔ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་ཕྱིན་པ།
དྲུག གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཐུབ་པ།
བདུན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།
མཇུག་བསྡུའི་གཏམ།
གླེང་གཞི།
ང་ཚོ་འཚོ་གནས་བྱ་ཡུལ་ས་གོ་ལ་ནི་མི་རིགས་ཀྱི་འཛམ་གླིང་ཞིག་ཡིན། དེང་དུས་འཛམ་གླིང་ཐོག་མི་རིགས་3000ཙམ་ཡོད་པ་དེ་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ནངགནས་པ་དང་རྒྱལ་ཁབ་ཕལ་ཆེ་བ་ནི་མི་རིགས་མང་པོ་ལས་གྲུབ་པ་ཞིག་ཡིན།
ཀྲུང་གོ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་གཏོད་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང་ཀྲུང་གོའི་མི་དམངས་ཚོས་འགྲོ་འོང་དམ་ཟབ་བྱེད་པ་དང་། ཕན་ཚུན་བརྟེན་པ། སྤེལ་རེས་མཉམ་འདྲེས། བདེ་སྡུག་མཉམ་མྱོང་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རྒྱུ་མང་གཞི་གཅིག་གི་རྣམ་པ་ཞིག་ཆགས་ཏེ་མེས་རྒྱལ་གྱི་རི་ཆུ་ཀླུང་གསུམ་མཉམ་དུ་གསར་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་མཉམ་དུ་སྐུལ་མ་བཏང་ཡོད།
ཀྲུང་གོ་གསར་པ་བཙུགས་ཚུན་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བསྟུན་རྒྱུ་དང་མཐའ་འཁྱོངས་བྱེད་པ་དང་། ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་གི་ཕན་ཡོད་ཀྱི་བྱ་ཐབས་དཔྱད་གཞིར་འཛིན་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་བཏོད་པ་དང་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་བཅས་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་རྩ་བའི་ནང་དོན་དུ་བྱེད་པའི་མི་རིགས་སྲིད་ཇུས་གཏན་འཁེལ་བྱས་པ་དང་འབྲེལ་ལག་ལེན་ཡང་བསྟར་བས་མི་རིགས་སྲིད་ཇུས་ཀྱི་མ་ལག་ཅུང་འཐུས་ཚང་ཞིག་ཆགས་ཡོད།
རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་ལ་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱིས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་རྣམས་གཅིག་སེམས་གཅིག་སྒྲིལ་དང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས་བཅས་བྱ་རྒྱུར་སྐུལ་མ་ཐེབས་པ་དང་དཔལ་འབྱོར་འཕེལ་རྒྱས་དང་། ཆབ་སྲིད་བརྟན་ལྷིང་། རིག་གནས་དར་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ནས་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
གཅིག གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་དང་རྒྱུ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས།
