དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ནག་ཆུ་ས་ཁུལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་འགལ་བ་བསལ་ནས་ཞི་མཐུན་ལ་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ནག་ཆུ་ས་ཁུལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རིང་། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་རྒྱུ་དེ་རྒྱུན་གཏན་ལས་ཀའི་བྱ་རིམ་གཙོ་བོར་བརྩིས་ནས་འཚམས་འདྲི་དང་བརྟག་དཔྱད་བྱས་པ་བརྒྱུད་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་སྟབས་སྤྱི་ཚོགས་རྒྱུན་ཆད་མེད་པར་བརྟན་ལྷིང་བྱུང་ནས་དུས་བདེ་དང་ཞི་མཐུན་གྱི་འཕེལ་རྒྱས་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཐུབ་པ་བྱུང་ཡོད།

        འབྲི་རུ་རྫོང་ཚྭ་ཆུ་ཤང་རྡོ་ཧྲོག་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་གྲོང་ཚོའི “ཨུ་ལྷན ”གཉིས་ཀྱི་ཚན་ཁག་ཁོངས་མི་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན། ལས་དོན་རུ་ཁག་གི་ཁོངས་མི་བཅས་གཙོ་བོར་བྱས་ཏེ་རྡོ་ཧྲོག་གྲོང་ཚོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཉིན་མཚན་དབྱེར་མེད་སྐོར་གཡེང་དང་སྡོད་བྱ་བྱེད་རེས་བཟོས་པ་དང་འཐུས་ཚང་དུ་བཏང་ནས་མི་སྣ་གཙོ་བོ་དང་གནད་ཆེ་སར་བབས་བསྟུན་དོ་དམ་ཚོད་འཛིན་གྱིས་སེམས་ལ་རྩིས་ཡོད་པ་དང་གནས་ཚུལ་གསལ་པོ་ཤེས་པ་བྱས་ཡོད། རྩྭ་ཁ་དང་དབྱར་རྩྭ་དགུན་འབུ་སོགས་ལས་བྱུང་བའི་འགལ་བ་དང་རྩོད་གཞི་གྲལ་བཤེར་ནན་ཏན་བྱས་ནས་འདུམ་འགྲིག་བྱས་སྟབས་བརྟན་ལྷིང་མེད་པའི་རྐྱེན་ངན་སྣ་ཚོགས་བསལ་བ་དང་སྦྲགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་རང་འགུལ་ངང་སྒྲིག་འཁུར་ཁྲིམས་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། དཔེར་ན་འབྲི་རུ་རྫོང་ཚྭ་ཆུ་ཤང་རི་ཕུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཚམས་འདྲི་བྱེད་རིང་དུད་ཚང་གཉིས་ཕན་ཚུན་དབར་འགལ་བ་ཡོད་པ་ཤེས་རྗེས་དོན་དེར་མཐོང་ཆེན་པོ་བྱས་ནས་འཕྲལ་དུ་ཚོགས་ཆུང་གཉིས་ལ་བགོས་ཏེ་ཕྱོགས་གཉིས་ཀར་བསམ་བློའི་ཐོག་ནས་གསེད་བཀྲོལ་བྱེད་པ་དང་། གོ་བསྐོན་སློབ་གསོ་རྒྱག་པ། གྲོགས་པོའི་གནས་བབ་ཐོག་ནས་ཁོང་ཚོ་དང་སྙིང་གཏམ་ཤོད་རེས་བྱེད་པ། ཕྱོགས་གཉིས་ཀྱི་སེམས་པ་རྣལ་ལ་ཕབ་ནས་ཞི་འཇམ་ངང་བསམ་འཆར་ཤོད་དུ་འཇུག་པ་བཅས་ཀྱིས་ཕན་ཚུན་དབར་གྱི་འཁོན་དགྲས་ཞི་ལ་འགལ་བའང་མེད་པ་ཆགས་པ་རེད། བན་དཀར་ཤང་བཀྲ་ཤིས་ལུང་གྲོང་ཚོར་བཅའ་སྡོད་ས་ཁུལ་ཞིང་འབྲོག་ཁོངས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་བྱས་ཚུན་མང་ཚོགས་ཀྱི་འགལ་བ་སྣ་ཚོགས་སེལ་རོགས་བྱས་སྟབས་ས་གནས་དེ་གའི་མང་ཚོགས་དབར་བརྩེ་བ་ཟབ་མོ་ཆགས་ཡོད། འགལ་བ་བྱུང་ཚེ་མང་ཚོགས་ཀྱིས་ལས་དོན་རུ་ཁག་ལ་འདུམ་འགྲིག་ཡོང་བའི་རེ་བ་ཞུ་གི་ཡོད་པས་ལས་དོན་རུ་ཁག་དེ་ཉིད་ཁོང་ཚོའི “བསམ་བློ་ཤེས་མཁན ”དང “སྙིང་ཉེ་བར ”གྱུར་ཡོད།

