2011ལོའི་ཟླ་9ཚེས་18ཉིན་གྱི་མཚན་མོར་གློ་བུར་དུ་ཐོན་པའི་གནོད་འཚེས་གྲོ་མོ་རྫོང་གི་མི་སེར་ཚོར་ཤི་གསོན་གྱི་ཉམས་སད་ཅིག་ཐེག གནོད་འཚེ་ཐོན་ནས་ཟླ་བ་གཅིག་སོང་རྗེས་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་དགའ་གླིང་སྒང་གྲོང་ཚོ་དང་། རུས་སྤུངས་སྒང་གྲོང་ཚོ། སྒང་དགུ་གྲོང་ཚོ་བཅས་སུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གིས (ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་མངགས )ཆག་སྒོ་བྱུང་ཡུལ་གྱི་གྲོང་ཚོར་བསྐྱོད་ནས་སྒར་རྒྱག་གཞིས་ཆགས་ཀྱིས་ས་གནས་དེ་གའི་མི་སེར་དང་མཉམ་དུ་དཀའ་གནད་ལས་སྒྲོལ་ཐབས་བྱས།
མང་ཚོགས་ལ་ཞིག་རོ་གཙང་སེལ་དང་ཉེན་ཡོད་ཁང་པ་བཤིག་རོགས་བྱས་པ།
“9.18”ས་ཡོམ་ནང་དགའ་གླིང་སྒང་གྲོང་ཚོའི་ཁང་པ་ཚང་མ་ཞིག་པ་དང་གྲོང་ཚོ་དེ་ཡོངས་ཀྱི་རྒྱུ་ནོར་ལ་སྒོར་ཁྲི་1000ཙམ་གྱི་གྱོང་གུན་ཕོག་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་རྗེས་དེ་མ་ཉིད་དུ་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་དུད་ཚང་157ལ་འཚམས་འདྲི་བྱས་ཏེ་གྲོང་ཚོའི་ཉེན་ཡོད་ཁང་པ་7བཤིག་རོགས་བྱས་པ་དང་འབྲེལ་གྲོ་མོ་སྟོད་ཀྱི་གྲོང་མི་དུད་ཚང་412ལ་དགུན་སྒྲོལ་གྱི་དངོས་རྫས་དང་དེ་བཞིན་གཟིགས་སྐྱོང་དངུལ་སྒོར་ཁྲི་15ཐག་གཅོད་བྱས་པ་རེད། དེ་དང་འདྲ་བར་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་བའི་གྲོ་མོ་སྟོད་ཤང་རུས་སྤུངས་སྒང་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ཞིག་རོ་གཙང་སེལ་དང་ཉེན་ཡོད་ཁང་པ་བཤིག་པ་རེད།
ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱས་པ།
གནོད་འཚེ་ཕོག་པའི་མང་ཚོགས་གང་མགྱོགས་དཀའ་གནད་ལས་སྒྲོལ་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་བ་གླང་གསོ་ཚགས་ཀྱི་རྣམ་གྲངས་གཉེར་ནས་རུས་སྤུངས་སྒང་གྲོང་ཚོའི་བ་གླང་གི་ཞིབ་ལས་གསོ་ཚགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་རེད། ལས་དོན་རུ་ཁག་གིས་མ་དངུལ་བརྩོན་ལེན་གང་ཐུབ་བྱས་ཤིང་། འདི་ལོའི་དཔྱིད་གསར་དུས་ཆེན་བཏང་མ་ཐག་གསོ་ཚགས་རྣམ་གྲངས་ཀྱི་དངུལ་དུས་ཐོག་ཏུ་དོན་འཁྱོལ་བྱས་ཡོད་ཅིང་། མིག་སྔར་གྲོ་མོ་སྟོད་ཤང་བཀྲ་ཤིས་དར་རྒྱས་བ་གླང་གསོ་ཚགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐྲུན་འགོ་ཚུགས།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་མང་ཚོགས་ལ་ཡུན་རིང་ཕྱུག་འགྱུར་བྱེད་རོགས་བྱ་ཆེད་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