དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བརྡ་རྟགས་ཀྱི་སྐུད་མེད་རྟེན་གཞིའི་ས་ཚིགས་བསྐྲུན་ནས་མང་ཚོགས་ཀྱི་འཕྲིན་གཏོང་དཀའ་གནད་ཐག་གཅོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་དུས་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་གསལ། ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སོག་རྫོང་དཀར་མོ་ཤང་གི་གྲོང་ཚོ་གསུམ་པ་དང་གྲོང་ཚོ་ལྔ་པར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་དང་མཐུན་སྦྱོར་ཧུར་ཐག་ཡོང་བ་བྱས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་འཕྲིན་གཏོང་བརྡ་རྟགས་ཀྱི་སྐུད་མེད་རྟེན་གཞིའི་ས་ཚིགས་བསྐྲུན་ནས་མང་ཚོགས་ཀྱི་འཕྲིན་གཏོང་དཀའ་གནད་སེལ་རོགས་བྱ་རྒྱུ་རེད།

        དཀར་མོ་ཤང་གི་གྲོང་ཚོ་གསུམ་པར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཡུས་ལིན་གྱིས་ས་གནས་མང་ཚོགས་ཀྱི་འཕྲིན་གཏོང་དཀའ་གནད་ཐག་གཅོད་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དཀར་མོ་ཤང་སྲིད་གཞུང་དང་མཉམ་འབྲེལ་ཐོག་བོད་ལྗོངས་གློག་འཕྲིན་སོག་རྫོང་གློག་འཕྲིན་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་ཡོང་བ་བྱས་ཏེ་མཐར་ཤང་སྲིད་གཞུང་གནས་ཡུལ་ནས་སྤྱི་ལེ་15ཙམ་གྱི་འོད་ཁྲིད་ཚི་སྐུད་དེ་དཀར་མོ་ཤང་གྲོང་ཚོ་གཉིས་པ་བར་སྣུར་སྲིང་བྱ་རྒྱུ་མ་ཟད་གྲོང་ཚོ་དེར་གནས་ཡུལ་འཚམས་པོ་ཞིག་བདམས་ནས་སྒུལ་བདེའི་བརྡ་རྟགས་ཀྱི་སྐུད་མེད་འཕྲིན་གཏོང་ས་ཚིགས་ཤིག་བསྐྲུན་རྒྱུའི་ཐག་བཅད་པ་རེད། སྐུད་མེད་རྟེན་གཞིའི་ས་ཚིགས་བསྐྲུན་རྗེས་གློག་འཕྲིན་དང་སྒུལ་བདེའི་ཁ་པར་གྱི་བརྡ་རྟགས་དེ་དཀར་མོ་ཤང་གི་གྲོང་ཚོ་དྲུག་གི་ས་ཁོངས་ཚང་མར་ཡོངས་སུ་ཁྱབ་ནས་མི་གྲངས་2000ཙམ་ལ་ཕན་པ་ཐོབ་རྒྱུ་མ་ཟད་གྲོང་མིའི “འཕྲིན་གཏོང་དཀའ་གནད ”སྒོ་ཀུན་ནས་ཐག་གཅོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

        དཀར་མོ་ཤང་གྲོང་ཚོ་ལྔ་པའི་གྲོང་ལྷན་གྱི་ཀྲུའུ་རེན་དཀར་དཀར་གྱིས “ང་ཚོའི་གྲོང་ཚོའི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་སྦག་སྦག་ཡིན་པ་དང་ཤང་གིས་ང་ཚོ་གྲོང་ལྷན་གྱི་ཀྲུའུ་རེན་དང་ཧྲུའུ་ཅི་ཤང་དུ་ཚོགས་འདུར་ཡོང་རྒྱུའི་བརྡ་ཐོ་གཏོང་སྐབས་རྟག་ཏུ་སྦག་སྦག་བཞོན་ནས་ང་ཚོར་ལན་སྐྱེལ་བར་ཡོང་བ་དང་འགྲོ་འོང་ལ་ཆུ་ཚོད་གསུམ་བཞི་འགོར་གྱི་ཡོད་པས་འཕྲིན་གཏོང་དཀའ་གནད་ཀྱིས་ང་ཚོའི་རྒྱུན་གཏན་ལས་དོན་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག ལས་དོན་རུ་ཁག་འབྱོར་རྗེས་ང་ཚོར་འཕྲིན་གཏོང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པས་དངོས་འབྲེལ་ཡག་པོ་བྱུང་སོང ”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།