        གྲོ་བ་ཤང་གྲོང་ཚོ་5པར་བཅའ་སྡོད་ཉི་མ་རྫོང་གི་ལས་དོན་རུ་ཁག་གིས་གྲོང་ཚོའི “ཨུ་ལྷན་གཉིས ”ནང་གྲོང་ཚོའི་ལས་བྱེད་པ་དང་། ཡུལ་དམག ཏང་ཞུགས་ཧུར་བརྩོན་ཅན་བཅས་འདེམས་རྒྱུར་མཛུབ་ཁྲིད་བྱས་པ་དང་རང་བྱུང་གྲོང་ཚོ་ཚང་མར་གྲོང་སྲུང་རུ་ཁག་བཙུགས་པ་མ་ཟད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་སྲུང་རུ་མི་སྒྲིག་འཛུགས་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་བདེ་འཇགས་ལས་སྒོའི་གསོ་སྦྱོང་ཐེངས་6བྱས་ནས་ཁོངས་གཏོགས་ཁུལ་དུ་འགལ་རྩོད་སྣ་ཚོགས་སེལ་བའི་གྲོང་སྲུང་རུ་མིའི་ནུས་པ་ཆེ་རུ་བཏང་ཡོད། ཨ་སོག་ཤང་གྲོང་ཚོ་གཉིས་པར་བཅའ་སྡོད་ཉི་མ་རྫོང་གི་ལས་དོན་རུ་ཁག་གིས་དུད་ཁྱིམ་དུ་བརྟག་དཔྱད་བྱེད་རིང “ནན་པོ་དང་། ཟབ་པ། ཚགས་ཚུད། དངོས་སྒྲུབ་བཅས ”བྱ་རྒྱུ་བཞི་དམིགས་ཚད་དུ་བྱས་ནས་བརྟག་དཔྱད་ནང་དུད་ཁྱིམ་གཅིག་ཀྱང་མ་ལུས་པ་དང་འཕྲལ་སེལ་སླ་བཅོས་མི་བྱེད་པར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་གི་འགལ་རྩོད་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།

        གྲོ་བ་ཤང་གི་གྲོང་ཚོ་དྲུག་པར་བཅའ་སྡོད་ཉི་མ་རྫོང་གི་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་དང་མཐུན་སྦྱོར་བྱས་ཏེ་བདེ་འཇགས་སྐོར་གཡེང་རུ་ཁག་བཙུགས་ནས་གྲོང་ཚོ་དེ་ཡོངས་ཀྱི་བདེ་འཇགས་ལས་ཀའི་འགན་འཁུར་ཞིང་། སྐྱུང་ཚང་ཤང་གི་གྲོང་ཚོ་བཞི་པར་བཅའ་སྡོད་ཉི་མ་རྫོང་གི་ལས་དོན་རུ་ཁག་གིས་ལས་ཀ་ཞིབ་ཚགས་བྱས་པ་བརྒྱུད་དུད་ཁྱིམ་གྱི་རྒྱུ་དངོས་རྩོད་གཞི་གཉིས་འདུམ་འགྲིག་ཐུབ་པ་བྱུང་ཡོད། སྔོ་ཆུ་ཤང་གྲོང་ཚོ་དང་པོར་བཅའ་སྡོད་ཉི་མ་རྫོང་གི་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་ལ་གཞོགས་འདེགས་བྱས་པ་བརྒྱུད་རྩྭ་ཁའི་རྩོད་གཞི་ཁག་གསུམ་འདུམ་འགྲིག་ཡག་པོ་བྱུང་ཡོད། ཞ་སྒོ་ཤང་གི་གྲོང་ཚོར་གཉིས་པར་བཅའ་སྡོད་ཤན་རྩ་རྫོང་གི་ལས་དོན་རུ་ཁག་གིས་དུད་ཁྱིམ་ལ་འཚམས་འདྲི་བྱེད་སྐབས་གྲོང་ཚོ་དེར་ལུག་རྫི་བ་ཕྲུ་གུ་གསུམ་གྱིས་ཚོང་ཁང་ནས་ལུག་དང་ཐ་མག་ཨ་རག་བརྗེ་པོ་བརྒྱབ་པའི་གནས་ཚུལ་ཤེས་ཏེ་འཕྲལ་མར་ལུག་འཚོ་སར་བསྐྱོད་ནས་དོ་བདག་གཉིས་ལ་སློབ་གསོ་བརྒྱབ་རྗེས་ཕྲུ་གུས་རང་ཉིད་ཀྱི་ནོར་འཁྲུལ་ཁས་བླངས་པ་དང་ཚོང་ཁང་སྦྱིན་བདག་གིས་ཀྱང་སླད་ཕྱིན་ནར་མ་སོན་པའི་ཕྲུ་གུར་ཐ་མག་མི་འཚོང་རྒྱུའི་ཁས་ལེན་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།