། མང་ཚོགས་ལ་འཚམས་འདྲི་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་བསམ་འདུན་ཉན་པ་བཅས་ཀྱི་རྨང་གཞིའི་ཐོག་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཁོངས་མི་དང་ཏང་ཡོན་དང་ཕྱུག་འགྱུར་འཇོན་ཐང་ཅན་མཉམ་དུ་བཞུགས་མོལ་བྱས་པ་དང་། ཡུན་རིང་ཕྱུག་འགྱུར་གྱི་རྣམ་གྲངས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ། འདེམས་སྒྲུག་ནན་ཏན་བྱས་པ། རྫོང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བཅས་བྱས་ནས་ལས་དོན་རུ་ཁག་གི་ལོ་གསུམ་གྱི་ལས་ཀའི་འཆར་གཞི་བཏིང་བ་རེད། ལས་དོན་རུ་ཁག་གིས་གནོད་འཚེ་ཐོན་རྗེས་ཀྱི་བསྐྱར་སྐྲུན་ལས་འགན་ལྕི་པོར་མ་འཛེམས་པར་གཏན་འཁེལ་ཟིན་པའི་ཕྱུག་འགྱུར་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཐེངས་མང་བྱས་ཏེ་གྲོང་མིར་བསམ་ཕྱོགས་བསལ་བཟོ་བྱེད་རོགས་བྱས་པ་རེད། རྣམ་གྲངས་སྔ་ཙམ་དོན་འཁྱོལ་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རིགས་པས་ཁུངས་སྐྱེལ་དང་འདུན་ཞུ་བྱ་རྒྱུར་དམ་འཛིན་བྱེད་པ་དང་དུས་མཚུངས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཤིང་། མིག་སྔར་དགའ་གླིང་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་15བརྩོན་ལེན་ཐུབ་པ་དང་། རུས་སྤུངས་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་50བརྩོན་ལེན་ཐུབ་པ། སྒང་དགུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཐུང་བརྟན་མྱུར་བཅས་ཀྱི་རྣམ་གྲངས་འདུན་ཞུའི་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།
བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ།
གྲོ་མོ་རྫོང་གི་མང་ཚོགས་ངོས་ནས་བཤད་ན་2011ལོའི་དགུན་དུས་ནི་དྲན་ཤེས་ཧ་ཅང་ཟབ་པོར་གྱུར་པའི་དགུན་ཁ་ཞིག་རེད། ས་ཡོམ་གྱིས་རྐྱེན་པས་ཁང་པ་ཞིག་པར་བརྟེན་དགུན་ཁ་དེར་གྲོང་མི་མང་པོས་གནས་སྐབས་བརྒྱབ་པའི་སྟབས་བདེའི་ཁང་པའི་ནང་དགུན་ཁ་མི་སྐྱེལ་ཀ་མེད་བྱུང་། འོན་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཁོང་ཚོ་སེམས་ལ་བཅངས་ཏེ་དགུན་སྒྲོལ་དངོས་པོ་མང་དག་ཅིག་དེ་གར་བསྐྱལ་བ་རེད། གྲོ་མོ་སྟོད་ཤང་གི་གྲོང་མི་བདེ་འཇགས་ངང་དགུན་ཁ་སྐྱེལ་རྒྱུར་འགན་ལེན་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཐབས་བརྒྱ་ཇུས་སྟོང་ངང་གྲོང་མིར་སྲིན་བལ་གྱི་སྟོད་ཐུང་དང་། གོས་ཐུང་། ཉལ་ཆས་བཅས་དང་། ཀམ་པ་ལི། ཀོ་ལྷམ། ཇ་བག་ཆུང་། ཚྭ་སོགས་སྒོར་ཁྲི་20ལྷག་ཙམ་རི་བའི་དགུན་སྒྲོལ་དངོས་རྫས་གྲབས་གསོག་བྱས་པ་རེད། ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་འགོ་ཁྲིད་གཙོ་བོ་ད་དུང་གྲོང་ཚོ་ཁག་ཏུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་གེགས་ཁུལ་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཐིང་ཀྲང་ལི་ཀྲེན་གྱིས་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་དུ་ཤང་དེ་ཡོངས་ཀྱི “རྒན་གྲས་གསུམ ”གྱི་མི་སྣར་ཆེད་མངགས་གཟིགས་པ་དང་འབྲེལ་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད། བོད་ཀྱི་ལོ་གསར་སྔ་ནུབ་ཏུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འགན་ལེན་ལྔའི་དུད་ཚང་དུ་འཚམས་འདྲི་བྱས་པ་རེད།
“9.18”ས་ཡོམ་ཁྲོད་གཞིས་རྩེ་ནས་གྲོ་མོ་བར་གྱི་གཞུང་ལམ་ནས་རུས་སྤུངས་སྒང་གྲོང་ཚོ་དང་སྒང་དགུ་གྲོང་ཚོར་ཤར་གཏོང་ཐུབ་པའི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་སྟེ་ལམ་དུམ་བུ་ཁག་16བརྡིབས་ནས་གྲོང་མི་འགྲོ་འོང་བྱེད་པར་སྟབས་བདེ་མེད་པ་རེད། 2011ལོའི་ཟླ་11ཚེས་7ཉིན་ནས་ཚེས་10ཉིན་བར་རུས་སྤུངས་སྒང་དང་སྒང་དགུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི “ཨུ་ལྷན་གཉིས ”དང་མཉམ་དུ་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་བསྐོངས་ནས་འགྲོ་ལམ་ཉམས་གསོ་བྱས་པ་དང་། གྲོང་མི་དང་མཉམ་དུ་ངལ་རྩོལ་བྱས་པ། མཉམ་དུ་ལམ་ཁོད་སྙོམས་པ། ལམ་གཞི་བརྟན་དུ་བཏང་བ། གྱང་བརྟན་དུ་བཏང་བ། ཆུ་ཡུར་བཤངས་པ་བཅས་བྱས་པ་རེད། ཚང་མས་ཛ་དྲག་ལ་གོ་རིམ་ལྡན་པའི་ལས་ཀ་བྱས་པ་བརྒྱུད་གྲོང་ཚོའི་ལམ་གྱི་གནས་ཚུལ་ལེགས་སུ་སོང་ནས་གྲོང་མིའི་འགྲོ་སྐྱོད་བདེ་འཇགས་གཞི་རྩའི་ཆ་ནས་འགན་ལེན་བྱུང་བ་རེད།
དགའ་གླིང་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་བདེ་འཇགས་ལས་དོན་ལ་གྲལ་བཤེར་བྱེད་སྐབས་གྲོ་མོ་རྫོང་གི་རིམ་པ་གཉིས་པའི་གློག་ཁང་འཛུགས་རྒྱུར་སྤྱོད་པའི་རྨོ་ཞིང་གི་ཁ་གསབ་དངུལ་གྱི་གནད་དོན་ཐད་ཚུར་སྣང་ལན་ཆ་ཆེན་པོ་ཡོད་པ་ཤེས་མ་ཐག་ལས་དོན་རུ་ཁག་གིས་འཕྲལ་མར་ཐིང་ལ་སྙན་སེང་ཞུས་པ་དང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་མཐུན་སྦྱོར་ཧུར་ཐག་འོག་ལྗོངས་ཆུ་བེད་ཐིང་གིས་ས་ཆ་བཟུང་བའི་ཁ་གསབ་དངུལ་སྒོར་ཁྲི་100ལྷག་ཙམ་ཚང་མ་སྤྲད་པས་ཁ་གསབ་ཐོབ་པའི་མང་ཚོགས་ཚོས་ལས་དོན་རུ་ཁག་གི་སེམས་ནང་མི་སེར་བཅངས་པ་མ་ཟད་ད་དུང་མི་སེར་གྱི་ཆེད་བྱ་བ་བཟང་པོ་བསྒྲུབས་ཀྱི་འདུག་ཅེས་བསྔགས་བརྗོད་བྱས་ཡོད་པ་རེད།