1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཚུན་ངོས་འཛིན་བྱེད་པ་དང་འབྲེལ་ཀྲུང་དབྱང་སྲིད་གཞུང་གིས་ཁས་ལེན་གནང་བ་བརྒྱུད་ཀྲུང་གོར་ཁྱོན་བསྡོམས་མི་རིགས་56ཡོད་པ་སྟེ། རྒྱ་རིགས་དང་། སོག་རིགས། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མེའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུ་ཅ་རིགས། ཧ་ཉི་རིགས། ཧ་སག་རིགས། ཏའེ་རིགས། ལི་རིགས། ལི་སུའུ་རིགས། དབའ་རིགས། ཧྲེ་རིགས། ཀའོ་ཧྲན་རིགས། ལ་ཧུའུ་རིགས། ཧྲུའེ་རིགས། ཏུང་ཤང་རིགས། འཇང་རིགས། ཅིང་པོ་རིགས། ཁོར་ཁེ་ཙི་རིགས། ཧོར་རིགས། ཏ་ཝོར་རིགས། མུའུ་ལའོ་རིགས། ཆའང་རིགས། པུའུ་ལང་རིགས། ས་ལར་རིགས། མའོ་ནན་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཕུའུ་སྨི་རིགས། ཐ་ཅི་ཁེ་རིགས། ནུའུ་རིགས། ཝུའུ་ཙི་པིའེ་ཁེ་རིགས། ཨུ་རུ་སུའུ་རིགས། ཨོ་ཝུན་ཁེ་རིགས། ཏེ་ཨང་རིགས། པའོ་ཨན་རིགས། ཡུས་ཀུའུ་རིགས། ཅིང་རིགས། ཐ་ཐར་རིགས། ཏུའུ་ལུང་རིགས། ཨོ་ལུན་ཁྲུན་རིགས། ཧོ་ཀྲེ་རིགས། མོན་པ་རིགས། ལྷོ་པ་རིགས། ཅི་ནུའོ་རིགས་བཅས་ཡིན་པ་དེའི་ནང་རྒྱ་རིགས་མི་འབོར་གྱིས་ཆེས་མང་ཆེ་བ་བཟུང་བ་དང་མི་རིགས་གཞན་དག་55ཡི་མི་འབོར་དེ་མཚུངས་ཀྱིས་ཉུང་བར་བརྟེན་གོམས་གཤིས་ཐོག “གྲངས་ཉུང་མི་རིགས ”ཞེས་བརྗོད་ཀྱི་ཡོད།
ལོ་60རིང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་རྒྱུན་ཆད་མེད་པར་འཕར་ནས་རྒྱལ་ཡོངས་ཀྱི་མི་འབོར་ནང་བཟུང་བའི་བསྡུར་ཚད་ཆེ་རུ་འགྲོ་བའི་རྣམ་པ་ཞིག་ཐོན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་བྱས་པར་གཞིགས་ན། གྲངས་ཉུང་མི་རིགས་ཀྱི་མི་འབོར་དེ་1953ལོར་མི་འབོར་ཁྲི་3532ལོན་པ་དེས་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་6.06%བཟུང་བ་དང་། 1964ལོར་མི་འབོར་ཁྲི་4002ལོན་པ་དེས་5.76%བཟུང་བ། 1982ལོར་མི་འབོར་ཁྲི་6730ལོན་པ་དེས་6.68%བཟུང་བ། 1990ལོར་མི་འབོར་ཁྲི་9120ལོན་པ་དེས་8.04%བཟུང་བ། 2000ལོར་མི་འབོར་ཁྲི་10643ལོན་པ་དེས་8.41%བཟུང་བ་བཅས་རེད། གྲངས་ཉུང་མི་རིགས་ཁག་གི་མི་འབོར་ཧེ་བག་ཆེན་པོ་ཡོད་པ་དཔེར་ན་ཀྲོང་རིགས་ལ་མི་འབོར་ཁྲི་1700དང་ཧོ་ཀྲེ་རིགས་ལ་མི་འབོར་4000ཙམ་ལས་མེད་པ་རེད། (གཤམ་གསལ་གྱི་དཔེ་རིས་དང་པོར་གཟིགས )
དཔེ་རིས་དང་པོ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་དང་དེས་རྒྱལ་ཡོངས་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད།
གྲངས་ཉུང་མི་རིགས་ཀྱི་མི་འབོར (ཁྲི )_._ གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད།
