གྲོང་ཚོར་བཅའ་སྡོད་ཀྱི་ཉིན་ཐོ།
ཉེ་ཆར་གསར་འགོད་པས་ཉིང་ཁྲི་རྫོང་སྨན་རི་ཤང་མི་ཉག་སྨད་གྲོང་ཚོར་བཅར་འདྲི་བྱེད་སྐབས་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་ས་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་བློ་མཐུན་ཚོས་ལས་དོན་སྒྲུབ་ཚུལ་ངོ་སྤྲོད་བྱས་བྱུང་། ཁོང་ཚོས “ད་ཆ་ནམ་དུས་དགུན་ཁ་ཡིན་རུང་མང་ཚོགས་རྣམས་ཀྱིས་ཐོན་འཕར་འབབ་འཕར་ཡོང་ཆེད་ལས་ལ་བྲེལ་བཞིན་འདུག ”ཅེས་བཤད་བྱུང་། ཅི་འཕྲོས་མོལ་འཕྲོས་བྱེད་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཧུའུ་ཐེན་རུའེ་ཡིས་གསར་འགོད་པར་རང་གིས་བྲིས་པའི་ཉིན་ཐོ་བསྟན་བྱུང་།
ཞིང་འབྲོག་པ་ལས་བྲེལ་ཆེ་བར་བརྟེན་ཡུལ་མིའི་ཚོགས་ཆེན་ཞིག་འཚོག་རྒྱུ་དངོས་འབྲེལ་ཁག་པོ་འདུག
2011 ལོའི་ཟླ་ 11 ཚེས་ 15 ཉིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ཁྱིམ་དུད་ཚང་མར་དྲིལ་བསྒྲགས་བྱས་ནས་ཀུན་གྱིས་ཤེས་པ་བྱ་ཆེད་ངས་ཡུལ་མིའི་ཚོགས་ཆེན་ཞིག་འཚོགས་ནས་ཚོགས་འདུའི་དགོངས་དོན་གཅིག་སྡུད་ཐོག་བརྒྱུད་བསྒྲགས་བྱེད་སྙམ་མོད། འོན་ཀྱང་གྲོང་ཚོའི་ནང་གི་ཁྱིམ་དུད་ 30 ཡིས་ཞིང་ལས་བྱེད་པ་དང་ལ་ལ་ཕྱིར་གླ་པར་བསྐྱོད་ཟིན་ནས་ཉིན་ལྟར་ལས་ལ་བྲེལ་བཞིན་འདུག་ཁར་ཡུལ་མི་རྣམས་ཁ་ཐོར་དུ་གནས་ཡོད་པས་ཡུལ་མིའི་ཚོགས་ཆེན་ཞིག་འཚོག་རྒྱུ་དངོས་འབྲེལ་ཁག་པོ་འདུག དེས་ན་ང་ཚོའི་ལས་དོན་རུ་ཁག་གི་རུ་མི་འགས་དགོང་མོར་ཁྱིམ་དུད་ཚང་མར་བསྐྱོད་དེ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་སྙན་སྒྲོན་ཐོག་ཞིང་དར་ཞིང་ཕན་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ལ་མུ་མཐུད་འབབ་འཕར་ཡོང་བ་བྱེད་པ་དང་ཞིང་འབྲོག་ཁུལ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ལྷག་དོན་དུ་སློབ་ཐོན་སློབ་ཆེན་སློབ་མ་ལས་ཞུགས་ཐུབ་པ་བྱེད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་པ། ཡུལ་མིའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་བཅས་བྱས་ནས་ཁོང་ཚོས་སྙིང་དབུས་ནས་གུང་ཁྲན་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རུ་འཇུག་དགོས་ཞེས་གསལ་སྟོན་གནང་བ་དེ་ཡུལ་མི་རྣམས་ཀྱིས་ཤེས་རྟོགས་བྱུང་།
གྲོང་ཚོའི་ནང་གཞུང་ལམ་སྔ་ཙམ་ཤར་བགྲོད་ཐུབ་རེ་བྱེད་ཀྱི་འདུག
