དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྔོན་གཏོད་ལེགས་བརྩོན་གྱིས་གསོན་ཤུགས་རྒྱས། རྨང་གཞི་བརྟན་གཏོང་གིས་དམངས་འཚོར་ཕན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་དང། ས་ཁུལ (གྲོང་ཁྱེར ) རྫོང (གྲོང་ཁྱེར་དང་ཆུས ) ཤང་(གྲོང་རྡལ )བཅས་རིམ་བཞིའི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། བོད་དུ་བཅའ་སྡོད་ཀྲུང་དབྱང་ཐད་གཏོགས་ལས་ཁུངས། སྤྱི་བདེ་དང་དམག་ཞབས་དཔུང་སྡེ་བཅས་ཀྱིས་ལས་བྱེད་པ་ཁྲི་2ལྷག་ཙམ་བདམས་ནས་བཏང་བའི་ལས་དོན་རུ་ཁག་5451ལྗོངས་ཡོངས་ཀྱི་གྲོང་ཚོ (སྡེ་ཁུལ )ཨུ་ལྷན་དུ་བཅའ་སྡོད་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ལོ་གསུམ་བསྟུད་མར་སྤེལ་རྒྱུའི་བླང་བྱ་བཏོན་ཡོད། ད་རེས་བྱེད་སྒོ་དེའི་འབྲེལ་ཡོད་ནང་དོན་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་ཕྱིར་གསར་འགོད་པས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཡོངས་ཀྱི་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཅིན་ཧྲུའུ་པོར་བཅར་འདྲི་ཞུས་པ་ཡིན།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན།

        གསར་འགོད་པ། ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཡིན་པའི་ངོས་ནས་ད་རེས་ཀྱི་བྱེད་སྒོ་འདིའི་གལ་ཆེའི་དོན་སྙིང་སྐོར་གསུངས་རོགས་གནང་།

        ཅིན་ཧྲུའུ་པོ། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་དགོངས་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་རང་ལྗོངས་ཀྱི་དོན་དངོས་ལ་གཞིས་ཚུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ད་རེས་བྱེད་སྒོ་དེ་གཏིང་ཟབ་སྤེལ་རྒྱུ་ནི་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཕེབས་སྐབས་ཀྱི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མ་ཞིག་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་གསར་འབྱེད་ཡོང་བ་བྱེད་པ་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་གཞི་རྟེན་གལ་ཆེན་ཞིག དུས་བབ་གསར་པའི་འོག་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་རྒྱག་ས་ཆེན་པོ་ཞིག་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་གཏུགས་ཀྱི་འདུན་པ་ཞིག་བཅས་ཡིན་པས་བྱེད་སྒོ་དེ་ཡག་པོ་སྤེལ་རྒྱུར་ད་ཡོད་ཀྱི་དོན་སྙིང་དང་ཕུགས་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ཡང་ལྡན་ཡོད།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་ཀྱི་སྟོབས་ཆེའི་འགྲིལ་ཤུགས་ཤིག་ཆགས་པ་བྱེད་དགོས།

        གསར་འགོད་པ། ད་རེས་ཀྱི་བྱེད་སྒོར་དམིགས་ཚད་ཀྱི་བླང་བྱ་གང་ཞིག་ཡོད་དམ།

        ཅིན་ཧྲུའུ་པོ། ལྗོངས་ཡོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་དམིགས་ཚད་བླང་བྱ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་རྩོད་ཀྱི་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྨང་གཞི་དེ་བས་བརྟན་དུ་གཏོང་བ་དང་། ལས་བརྩོན་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་པའི་རྣམ་པ་སྔར་ལས་ལྷག་པ་ཆགས་པ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཤུགས་ཆེན་འཕར་ནས་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་བྱེད་པ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་ལས་ཞི་མཐུན་ཡོང་བ་བྱེད་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་བ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཕུགས་སུ་ཕན་པའི་ལམ་སྲོལ་ཞིག་བཟོ་རྒྱུ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་བཅས་བྱེད་པའི་སྟོབས་ཆེའི་འགྲིལ་ཤུགས་ཤིག་ཆགས་པ་བྱ་རྒྱུ་དེ་ཡིན།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་ཡག་པོ་སྤེལ་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། གཞི་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་བརྗོད་བྱ་གཙོ་བོར་བྱེད་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ལྟེ་བར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བྱེད་པ། གོ་སྐབས་བཟང་པོ་དམ་འཛིན་དང་། བླང་བྱ་གསར་པ་གསལ་སྟོན། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་བཟོ་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་ཚུལ་གསལ་རྟོགས་བྱས་ཏེ་བསམ་ཕྱོགས་གསལ་བཟོ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུ། རྨང་གཞིའི་ལས་ཀ་ཡག་པོ་བྱ་རྒྱུ། མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་རྒྱུ་བཅས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ཐོག་གོང་བུ་གཅིག་ཏུ་འགྲིལ་དགོས་པ་དེ་ཡིན།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་གཞི་རིམ་གྱི་འཐབ་ས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ནས་མང་ཚོགས་ཚོས་སེམས་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་དགོས།

