དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  •  རྒྱབ་ཤ་དཀར་པོའི་དེབ་ལས་བོད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་3ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས 《བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་50》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཟླ་3ཚེས་3ཉིན་གྱི་སྔ་དྲོ་རྒྱབ་ཤ་དཀར་པོའི་དེབ་ཀྱི་སྐོར་ལ་གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་དགྲ་སྨོན་འཕྲིན་ལས་དབང་རྒྱལ་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན། དགུང་ལོ་དོན་གསུམ་ལ་ཕེབས་པའི་བོད་ཀྱི་སྤྱི་ཚོགས་གསར་ཪྙིང་བརྒྱུད་མྱོང་ཡོད་པའི་རྒྱལ་གཅེས་མི་སྣ་དེས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་50འཁོར་བའི་དུས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས 《བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་50》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་ཏེ་དོན་དངོས་འབོར་ཆེན་ཐོག་ནས་བོད་ཪྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་སྔར་བས་ཐེར་འདོན་བྱས་པ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་50སོང་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་པ་དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ཡོད་ཅེས་གསུངས།

        དགྲ་སྨོནའཕྲིན་ལས་དབང་རྒྱལ་གྱིས་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་དེས་ང་ཚོ་རྒན་རྒོན་དང་ན་གཞོན་མི་རབས་ཚོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་50སོང་རིང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདག་པོའི་སྙིང་སྟོབས་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་པའི་སེམས་ཤུགས་བཅངས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་བྱ་གཞག་ཁག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་ནས་བཟུང་བོད་མི་དམངས་ལ་རྒྱལ་ཁབ་ཀྱི་བྱ་བ་དོ་དམ་བྱེད་པའི་ནང་འདྲ་མཉམ་ངང་ཞུགས་རྒྱུ་དང་ས་ཁུལ་དེ་རང་དང་མི་རིགས་དེ་རང་གི་བྱ་བ་རང་བདག་ངང་དོ་དམ་བྱེད་པའི་ཆབ་སྲིད་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་བ། བོད་ཀྱི་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་སོང་བ་དེ་ནི་སྐྱེ་བོ་ཀུན་གྱིས་ཁས་ལེན་བྱེད་པའི་དོན་དངོས་ཤིག་ཡིན་པ། སྲོལ་རྒྱུན་གྱི་མི་རིགས་རིག་གནས་ལ་སྲུང་སྐྱོང་དང་དར་སྤེལ་བྱུང་བ་དང་། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ། མི་དམངས་ཀྱི་རིག་གནས་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་སོང་བ་བཅས་རྩོད་ཐབས་བྲལ་བའི་དོན་དངོས་ཐོག་ནས “རིག་གནས་རྨེག་མེད་དུ་གཏོང་བ ”དང་། “ཆོས་ལུགས་རྨེག་མེད་དུ་གཏོང་བ ” “འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་གཏོང་བ ”ཟེར་བ་སོགས་དོན་དངོས་འཁྱོག་བཤད་བྱས་པའི་ཏཱ་ལའི་རུ་ཚོགས་ཀྱི་དམའ་འབེབས་དང་སྐྱོན་འཛུགས་ལ་རྒོལ་ལན་མཐའ་གཅིག་ཏུ་སློག་པ་ངོས་འཛིན་གསལ་པོ་བྱུང་ཡོད།

        དགྲ་སྨོན་འཕྲིན་ལས་དབང་རྒྱལ་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་50 ཡི་ནང་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འཕྲོད་བསྟེན། འགྲིམ་འགྲུལ་སོགས་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། སྤྱི་ཚོགས་ཪྙིང་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་མི་ལུས་རང་དབང་རྩ་བ་ནས་མེད་ལ་སྡོད་ཁང་ངོ་དྲགས་པ་ཞིག་དེ་བས་ཡོད་མི་སྲིད། ད་ཆ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་པ་ཕལ་ཆེ་བ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་བསྡད་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ལོ་དགུའི་འོས་འགན་སློབ་གསོ་ལག་བསྟར་བྱས་པ་དེས་སློབ་ལོ་ལོན་པའི་བྱིས་པ་ཚང་མར་སློབ་གསོ་དང་ལེན་བྱེད་རྒྱུ་བྱུང་བ་ནི་བོད་ཪྙིང་པར་བསམ་ཡུལ་ལའང་འཁོར་མྱོང་མེད་པ་ཞིག་ཡིན་ཞེས་གསུངས་པ་རེད།

        མཇུག་ཏུ་དགྲ་སྨོན་འཕྲིན་ལས་དབང་རྒྱལ་གྱིས་དོན་དངོས་ལ་འཁྱོག་བཤད་བྱེད་ཐབས་མེད་པ་དང་ཁ་ཕྲལ་ལ་འགྲོ་ལམ་མེད། ཏཱ་ལའི་རུ་ཚོགས་ཀྱིས་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱ་རྒྱུའི་རེ་ངན་འཆང་བ་དེ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྡུག་པོ་མྱོང་བ་དང་བོད་གསར་པའི་བདེ་སྐྱིད་དངོས་སུ་མྱོང་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བཟོས་སྒོམ་བྱེད་ཐབས་བྲལ་བ་ཞིག་ཡིན་ལ་ཕམ་ཉེས་འགྲོ་ངེས་ཤིག་ཀྱང་ཡིན། 《བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་50》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཐོག་དམ་བཅའ་བཞག་པའི་དྲང་བདེན་གྱི་ལངས་ཕྱོགས་ལ་འཛམ་གླིང་ཐོག་གི་དྲང་བདེན་དང་། རང་དབང་། ལ་རྒྱ་བཅས་ལ་དགའ་ཞེན་བྱེད་མཁན་མི་རྣམས་ཀྱི་བསམ་ཤེས་དང་བརྩི་འཇོག་ཐོབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།