དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • དཔྱིད་རྨོད་རྨོད་གྲབས་ནང་ཧུར་ཐག་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དཔྱིད་ཀ་ཤར་བ་དང་སྐྱེ་དངོས་སྣ་ཚོགས་སྐྱེ་འགོ་ཚུགས་ནས་སླར་ཡང་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚིགས་སུ་སླེབས་པས་ཉིན་ཤས་བསྟུད་མར་ལྷ་སའི་གྲོང་ཚོ་ཁག་ཏུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་གཞི་རིམ་གྱི་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ས་གནས་དེ་གའི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་དང་ཐབས་ཇུས་བཏོན་ཏེ་འདི་ལོའི་ཞིང་ལས་ལ་ལོ་ལེགས་ཡོང་ཆེད་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་པ་བྱས་པ་རེད།

        འདི་ལོའི་ཞིང་ལས་ཐོན་སྐྱེད་འགོ་འཛུགས་པའི་དམག་འཐབ་དང་པོ་དེ་ཡག་པོ་རྒྱག་ཆེད་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་ཀྱི་རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པའི་ཞིབ་ཕྲའི་བླང་བྱ་དང་བཀོད་སྒྲིག་ལ་གཞིགས་ནས “ཨུ་ལྷན་གཉིས ”ཚན་ཁག་གིས་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འཆར་འགོད་སྔ་ཙམ་བྱེད་པ་དང་། བཀོད་སྒྲིག་སྔ་ཙམ་བྱེད་པ། དོན་འཁྱོལ་སྔ་ཙམ་བྱེད་པ་བཅས་བྱེད་ཐུབ་པ་བྱས་པས་དཔྱིད་རྨོད་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱུང་ཡོད་པ་རེད། མིག་སྔའི་བར་ཆུ་ཤུར་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཞིང་ནང་ཆུ་ཡུར་གཙང་བཟོའི་ལས་དོན་ལེགས་སྒྲུབ་ཁྱོན་ཡོངས་ནས་བྱས་པ་མ་ཟད་ཞིང་འབྲོག་མང་ཚོགས་ལ་དཔྱིད་རྨོད་དཔྱིད་འདེབས་ལ་མཁོ་བའི་རྫས་ལུད་དང་། ཞིང་སྨན། ས་བོན། ཞིང་ལས་འཕྲུལ་ཆས་སོགས་དངོས་ཟོག་ཉོ་རོགས་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་བདེ་བླག་ངང་བྱེད་རྒྱུར་འགན་ལེན་བྱས་པ་རེད།

        སྟོད་ལུང་བདེ་ཆེན་རྫོང་དམར་ཤང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཞིང་ལས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་དཔྱིད་རྨོད་དངོས་ཟོག་ཉོས་ཏེ་མང་ཚོགས་ལ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་སྤེལ་རོགས་ཧུར་ཐག་བྱས་པ་རེད།

        སྟག་རྩེ་རྫོང་འབྲོམ་ཐོད་ཤང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་དཔྱིད་རྨོད་དཔྱིད་འདེབས་སོགས་ཀྱི་གྲྭ་སྒྲིག་ལས་དོན་ཁག་ནང་ཧུར་ཐག་ཞུགས་ནས་གྲོང་མི་ཚོགས་ཆུང་ཁག་ལ་འགོ་ཚུགས་མ་དངུལ་སྒོར་ཁྲི་1རེ་སྤྲད་དེ་གྲོང་མི་ཚོགས་ཆུང་ཁག་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་འགོའི་གྲྭ་སྒྲིག་ལས་དོན་ཁག་སྤེལ་རྒྱུར་སྤྱད་པ་རེད། དེ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འབྲོམ་ཐོད་ཤང་གི་མང་ཚོགས་སྒྲིག་འཛུགས་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོགས་པ་རེད། གྲོང་མི་ཁག་གཅིག་གི་ཁྱིམ་དུ་ངལ་ནུས་མི་འདང་བ་དང་ལག་རྩལ་མ་ཤེས་པའི་དོན་དངོས་དཀའ་ངལ་ལ་དམིགས་ནས་འབྲོམ་ཐོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུས་ཐོག་ཏུ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དཔྱིད་རྨོད་རོགས་སྐྱོར་ཚོགས་ཆུང་4བཙུགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་10ལྷག་ཙམ་གྱི་ཁྱིམ་དུ་བསྐྱོད་དེ་དཔྱིད་རྨོད་ཐོན་སྐྱེད་ཐད་འཕྲད་པའི་ཁོང་ཚོའི་དཀའ་ངལ་དངོས་ཤེས་རྟོགས་བྱས་ནས་གྲོང་མི་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ལ་དུས་ཐོག་ཏུ་རོགས་རམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།