        གསར་འགོད་པ། ད་རེས་ཀྱི་བྱེད་སྒོའི་ལས་འགན་གཙོ་བོ་གང་ཡིན་ནམ།

        ཅིན་ཧྲུའུ་པོ། ད་རེས་ཀྱི་བྱེད་སྒོར་ལས་འགན་གཙོ་བོ་ཁག་ལྔ་ཡོད། གཅིག་ནི་གཞི་རིམ་རྩ་འཛུགས་སྟོབས་དང་ལྡན་པ་ཞིག་བསྐྲུན་རྒྱུ་དེ་ཡིན་ཞིང་། གཞི་རིམ་རྩ་འཛུགས་སྟོབས་དང་ལྡན་པ་ཞིག་བསྐྲུན་པར་གྲོང་ཚོ (གྲོང་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས་པ་དེ་རང་ཡིན། ནུས་ཤུགས་ཆེན་པོས “བཟང་པོ་ལྔ་ལྡན ”གྱི་གྲོང་ཚོའི (གྲོང་མི )ཏང་ཀྲི་པུའུ་བསྐྲུན་ཏེ་གཞི་རིམ་ཏང་རྩ་འཛུགས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མི་སེམས་གཅིག་ཏུ་འགྲིལ་བ། ཞི་མཐུན་ལ་སྐུལ་མ་གཏོང་བ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། འཇོན་ཐང་ཡོད་པ། ཞི་མཐུན་ལ་སྐུལ་མ་གཏོང་བ། སྒྲིག་ལམ་སྲུང་བ། མིག་དཔེ་འདོན་ཐུབ་པ་བཅས་ཀྱི་གྲོང་ཚོའི “གྲོང་མི ”ཨུ་ལྷན་ཚན་ཁག་ཅིག་བསྐྲུན་ནས་བྱ་བར་དོ་དམ་བྱེད་མཁན་ཡོད་པ་དང་། བྱ་བ་སྒྲུབ་པར་འགྲོ་གྲོན་ཡོད་པ། བྱ་བ་སྒྲུབ་པར་སྒྲིག་ཡིག་ཡོད་པ་བཅས་བྱེད་པ་དང་། གཞི་རིམ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ “གསོ་སྐྱོང་གསུམ ”གྱི་འདུ་འགོད་གཏིང་ཟབ་གཉེར་བ་དང་རྒྱ་ཆེར་གཏོང་བ། གྲོང་སྲོལ་དམངས་ཆིངས་དང་། གྲོང་དོན་ཡོངས་བསྒྲགས། ཏང་དོན་ཡོངས་བསྒྲགས། གྲོང་ཚོའི (གྲོང་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་གཞི་རྩའི་འགན་འཁྲི་དང “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྡེ་ཚོགས་རྩ་འཛུགས་དང་བུད་མེད་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེགས་ཆ་ལེགས་པར་འདོན་དགོས། གཞོན་ནུ་ལོ་ཆུང་གི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་ཁོང་ཚོས་ཡིན་མིན་ཆེན་པོ་གསལ་འབྱེད་ཐུབ་རྒྱུར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་ཚུལ་མིན་སྤྱོད་ཚུལ་བཀག་ནས་རྒྱལ་ཁབ་ལ་དགའ་ཞེན་དང་། སྤྱི་ཚོགས་ལ་ཞབས་འདེགས། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་དགོས་པ་དང་།