ཀྲུང་གོའི་མི་རིགས་ཁག་གི་ཁྱབ་ཚུལ་ནི་གྲམས་ཆེ་བ་དང་། འདུས་སྡོད་ཆུང་བ། འདྲེས་སྡོད་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། རྒྱ་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་སྡོད་པ་དང་། མི་རིགས་ས་ཁུལ་དུའང་རྒྱ་རིགས་སྡོད་པས་ཁྱེད་ཀྱི་ཁྲོད་དུ་ང་གནས་པ་དང་། ངའི་ཁྲོད་དུ་ཁྱོད་གནས་པ་དེ་རེད། གྲངས་ཉུང་མི་རིགས་མང་དག་ཅིག་ལ་འདུས་སྡོད་བྱ་ཁུལ་གཅིག་གམ་ཡང་ན་ཁ་ཤས་ཡོད་ལ། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུའང་གྲམས་སྡོད་བྱས་ཡོད། ལྷོ་ནུབ་དང་ནུབ་བྱང་ནི་གྲངས་ཉུང་མི་རིགས་ཁྱབ་ཚུལ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་གཉིས་ཡིན། ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་12ནང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མི་འབོར་70%ཙམ་སྡོད་པ་དང་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་9ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་60%ཙམ་སྡོད་ཀྱི་ཡོད། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་སྦྲགས་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྱབ་ཚུལ་གྱི་ཁྱབ་ཁོངས་ཀྱང་སྔར་བས་ཆེ་རུ་སོང་བ་དང་། ད་ཆ་རྒྱལ་ཡོངས་ཀྱི་གྲམས་སྡོད་ས་ཁུལ་དུ་གྲངས་ཉུང་མི་རིགས་མི་འབོར་ཁྲི་3000ལས་བརྒལ་ཡོད།
ཀྲུང་གོའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་མང་ཆེ་བའི་ས་རྒྱ་ཆེ་ལ་མི་ཉུང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། མི་རིགས་ས་ཁུལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་དང་། ནགས་ཚལ་དང་ཆུ་ཤུགས་ཐོན་ཁུངས་གསོག་ཚད། དེ་བཞིན་རང་བྱུང་སོལ་རླངས་སོགས་ཀྱི་རྨང་གཞི་གསོག་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཕྱེད་ཀ་ལས་བརྒལ་བའམ་ཡང་ན་དེ་དང་ཉེ་བར་སླེབས་ཀྱི་ཡོད། རྒྱལ་ཡོངས་ཀྱི་སྤྱི་ལེ་ཁྲི་2.2ལྷག་ཙམ་གྱི་སྐམ་སའི་ས་མཚམས་ནང་ནས་སྤྱི་ལེ་ཁྲི་1.9མི་རིགས་ས་ཁུལ་དུ་གནས་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ནང་ནས་མི་རིགས་ས་ཁུལ་གྱིས་85%ཡན་ཟིན་ཡོད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན།
ཀྲུང་གོའི་མི་རིགས་ཁག་གི་འབྱུང་ཁུངས་དང་འཕེལ་རྒྱས་ལ་ས་གནས་དེ་གའི་རང་བཞིན་དང་། རྒྱུ་མང་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལོ་བཞི་སྟོང་ལྔ་སྟོང་གོང་དུ་ཀྲུང་ཧྭ་ས་གཞི་ཆེན་པོའི་ཐོག་ཧྭ་ཤ་དང་། ཏུང་དབྱི། ནན་མན། ཤིས་རུང་། པེ་ཏི་བཅས་མི་རིགས་ཀྱི་ཚོགས་པ་ཆེན་པོ་ལྔ་ཆགས་ཡོད། མི་རིགས་ཁག་འཕེལ་རྒྱས་འགྲོ་བའི་ནང་ཕན་ཚུན་བསྡུ་ལེན་བྱེད་པ་དང་རྒྱུན་ཆད་མེད་པར་གནས་སྤོ་དང་། འདྲེས་སྡོད། གཉེན་སྒྲིག