2011ལོའི་ཟླ་ 11 ཚེས་ 18 ཉིན་རིང་ཚད་སྤྱི་ལེ་ལྔ་ཙམ་ཡོད་པའི་མི་ཉག་སྨད་གྲོང་ཚོ་ནས་ཤང་དུ་བསྐྱོད་པའི་ལམ་དེའི་ཐོག་ང་ཚོ་ཡར་རྒྱུག་མར་རྒྱུག་ཐེངས་མང་བྱས་ཤིང་། ཡུལ་མི་ཚོས་དབྱར་དུས་གཞུང་ལམ་དེ་འབར་འབུར་ཡིན་ཁར་འདམ་རྫབ་ཁྲོད་འགྲོ་སྐྱོད་བྱེད་དཀའ་བ་དང་གནམ་དྭངས་དུས་ཐལ་འཚུབ་ཀྱིས་ཁེངས་ནས་ཕྱིར་དོན་ན་ཁག་པོ་འདུག་ཅེས་ཤོད་ཀྱི་འདུག གནས་ཚུལ་དེས་ཡུལ་མི་འགྲོ་སྐྱོད་བྱེད་དཀའ་ལ་གྲོང་ཚོ་འཕེལ་རྒྱས་གཏོང་རྒྱུར་ཡང་ཚོད་འཛིན་ཚབས་ཆེན་བཟོ་ཡི་ཡོད་ཅིང་། མི་ཚོས་ཕྱུག་པོ་བྱེད་བསམས་ན་སྔོན་ལ་གཞུང་ལམ་བཟོ་དགོས་ཞེས་བརྗོད་རུང་གཞུང་ལམ་བཟོ་བར་དངུལ་ཕོན་ཆེན་གཏོང་དགོས་ཀྱི་ཡོད། མ་དངུལ་ཁ་ཐང་བའི་གནས་ཚུལ་ཐག་གཅོད་བྱ་ཆེད་ང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ནས་འབྲེལ་ཡོད་སྡེ་ཚན་ནས་མ་དངུལ་ཐོབ་ཐབས་བྱས་པས་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ནས་ད་ཆ་འབར་འབུར་གྱི་ལམ་བུ་དེ་སྔ་ཙམ་བཟོ་ཐུབ་རེ་ཡོད། གཏམ་བཟང་དེ་ཡུལ་མིས་ཐོས་རྗེས་དགའ་ཐག་ཆོད་ནས་ཐལ་མོའི་རྡེབ་སྒྲ་གྲགས།
ཡུལ་མི་རྣམས་ལ་དྭངས་གཙང་གི་རང་འབབ་ཀ་ལའི་ཆུ་འཐུང་རྒྱུ་ཡོད་པ།
2011 ལོའི་ཟླ་ 10 ཚེས་ 21 ཉིན་ཉིང་ཁྲི་རྫོང་སྨན་རི་ཤང་མི་ཉག་སྨད་གྲོང་ཚོར་དྭངས་གཙང་རང་འབབ་ཆུ་ཀ་ལ་སྐྲུན་འགོ་ཚུགས་པའི་དབང་གིས་ཉིན་དེ་ནི་གྲོང་ཚོའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཞིང། མི་ཉག་སྨད་གྲོང་ཚོར་ཁྱིམ་དུད་ 30 ལ་མི་གྲངས་ 173 ཡོད་པ་དང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སྐྲུན་རིང་གྲོང་ཚོ་དེའི་ཁྱིམ་དུད་ 12 ལ་དྭངས་གཙང་ཆུ་འཐུང་རྒྱུ་བྱུང་རུང་ད་དུང་ཁྱིམ་དུད་ 18 ཀྱི་མི་གྲངས་ 92 ཁ་ཐོར་དུ་གནས་པའི་དབང་གིས་གཙང་ཆུ་གཅིག་མི་ཕྱུགས་མཉམ་སྤྱོད་བྱེད་དགོས་པས་ཡུལ་མིའི་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད། ང་ཚོ་གྲོང་ཚོར་བཅའ་སྡོད་བྱས་རྗེས་གནས་ཚུལ་དེ་ཤེས་མ་ཐག་ཁྱིམ་དུད་ 18 ཀྱི་འཐུང་ཆུ་གཙང་མ་ཡོང་བ་བྱ་རྒྱུ་དེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རིང་གི་ཐག་གཅོད་བྱ་རྒྱུའི་ལས་དོན་གཙོ་གནད་དུ་བརྩིས་ནས་དུས་ཐོག་ཏུ་དོན་འཁྱོལ་ཡོང་བ་བྱས་ཡོད། ཉིང་ཁྲི་ས་ཨུད་དྲིལ་བསྒྲགས་པུའུ་དང་། ཉིང་ཁྲི་རྫོང་ཨུད། རྫོང་སྲིད་གཞུང། རྫོང་ཆུ་བེད་ཅུས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་མཐར་གྲོང་ཚོར་དྭངས་གཙང་ཆུ་ཀ་ལ་བསྐྲུན་ཞིང་། མིག་སྔར་ལས་གྲྭ་དེ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས་ཡུལ་མི་ཚོར་མི་རིང་བར་དྭངས་གཙང་ཆུ་འཐུང་རྒྱུ་ཡོང་ངེས་ཡིན། ལས་གྲྭ་དེ་བསྐྲུན་པའི་དབང་གིས་ཡུལ་མི་ཚོས་སྙིང་དབུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་བ་དང་དེའི་ཁྲོད་ནས་མང་ཚོགས་ཀྱི་འདུན་པ་ནི་ང་ཚོའི་ལས་ཀའི་དོན་གཉེར་བྱ་ཡུལ་ཡིན་པའང་མྱོང་ཚོར་ཟབ་མོ་བྱུང་།