དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་23ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི 《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས 》ལ་གྲོས་ཞིབ་བྱས་པ་དང་སྦྲགས་རྩ་དོན་ཐོག་གྲོས་འཆམ་བྱུང་ནས་2012ལོ་ནས་འགོ་བཙུགས་ཏེ་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་ཤིང་། རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང་(གྲོང་ཁྱེར་དང་ཆུས ) བཅས་སུ་ལོ་འཁོར་རེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་ཐེངས་རེ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བདམས་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཟེངས་རྟགས་དང་། གཟི་བརྗིད་ལག་ཁྱེར། བྱ་དགའི་དངུལ་བཅས་སྤྲོད་རྒྱུ་ཡིན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། པད་མ་འཕྲིན་ལས། ཝུའུ་དབྱིང་ཅེ། ཚུའེ་ཡུས་དབྱིང་། བློ་བཟང་རྒྱལ་མཚན། ཅིན་ཧྲུའུ་པོ། དབྱིན་ཏེ་མིང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཁྲེན་ཆོན་གོས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས “བདུན་གཅིག ”གསུང་བཤད་ཀྱི་གལ་ཆེའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་བྱ་སྤྱོད་ངོ་མ་ཞིག་ཡིན་པ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ། བོད་ཀྱི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་ལེགས་པོ་ཞིག་ཡིན་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་བཅས་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་བའི་གལ་ཆེའི་སྙིང་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ནས་དཔེ་བཟང་གཏོད་པའི་ནང་ཧུར་ཐག་ཞུགས་པ་དང་དཔེ་བཟང་བརྩོན་ལེན་བྱས་ཏེ་བོད་འདི་ཉིད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཏུ་ཧུར་ཐག་བསྐྲུན་དགོས།

        ཁྲེན་ཆོན་གོས་བླང་བྱ་བསྟན་དོན། སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོར་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་དགོས། མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་བ་བརྒྱུད་མི་རིགས་ཁག་གི་མི་དམངས་ཚོས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོར་བཙུགས་ཐོག་མི་རིགས་ཁག་གི་མི་དམངས་སྣེ་འཁྲིད་དེ་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་དང་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ཀྱི་མི་རིགས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་མི་ཀུན་གྱིས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་བརྒྱུད་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞི་མཐུན་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བརྗོད་བྱ་གཙོ་བོ་དང་། མཐུན་སྒྲིལ། ཞི་མཐུན། བརྟན་ལྷིང་བཅས་ཀྱི་དམིགས་ཚད་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་དེ་ལས་ཁུངས་དང་། དཔུང་སྡེ། སློབ་གྲྭ ཁེ་ལས། ཤང་དང་གྲོང་ཚོ། སྡེ་ཁུལ། དགོན་སྡེ་བཅས་སུ་སྤེལ་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་གྱི་རང་རྟོགས་རང་བཞིན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྲ་བརྟན་རང་བཞིན་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་བྱེད་པའི་དར་ཆ་མཐོན་པོར་སྒྲེང་བ་བཅས་བྱེད་དགོས། ཁྲིད་སྟོན་ལེགས་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཤང་གྲོང་དང་། དཔེ་བཟང་ལས་ཁུངས། དཔེ་བཟང་ཁེ་ལས། དཔེ་བཟང་སློབ་གྲྭ་སོགས་དཔེ་སྟོན་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་དཔེ་བཟང་ཤེས་རྟོགས་དང་། དཔེ་མཚོན་འཛུགས་པ། དཔེ་མཚོན་དྲིལ་བསྒྲགས། དཔེ་བཟང་ཁྱབ་གདལ་བཅས་བཏང་ནས་དཔེ་མཚོན་གྱི་དཔེ་བཟང་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོར་མཐུན་སྒྲིལ་ཐུབ་ཚེ་ལས་བྱེད་པ་ཡག་པོ་ཞིག་དང་། ཏང་ཡོན་ཡག་པོ་ཞིག སྤྱི་དམངས་ཡག་པོ་ཞིག་བཅས་ཡིན་པ་དང་། བརྟན་ལྷིང་བྱུང་ཚེ་གཞི་ནས་ཉིན་རེ་ལས་ཉིན་རེ་ལྷག་པའི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་ངོས་འཛིན་གཏིང་ཟབ་ཡོང་བ་བྱེད་དགོས། ཁོར་ཡུག་གཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་རང་ལྗོངས་ཀྱི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་ཐོབ་དཀའ་བའི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཀུན་སེམས་གཅིག་སྒྲིལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་ཡོང་ཐུབ་པ་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།