        གཉིས་ནི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པ་དང་ཤུགས་སྣོན་བརྒྱབ་ནས “གྲོང་ཚོ་ཀུན་མཁར་རྫོང་དང་མི་ཚང་མ་སོ་ལྟ་དམག་ཡིན་པའི ”བརྟན་ལྷིང་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྔོན་འགོག་ཚོད་འཛིན་གྱི་དྲ་བ་ཧུར་ཐག་སྐྲུན་དགོས། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་པའི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་གྲལ་བཤེར་ཟབ་ནན་བྱེད་པ། ཞིབ་ཕྲའི་ཐག་གཅོད་བྱ་ཐབས་འདོན་པ་བཅས་བྱས་ཏེ་འགལ་བ་ཐོན་མ་ཐག་ཐག་གཅོད་བྱེད་པ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་ཐུབ་པ་བྱེད་པ་དང་ས་ཁོངས་དོ་དམ་རྩ་དོན་རྒྱུན་འཁྱོངས་ཀྱིས་དོ་དམ་ལམ་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འབྲེལ་ཡོད་སྲིད་ཇུས་ཆ་ཚང་བ་ཞིག་ཡོང་བ་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ནས་དགོན་པ་དང་གྲྭ་བཙུན་གྱི་དོ་དམ་དང་། ཞབས་ཞུ། སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ།

        གསུམ་ནི་བཀའ་དྲིན་ཚོར་བའི་སློབ་གསོ་གཏོང་དགོས་ཤིང་། ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་རིང་གི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་སྒྲོག་འགྲེལ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས (རྒྱ་ཆེ )གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་གསལ་པོ་ཤེས་པ་བྱེད་པ་དང་གྲོང་ཚོ་ཁག (གྲོང་མི )གི་ཨུ་ལྷན་དུ་བོད་གསར་ཪྙིང་ལྟ་བསྡུར་འགྲེམས་སྟོན་ཁང་འཛུགས་པ་དང་གསར་ཪྙིང་ལྟ་བསྡུར་སློབ་གསོ་བཏང་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཚོས “བརྟན་ལྷིང་མཐུན་སྒྲིལ་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི ”གནས་ལུགས་གསལ་རྟོགས་དང་དངོས་འབྲེལ་ཤེས་པ་བྱེད་དགོས་པ་དང་ཆབས་ཅིག་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་རྩ་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་། ཚན་རིག་ཁྱབ་གདལ་སློབ་གསོ། དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཀྱི་སློབ་གསོ་བཅས་ཤུགས་ཆེན་གཏོང་དགོས།

        བཞི་ནི་མང་ཚོགས་ཚོར་ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་བྱེད་དགོས་ཤིང་། གྲོང་ཚོ་རིམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་ལག་ལེན་ཡག་པོ་བསྟར་ཏེ་མཉམ་སྡེབ་ཀྱི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་གྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཞིང་ཁུལ་དང་། འབྲོག་ཁུལ། ནགས་ཁུལ། ས་མ་འབྲོག མཐའ་མཚམས་ས་ཁུལ། མཐའ་འཁོབ་རི་ཁུལ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་སོགས་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ཏེ་དམིགས་བཀར་རང་བཞིན་ཡོད་པའི་སྒོ་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་སོགས་འཕེལ་རྒྱས་གཏོང་བ་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཚོའི་ཡོང་འབབ་འཕར་བ་བྱེད་པ་དང་དུད་ཚང་ཚང་མར་ཐབས་ལམ་ཡོད་པ་དང་། མི་ཀུན་ལ་ལས་ཀ་ཡོད་པ། ཉིན་ལྟར་ཡོང་འབབ་ཡོད་པ་བཅས་ཧུར་བརྩོན་ཆེན་པོས་མངོན་འགྱུར་ཡོང་བ་བྱེད་པ། རིག་གནས་ལྡན་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་ཤེས་པ། ཤེས་དཔལ་ལ་དོ་སྣང་བྱེད་པ་བཅས་ཀྱི་ཞིང་པ་དང་འབྲོག་པ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ་དང་གྲོང་ཚོ་རེར་ཕྱུག་འགྱུར་སྣེ་ཁྲིད་པ་དང་ལས་གཏོད་སྣེ་ཁྲིད་པ་ཁག་གཅིག་དང་དུད་ཚང་མི་རེ་ངོ་རེར་ཕྱུག་འགྱུར་འཇོན་ཐང་ཅན་གཅིག་གསོ་སྐྱོང་གང་ཐུབ་བྱེད་པ། གཞི་རིམ་འཛུགས་སྐྱོང་གི་རྣམ་གྲངས་དང་མགྱོགས་མྱུར་དོན་སྨིན་ཐུབ་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་ཏེ་གཞི་རིམ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུའི་འཇུར་མིག་ཚོད་འཛིན་དང་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱེད་དགོས། ཆུ་གློག་ལམ་གསུམ་དང་། འཕྲིན་སྤེལ། སོལ་རླངས་། རླུང་འཕྲིན་དང་བཪྙན་འཕྲིན། སྦྲག་སྲིད། ལྟ་ན་སྡུག་པའི་ཁོར་ཡུག་བཅས་བརྒྱད་འཛོམས་ཞིང་དུད་འདུ་འགོད་ཤུགས་ཆེན་གཉེར་ནས་ཞིང་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཉི་འོད་ནུས་པ་དང་རྫབ་རླངས་སོགས་ནུས་རྒྱུ་གཙང་མ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་བུད་ཤིང་གི་ཚབ་བྱེད་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་དགོས། མང་ཚོགས་སྒྲིག་འཛུགས་ཀྱིས་རྩྭ་འདེབས་ཤིང་འཛུགས་བྱེད་པ་དང་། ལྕགས་དྲ་སྐོར་རྒྱུར་ཤུགས་སྣོན་རྒྱག་པ། རྩྭ་རའི་ཨ་བྲ་གསོད་པ། གནོད་འབུ་འགོག་རྒྱུའི་ལས་དོན་སྒྲུབ་པ། རྨོ་བསྐྱུར་ནགས་གསོ་དང་ཕྱུགས་བཀག་རྩྭ་འདེབས། བྱེ་འགོག་བྱེ་བཅོས་བཅས་ཀྱི་ལས་དོན་དམ་འཛིན་ལེགས་པར་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་བཅོས་གཏོང་དགོས་པ།