སྤེལ་རེས་བཅས་བྱས་པ་བརྒྱུད་རིམ་བཞིན་གཅིག་ཏུ་འདྲེས་ཁར་མི་རིགས་གསར་པ་རྒྱུན་ཆད་མེད་པར་ཐོན་ཡོད། དེའི་འབྲས་བུ་ནི་ཆགས་པ་ཡོད་ལ་འཇིག་པ་ཡང་ཡོད་པས་མི་རིགས་འགའ་ཞིག་ད་བར་རྒྱུན་མཐུད་བྱས་པ་དང་འགའ་ཞིག་མཉམ་འདྲེས་དང་། དམག་འཁྲུག དེ་བཞིན་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པ། མིང་བསྒྱུར་བ་སོགས་ཀྱིས་རྐྱེན་པས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་དུ་མེད་པར་གྱུར་པ་དེའི་ནང་རེ་ཞིག་དབང་གྲགས་ཆེ་བའི་ཤུང་ནུའུ་དང་། གཡོད་ཧྲི། ཞན་པི། རོའུ་རན། ཐུའུ་ཀུའུ་ཧུན། ཐུའུ་ཅུའེ། ཏང་ཤང་། ཆི་ཏན། སའེ་རྒྱུད་བ་སོགས་ཚུད་ཡོད།
ཀྲུང་གོའི་མི་རིགས་ཁག་ཆགས་ཚུལ་དང་འཕེལ་རྒྱས་འགྲོ་ཚུལ་མི་འདྲ་ཡང་སྤྱི་ཡོངས་ཀྱི་ཁ་ཕྱོགས་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཏུ་འཕེལ་རྒྱས་བཏང་ནས་གཅིག་གྱུར་དང་སྲ་ཞིང་བརྟན་པའི་ཀྲུང་ཧྭ་མི་རིགས་གྲུབ་པ་བྱ་རྒྱུ་དེ་ཡིན། དེང་སྐབས་ཀྲུང་གོའི་ས་ཁོངས་དང་མངའ་ཁོངས་ནི་ཀྲུང་ཧྭ་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཁག་གིས་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རྒྱས་བཏང་བའི་ནང་ཐུན་མོང་ཐོག་གསར་སྤེལ་བྱས་ནས་གྲུབ་པ་ཞིག་ཡིན། རྒྱ་རིགས་ཀྱི་མེས་པོས་རྨ་ཆུ་རྒྱུག་ཁུལ་དང་དབུས་རྒྱུད་ས་ཁུལ་གསར་སྤེལ་སྔ་ཤོས་བྱས་པ་དང་། བོད་རིགས་དང་ཆང་རིགས་ཀྱིས་མཚོ་བོད་ས་མཐོ་གསར་སྤེལ་སྔ་ཤོས་བྱས་པ། དབྱིས་རིགས་དང་པའེ་རིགས་སོགས་མི་རིགས་ཀྱིས་ལྷོ་ནུབ་ས་ཁུལ་གསར་སྤེལ་སྔ་ཤོས་བྱས་པ། མན་ཇུ་དང་། ཞི་པོ། ཨོ་ཝུན་ཁེ། ཨོ་ལུན་ཁྲུན་སོགས་མི་རིགས་ཀྱི་མེས་པོས་བྱང་ཤར་ས་ཁུལ་གསར་སྤེལ་སྔ་ཤོས་བྱས་པ། ཤུང་ནུའུ་དང་། ཐུའུ་ཅུའེ། སོག་པོ་སོགས་མི་རིགས་ཀྱིས་སྔ་རྗེས་སུ་མོང་གོལ་རྩྭ་ཐང་གསར་སྤེལ་བྱས་པ། ལི་རིགས་ཀྱིས་ཧའེ་ནན་གླིང་ཕྲན་གསར་སྤེལ་སྔ་ཤོས་བྱས་པ། ཐའེ་དབན་གྲངས་ཉུང་མི་རིགས་ཀྱི་མེས་པོས་ཐའེ་དབན་གླིང་ཕྲན་གསར་སྤེལ་སྔ་ཤོས་བྱས་པ་སོགས་ཡིན།
ཆིན་རྒྱལ་རབས་སྐབས་ཀྲུང་གོའི་མེས་པོའི “གནམ་འོག ”གི་ལྟ་བ་དང “གཅིག་གྱུར་ཆེན་པོའི ”འདུ་ཤེས་རང་བཞིན་ངང་ཆགས་ཡོད། སྤྱི་ལོའི་གོང་གི་221ལོར་ཆིན་རྒྱལ་རབས་སུ་ཀྲུང་གོའི་ལོ་རྒྱུས་ཐོག་གི་གཅིག་གྱུར་ཆེན་པོ་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད། རྒྱལ་ཡོངས་སུ་ཅུན་རྫོང་བཙུགས་ནས་དབང་སྒྱུར་བྱས་པ་དང་ད་ཆའི་ཀོང་ཤིས་དང་ཡུན་ནན་སོགས་གྲངས་ཉུང་མི་རིགས་ཅུང་གཅིག་སྡུད་ཡིན་པའི་ས་ཁོངས་ཚང་མ་ཆིན་རྒྱལ་རབས་ཀྱི་མངའ་འོག་ཏུ་བཅུག་པ་དང་ཧན་རྒྱལ་རབས (སྤྱི་ལོའི་གོང་གི་206ལོ་ནས་སྤྱི་ལོ་220ལོ་བར )སུ་གཅིག་གྱུར་གྱི་དུས་བབ་སྔར་བས་འཕེལ་རྒྱས་ཕྱིན་པ་དང་ད་ལྟའི་ཤིན་ཅང་ས་ཁུལ་དུ་ནུབ་ཡུལ་བདེ་སྲུང་ལས་ཁུངས་བཙུགས་ནས་མངའ་འོག་ཏུ་ཤིན་ཅང་ས་ཁུལ་ཚུད་པའི་རྒྱ་ཆེའི་ས་ཁུལ་ཡོད་པ་མ་ཟད་ཅུན་17བཙུགས་ནས་ཕྱོགས་བཞིའི་མི་རིགས་ཁག་ལ་བཀོད་འདོམས་བྱས་སྟབས་ད་ལྟའི་ཤིན་ཅང་གི་མི་རིགས་ཁག་གི་མེས་པོ་ཚུད་པའི་མངའ་ཁོངས་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཆགས་ཡོད། ཆིན་དང་ཧན་རྒྱལ་རབས་སྐབས་ཀྲུང་གོ་འདི་ཉིད་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་རྣམ་པ་རྩ་བའི་ཆ་ནས་ཆགས་ཡོད།
ཧན་རྒྱལ་རབས་རྗེས་ཀྱི་སྐབས་རིམ་བྱུང་ཀྲུང་དབྱང་སྲིད་དབང་གིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་རྣམ་པ་འཕེལ་རྒྱས་དང་སྲ་བརྟན་དུ་བཏང་ཡོད། ཐང་རྒྱལ་རབས (618ལོ་ནས་907ལོ་བར )སྐབས་ཨན་ཤིས་དང་པའེ་ཐིང་བདེ་སྲུང་ལས་ཁུངས་ཆེན་པོ་གཉིས་བཙུགས་ནས་མངའ་ཁོངས་ནང་ད་ལྟའི་ཤིན་ཅང་ཚུད་པའི་ནུབ་ཡུལ་ས་ཁུལ་ཚུད་ཡོད། ཏའོ་དང་། ཕུའུ། ཀྲོའུ་བཅས་སམ་ཡང་ན་ཁོངས་གཏོགས་ཕུའུ་དང་ཀྲོའུ་བཙུགས་ནས་དབུས་ལྷོ་དང་ལྷོ་ནུབ་ཀྱི་གྲངས་ཉུང་མི་རིགས་མངའ་ཁོངས་སུ་བཅུག་ཡོད། མོང་གོལ་རིགས་ཀྱིས་བཙུགས་པའི་ཡོན་རྒྱལ་རབས་(1206ལོ་ནས་1368ལོ་བར )སྐབས་ལྷོ་ཕྱོགས་ཀྱི་གྲངས་ཉུང་མི་རིགས་ཁག་གཅིག་འདུས་སྡོད་ཁུལ་གྱི་ཕུའུ་དང་ཀྲོའུ་རུ་ཡུལ་དཔོན ( གྲངས་ཉུང་མི་རིགས་ཀྱི་འགོ་གཙོས་འགན་འཁུར་བ་མ་ཟད་རྒྱུན་འཛིན་པའི་ས་གནས་སྲིད་འཛིན་དཔོན་ལ་ཟེར )བཀོད་ཡོད་པ་དང་ཀྲུང་དབྱང་དུ་ཤོན་ཀྲེང་ཡོན་བཙུགས་ནས་བོད་ཀྱི་དོན་དག་ལ་བཀོད་འདོམས་བྱེད་པ་དང་བོད་དུ་སན་ལུའུ་ཤོན་ཝུའེ་སི་ཏུའུ་ཡོན་ཧྲོའེ་ཕུའུ་བཙུགས་པས་བོད་དེ་དུས་དེ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་ནུས་ལྡན་གྱི་སྲིད་འཛིན་དོ་དམ་བྱེད་འགོ་ཚུགས་པ་དང་འབྲེལ་ཕེང་ཧུའུ་མཚེའུའི་སྐོར་ཞིབ་སི་བཙུགས་ནས་ཕེང་ཧུའུ་མཚེའུའི་གླིང་ཚོམ་དང་ཐའེ་དབན་ལ་དོ་དམ་བྱེད་ཀྱི་ཡོད། ཡོན་རྒྱལ་རབས་ཀྱི་མི་རིགས་ཀྱི་གྲུབ་ཆར་ད་ཆའི་ཀྲུང་གོའི་མི་རིགས་མང་ཆེ་བ་ཚུད་ཡོད། མན་ཇུ་རིགས་ཀྱིས་བཙུགས་པའི་ཆིང་རྒྱལ་རབས (1644ལོ་ནས་1911ལོ་བར )ཀྱིས་ནུབ་ཡུལ་དུ་དབྱི་ལི་ཅང་ཅུན་བཙུགས་པ་དང་འབྲེལ་ཤིན་ཅང་ཞིང་ཆེན་བཙུགས་པ་དང་། བོད་དུ་བོད་སྡོད་ཨམ་བན་མངགས་པ། ཀྲུང་དབྱང་སྲིད་གཞུང་གིས་བླ་མ་ཆེན་པོ་གཉིས་ཏེ་ཏཱ་ལ་དང་པཎ་ཆེན་ལ་འཇའ་ས་གནང་བའི་ལོ་རྒྱུས་ཀྱི་ངེས་སྲོལ་གཏན་འཁེལ་བྱེད་པ། ལྷོ་ནུབ་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གཅིག་ཏུ་ཐུའུ་སིའི་ལམ་ལུགས་མེད་པ་བཟོ་བ་དང་དཔོན་རིགས་འདེམས་མངགས་བྱས་ནས་གཅིག་གྱུར་ངང་དོ་དམ་བྱེད་པའི “ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བའི ”(གྲངས་ཉུང་མི་རིགས་ས་གནས་ཀྱི་སྲིད་འཛིན་དཔོན་ཀྲུང་དབྱང་སྲིད་གཞུང་གིས་མངགས་གཏོང་བྱེད་པ )ཆབ་སྲིད་སྒྱུར་བཅོས་བྱས་ནས་མཐར་ད་ཆའི་ཀྲུང་གོའི་མངའ་ཁོངས་གཏན་འཁེལ་བྱས་ཡོད།
