ཟླ་4ཚེས་24ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ལྷུན་གྲུབ་རྫོང་སྲིད་གྲོས་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། དེ་དང་དུས་མཚུངས་བོད་ཀྱིས་སྲིད་གྲོས་སྒྲིག་གཞི་བཙུགས་མེད་པའི་རྫོང་42ཏུ་སྲིད་གྲོས་སྒྲིག་གཞི་བཙུགས་ཏེ་བོད་ཡོངས་སུ་རྫོང་རིམ་པའི་སྲིད་གྲོས་སྒྲིག་གཞི་ཁྱབ་པ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྒྲིག་གཞིའི་སྟོང་ཆ་གཅིག་ཀྱང་མ་ལུས་པ་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྲིད་གྲོས་ལྷུན་གྲུབ་རྫོང་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཨུ་ཡོན་57ཁྲོད་ཏང་ནང་གི་མི་སྣ་22དང་། ཏང་ཕྱིའི་མི་སྣ་35ཡོད་ཅིང་། ཏང་སྲིད་ལས་རིགས་དང་། མང་ཚོགས་ཚོགས་པའི་ལས་རིགས། སློབ་གསོ་དང་། ལུས་རྩལ། རིག་གནས། འཕྲོད་བསྟེན་བཅས་ཀྱི་ལས་རིགས། བཟོ་ཚོང་ལས་རིགས། ཞིང་འབྲོག་ཚན་རྩལ་ལས་རིགས། མི་རིགས་ཆོས་ལུགས་ལས་རིགས་བཅས་རིགས་དྲུག་ཡོད་པའི་ནང་བོད་རིགས་38དང་། རྒྱ་རིགས་14 གྲངས་ཉུང་མི་རིགས་གཞན་5བཅས་ཡོད་པ་རེད།
བོད་ཀྱི་དམིགས་བསལ་གནས་ཚུལ་དང་། ས་ཁམས་དང་རང་བྱུང་ཁོར་ཡུག་གི་དམིགས་བསལ་ཆ་རྐྱེན། རྫོང་མི་ཉུང་བ་ཞིག་ལ་ནོར་སྲིད་དང་སྒྲིག་གཞི་སོགས་ཀྱི་ཚད་བཀག་ཕོག་པ་སོགས་ཀྱི་རྐྱེན་པས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་གོང་དུ་བོད་ཀྱི་རྫོང་ཁག་ཏུ་རྫོང་སྲིད་གྲོས་སྒྲིག་གཞི་མེད་པ་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཚང་མ་འཐབ་ཕྱོགས་གཅིག་གྱུར་པུས་ཚབ་གཉེར་བྱེད་ཀྱི་ཡོད། 1984ལོ་ནས་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་དུས་མཇུག་ཏུ་བོད་ཀྱིས་རྫོང་30རུ་སྲིད་གྲོས་སྒྲིག་གཞི་བཙུགས་པ་དང་དེ་མིན་རྫོང་43གྱི་སྲིད་གྲོས་ལས་དོན་སྔར་བཞིན་འཐབ་ཕྱོགས་གཅིག་གྱུར་པུས་ཚབ་གཉེར་བྱེད་ཀྱི་ཡོད། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་དྲུང་ཆེ་གཞོན་པ་བསོད་ནམས་འཕེལ་རྒྱས་ཀྱིས་ངོ་སྤྲོད་བྱས་པར། ལོ་ངོ་བཅུ་གྲངས་ཁ་ཤས་ཀྱི་འཕེལ་རྒྱས་བརྒྱུད་གོང་གསལ་གནས་ཚུལ་དག་ལ་མིག་སྔར་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད། ད་ཆ་ཤེས་ལྡན་མི་སྣ་དང་ནོར་ཤུགས་ཀྱི་ཐད་ནས་དང་ཤེས་རྟོགས་ཐུབ་ཚད་དང་དགོས་མཁོ་དངོས་སོགས་ཀྱི་ཐད་གང་ནས་གླེང་རུང་རྫོང་ཁག་ཏུ་སྲིད་གྲོས་སྒྲིག་གཞི་འཛུགས་རྒྱུའི་རྩ་བའི་ཆ་རྐྱེན་འཛོམས་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་རྗེས་སྲིད་གྲོས་སྒྲིག་གཞི་བཙུགས་མེད་པའི་རྫོང་43དུ་སྲིད་གྲོས་སྒྲིག་གཞི་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།