        ལྔ་ནི་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས་ཤིང་། སྨན་པ་བསྟེན་པ་དང་། སློབ་གྲྭར་སྐྱོད་པ། སྡོད་ཁང་། འགྲིམ་འགྲུལ། བདེ་འཇགས་འཐུང་ཆུ་སོགས་གནད་དོན་གཙོ་གནད་དུ་བྱས་ནས་བདེ་སྡོད་དང་། ལས་བརྩོན། སྨན་པ་བསྟེན་པ། སློབ་གྲྭར་སྐྱོད་པ་སོགས་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཡོང་བར་སྐུལ་འདེད་བཏང་ནས་གཞི་རིམ་མང་ཚོགས་ལ་ནུས་ཆེ་དང་། སྤུས་ལེགས། སྟབས་བདེ་བཅས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་བསྐྲུན་མགྱོགས་སུ་བཏང་ནས་འགན་སྲུང་ཆུ་ཚད་མཐོ་རུ་དང་འགན་སྲུང་ནུས་པ་ཆེ་རུ་བཏང་སྟེ་འགན་ལེན་ལྔའི་དུད་ཚང་དང་། དབུལ་པོའི་དུད་ཚང་། “རྒན་གྲས་གསུམ ”གྱི་མི་སྣ། གནོད་འཚེ་ཕོག་པའི་མང་ཚོགས་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། རིག་གནས་གཤམ་སྤེལ་དང་། ཚན་རྩལ་གཤམ་སྤེལ། ཆ་འཕྲིན་གཤམ་སྤེལ། ཞབས་ཞུ་གཤམ་སྤེལ། དྲོ་སྐྱིད་གཤམ་སྤེལ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་རང་འགུལ་ངང་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་ནས་མང་ཚོགས་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་དགོས་པ། གསར་སྤེལ་རང་བཞིན་གྱི་དབུལ་སྐྱོར་མཐའ་འཁྱོངས་ཀྱིས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་སྟེ་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ཁུལ་གྱི་གྲོང་ཚོ (ཡུལ་མི་ཨུ་ལྷན )གྱི་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

        མདོར་ན། ད་ཐེངས་བྱེད་སྒོའི་གཙོ་བོའི་ལས་འགན་ནི་གྲོང་ཚོར་བཅའ་སྡོད་ལྗོངས་ཡོངས་ཀྱི་ལས་དོན་རུ་ཁག་གི་བློ་མཐུན་5451གི་འབད་བརྩོན་བརྒྱུད་གོང་གསལ་གྱི་ལས་འགན་ཁག་ལྔ་དམ་འཛིན་ཏན་ཏིག་གིས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་དམིགས་ཚད་དང་བླང་བྱ་མངོན་འགྱུར་ཡོང་བ་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།