ཀྲུང་གོའི་ལོ་རྒྱུས་ཐོག་གནས་སྐབས་ཀྱི་བཅད་བཟུང་རྣམ་པ་དང་ཆ་ཤས་ཁ་ཕྲལ་བྱུང་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་ཕྱོགས་གཙོ་བོ་དང་ཁ་ཕྱོགས་ཤིག་ཡིན། རྒྱ་རིགས་དང་གྲངས་ཉུང་མི་རིགས་གང་ཞིག་ཡིན་ཡང་ཚང་མས་རང་ཉིད་ཀྱིས་བཙུགས་པའི་ཀྲུང་དབྱང་སྲིད་དབང་ནི་ཀྲུང་ཧྭ་ཡི་ཁུངས་མར་བརྩི་བ་དང་ཚང་མས་མི་རིགས་མང་བའི་རྒྱལ་ཁབ་གཅིག་གྱུར་མངོན་གྱུར་ཡོང་བ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་དམིགས་ཚད་མཐོ་ཤོས་ཤིག་ཏུ་བརྩི་གི་ཡོད། ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་འབྱེད་བྱེད་པ་ཞིག་དང་། ལོ་རྒྱུས་རིང་ལ་ངོ་མཚར་ཆེ་བའི་ཀྲུང་ཧྭ་ཡི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གོང་འཕེལ་བཏང་བ་ཞིག གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་ཞིག་བཅས་ཡིན།
གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཡུན་རིང་རྒྱུན་བསྲིང་བྱས་པ་དེས་མི་རིགས་ཁག་དབར་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་སྤེལ་རེས་བྱ་རྒྱུར་སྐུལ་མ་ཤུགས་ཆེན་ཐེབས་པ་དང་། མི་རིགས་ཁག་གིས་ཀྲུང་དབྱང་སྲིད་དབང་གི་ལྟེ་བར་ཕྱོགས་ཤུགས་དང་ཀྲུང་ཧྭ་ཡི་རིག་གནས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་དང་། སྐྱེ་སྟོབས་འཕེལ་ཤུགས། གསར་གཏོད་བྱེད་ཤུགས་བཅས་ཆེ་རུ་ཕྱིན་པ། ཀྲུང་ཧྭ་ཡི་ཤེས་དཔལ་ལྡན་པའི་གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་ཞིག་ཆགས་རྒྱུར་སྐུལ་མ་ཐེབས་པ་བཅས་བྱུང་ཡོད། ལོ་རྒྱུས་ཐོག་ཀྲུང་གོའི་མི་འབོར་གྱི་མང་ཆེ་བ་བཟུང་བའི་རྒྱ་རིགས་ནི་རྨ་ཆུ་དང་འབྲི་ཆུའི་དཀྱིལ་སྨད་རྒྱུག་ཁུལ་གྱི་དབུས་རྒྱུད་ས་ཁུལ་དུ་གཙོ་བོར་འཚོ་བ་སྐྱེལ་བ་དང་འདུས་སྡོད་བྱེད་ཀྱི་ཡོད། དེ་གར་གནམ་གཤིས་དྲོ་བ་དང་ས་ཆ་ཁོད་སྙོམས་ལ་གཤིན་པས་ཞིང་ལས་བྱ་རྒྱུ་དང་འཚམས་པོ་ཡོད། འོན་ཀྱང་གྲངས་ཉུང་མི་རིགས་མང་ཆེ་བ་ནི་མཐའ་འཁོར་ས་ཁུལ་དུ་གནས་པ་དང་ས་ཁུལ་དེ་དག་ཏུ་རྩྭ་ཐང་དང་། བྱེ་ཐང་། ནགས་ཚལ། ས་མཐོ། རི་མཐོ། རི་མ་ཐང་། མཚོ་དང་མཚེའུ་སོགས་མང་པོ་ཡོད་པས་འབྲོག་ལས་དང་། རྔོན་རྒྱག་རྒྱུ། ཉ་ལས་བཅས་དང་འཚམས་པོ་ཡོད། མཐའ་འཁོར་གྱི་གྲངས་ཉུང་མི་རིགས་དང་དབུས་རྒྱུད་ས་ཁུལ་གྱིས “ཇ་རྟའི་ཁྲོམ་ར ”དང “དར་གོས་དང་རྟའི་ཁྲོམ་ར ”སོགས་བརྒྱུད་དབུས་རྒྱུད་ཀྱི་ཞིང་ལས་དང་། འགྲིམ་འགྲུལ། དམག་དོན་བཅས་ལ་མཁོ་བའི་རྟའི་དགོས་མཁོ་སྐོང་ཐུབ་ལ་གྲངས་ཉུང་མི་རིགས་ཀྱི་ཉིན་མཁོའི་འཚོ་བའི་དགོས་མཁོ་ཡང་སྐོང་ཐུབ་ནས་དཔལ་འབྱོར་ཕན་ཚུན་གསབ་རེས་དང་ཐུན་མོང་ཐོག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད། གྲངས་ཉུང་མི་རིགས་ཀྱིས་བཙུགས་པའི་ལེའོ་དང་། ཅིན། ཤིས་ཤ། ཏ་ལི་སོགས་སྲིད་དབང་གིས་ལམ་ལུགས་འཛུགས་སྐྱོང་དང་མངའ་ཁོངས་ས་ཆ་བཅོས་སྐྱོང་བྱ་རྒྱུའི་ཐད་རྒྱ་རིགས་དབུས་རྒྱུད་སྲིད་དབང་གི་དབང་སྒྱུར་གྱི་ཉམས་མྱོང་མངོན་གསལ་དོད་པོས་བསྡུ་ལེན་བྱས་པ་དང་དབུས་རྒྱུད་རིག་གནས་ཀྱི་རྒྱུ་རྐྱེན་མང་དག་ཅིག་བསྡུས་ཡོད། ལྕགས་རི་རིང་པོའི་བྱང་རྒྱུད་དང་ནུབ་ཡུལ་གྱི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་སྒྲ་དང་རོལ་ཆ་དབུས་རྒྱུད་ས་ཁུལ་དུ་རྒྱུན་ཆད་མེད་པར་ཁྱབ་ནས་དབུས་རྒྱུད་ས་ཁུལ་གྱི་རོལ་དབྱངས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་གནས་བྱེད་ཚད་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་ཕན་ཚུན་སྣོལ་སྡོད་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་ཕན་ཚུན་གསབ་རེས་བྱེད་པའི་རྣམ་པ་ཞིག་རིམ་བཞིན་ཆགས་པ་དང་ཕན་ཚུན་བརྟེན་ཞིང་། གནས་པ་དང་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་འབྲེལ་བ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་ཡོད།
1840 ལོའི་ཉལ་ཐ་དམག་འཁྲུག་རྗེས་ཀྱི་ལོ་100 ལྷག་ཙམ་རིང་ཀྲུང་གོར་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྱི་བཙན་འཛུལ་དང་བཪྙས་བཅོས་ཡང་ཡང་ཕོག་པས་རྒྱལ་སྟོངས་རྒྱུད་སྟོངས་ཀྱི་ཉམས་ཉེན་དེ་ལས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་དེ་བས་མཉམ་དུ་དམ་ཟབ་སྦྲེལ་ཡོད། རང་རེའི་རྒྱལ་ཁབ་ནི་སྟོབས་ལྡན་རྒྱལ་ཁབ་ཁག་གིས་ཁ་ཕྲལ་དུ་གཏོང་བ་དང་མི་རིགས་ཤི་གསོན་ཆགས་འཇིག་དང་འཕྲད་པའི་ཉེན་ཁའི་དུས་སུ་མི་རིགས་ཁག་གི་མི་དམངས་ཀྱིས་སྤོབས་པ་ཆེར་བསྐྱེད་ངང་རྒོལ་ལན་སྤྲད་པ་དང་རྒྱལ་ཁབ་ཀྱི་དཀའ་ཉེན་ཐུན་མོང་ཐོག་སེལ་ཐབས་བྱས། དུས་རབས་བཅུ་དགུ་པར་ཆིང་རྒྱལ་རབས་ཀྱི་དམག་དཔུང་གིས་ཡ་གླིང་དཀྱིལ་མའི་ཧའོ་ཧན་རྒྱལ་ཁབ་ཨ་ཀུའུ་པོའི་བཙན་འཛུལ་སྟོབས་ཤུགས་རྩ་མེད་དུ་གཏོང་བར་ཤིན་ཅང་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་ཁ་ཕྲལ་དུ་གཏོང་བའི་དབྱིན་ཇི་དང་ཨུ་རུ་སུའི་བཙན་འཛུལ་པའི་རེ་ངན་གཏོར་ཕམ་བཏང་ཡོད། 1888 ལོའི་ལུང་ཐུར་ལའི་གཡུལ་འགྱེད་དང་། 1904 ལོའི་རྒྱལ་རྩེའི་གཡུལ་འགྱེད་ནང་བོད་ཀྱི་དམག་དམངས་ཀྱིས་དབྱིན་ཇི་བཙན་འཛུལ་པར་ཕར་རྒོལ་ཤུགས་ཆེན་བྱས་ཡོད། 1931
ལོའི “ 9·18 ” དོན་རྐྱེན་རྗེས་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་རི་འགོག་དམག་འཁྲུག་ནང་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་ཁྲག་འདོན་དམར་འཛིང་བྱས་པ་དེའི་ནང་ཧུའེ་རིགས་ཉིང་ལག་རུ་ཁག་དང་ནང་སོག་ཏ་ཆིང་ཧྲན་རི་འགོག་ངེས་མེད་རྒོལ་རྡུང་རུ་ཁག་སོགས་གྲངས་ཉུང་མི་རིགས་ཀྱིས་གཙོ་བོ་བྱེད་པའི་རི་འགོག་སྟོབས་ཤུགས་མང་པོས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་ཕྱིར་འོང་བཙན་འཛུལ་འགོག་རྒོལ་བྱས་པ་དང་དུས་མཚུངས་མི་རིགས་ཁ་ཕྲལ་ཕྱོགས་གཏོགས་ཉུང་ཤས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་རོགས་སྐྱོར་འོག་ངན་སྐུལ་དང་ངན་སློང་བྱས་པའི “ བོད་རང་བཙན ”དང་། “ ཐུའུ་ཅུའེ་སི་ཐན་ཤར་མ ”“ མེན་ཀྲོའུ་རྒྱལ་ཁབ ”རྫུས་མ་སོགས་ཁ་ཕྲལ་བྱ་སྤྱོད་ལ་དམིགས་ཏེ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་པ་རེད།
ཉེ་རབས་ཀྱི་བཙན་འཛུལ་ལ་ངོ་རྒོལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རླབས་ཆེན་འཐབ་རྩོད་ནང་ལོ་རྒྱུས་ལས་གྲུབ་པའི་མི་རིགས་ཁག་གི་ཁ་བྲལ་དུ་མི་རུང་བའི་འབྲེལ་བ་དེ་བས་སྲ་བརྟན་དུ་སོང་བ་དང་། མི་རིགས་ཁག་བདེ་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་ཅན་གྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་འགྲོ་བ། ཀྲུང་གོའི་ལོ་རྒྱུས་ཀྱི་བདག་པོ་ཡིན་པའི་མི་རིགས་ཁག་གི་མི་དམངས་ཀྱི་འགན་འཁྲིའི་བསམ་པ་སྔར་བས་འཕེལ་བ་དང་ཤུགས་ཆེར་སོང་བ། ཀྲུང་གོའི་མི་རིགས་ཁག་གི་ཐུན་མོང་གི་རིག་གནས་དང་སེམས་ཁམས་ཀྱི་ཁྱད་ཆོས་དེ་བས་བྱང་ཆུབ་པར་གྱུར་པ་བཅས་རེད། དེང་དུས་ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་གིས་ཡོངས་ཁྱབ་ངང་ངོས་འཛིན་བྱེད་པའི་སྤྱི་མིང་དང་གཏོགས་ཁོངས་ཤིག་ཏུ་གྱུར་ཡོད།
གསལ་འདེབས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤེལ་བའི 《ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི 》རྒྱབ་ཤ་དཀར་པོའི་དེབ་འདིའི་ནང་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཡང་དག་པའི་མི་རིགས་སྲིད་ཇུས་བཏོན་ནས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་བློ་སེམས་གཅིག་སྒྲིལ་དང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས་བཅས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཆབ་སྲིད་བརྟན་ལྷིང་དང་། རིག་གནས་དར་རྒྱས། སྤྱི་ཚོགས་མཐུན་སྦྱོར་བཅས་ཀྱི་རྣམ་པ་བཟང་པོ་གསར་གཏོད་དང་། གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་མཚོན་ཡོད། རྒྱབ་ཤ་དཀར་པོའི་དེབ་འདི་ཁག་དགུ་ལ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་ཡིག་འབྲུ་25000ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག་མཐུད་འགོད་བྱ་རྒྱུ་ཡིན་པས་ཀློག་པ་པོས་དོ་སྣང་ཡོད་པ་ཞུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