དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉང་ཆུ་གཙང་པོའི་འགྲམ་དུ་སྲོལ་གསར་དར། སྔོ་ལྗང་མཛེས་ལྗོངས་ཁུལ་དུ་དྲི་བཟང་འཐུལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2006ལོར་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས “ཉིང་ཁྲིའི་གླུ་གཞས་གཏོང་བ་དང་། ཉིང་ཁྲིའི་ཞབས་བྲོ་འཁྲབ་པའི་”མང་ཚོགས་ཀྱི་ཐང་ཆེན་རིག་གནས་བྱེད་སྒོ་སྤེལ་ཚུན་མང་ཚོགས་རང་བཞིན་གྱི་ཐང་ཆེན་རིག་གནས་བྱེད་སྒོ་དེ་ས་ཁུལ་དེ་དང་རྫོང་བདུན་གྱི་རྫོང་མཁར་དུ་རྒྱུན་ལྡན་རང་བཞིན་གྱི་རིག་གནས་བྱེད་སྒོ་ཞིག་ཏུ་གྱུར་པ་དང་སྦྲགས་ཆ་རྐྱེན་ཅུང་ལེགས་པའི་ཤང (གྲོང་རྡལ )དང་གྲོང་ཚོ་བཅས་སུ་ཁྱབ་འགྱེད་བྱུང་ཡོད་ཅིང་། འདི་ནི་ཉེ་ཆར་ཉིང་ཁྲི་ས་ཁུལ་གྱི་མང་ཚོགས་ཀྱིས་ཐང་ཆེན་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་ཡོད་པ།

        ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས “གསོན་ཤུགས་ཀྱིས་ཁེངས་པའི་རིག་གནས་དང་། དངོས་ཤུགས་ཀྱིས་ཁེངས་པའི་རིག་གནས། ཁྱད་ཆོས་ལྡན་པའི་རིག་གནས། རྩེར་སོན་གྱི་རིག་གནས། ཡིད་དབང་འཕྲོག་པའི་རིག་གནས ”བཅས་སྤྱིའི་དམིགས་ཚད་དུ་བྱེད་པ་དང་། “ཐང་ཆེན་གྱི་རིག་གནས་གཙོ་བོར་བྱས་པའི་རིག་གནས་ལ་བརྟེན་ནས་དམངས་སྤྲོ་བ་འཕེལ་བ་བྱེད་པ་དང་། གྲོང་གསེབ་གསར་པའི་རིག་གནས་གསར་པ་གཙོ་བོར་བྱས་པའི་རིག་གནས་ལ་བརྟེན་ནས་དམངས་སྐྱེད་སྲིང་བྱེད་པ། ཡུལ་སྐོར་རིག་གནས་གཙོ་བོར་བྱས་པའི་རིག་གནས་ལ་བརྟེན་ནས་དམངས་ཕྱུག་པོ་ཆགས་པ་བྱེད་པའི ”གསར་གཏོད་འདུ་འགོད་ཆེན་པོ་གསུམ་གོ་སྐབས་སུ་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱས་པས་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

        ཉེ་བའི་ལོ་5ཡི་རིང་ཉིང་ཁྲི་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་1.2བསྡུ་སྒྲིལ་བྱས་ཏེ་རིག་གནས་སྒྲིག་བཀོད་དང་། རིག་གནས་དཔུང་ཁག རིག་གནས་བྱེད་སྒོ་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བོད་ཤར་ལྷོའི་རིག་གནས་རྗེས་ཤུལ་གྱི་རྟེན་རྫས་བཤམས་མཛོད་ཁང་དང་། དཔེ་མཛོད་ཁང་། ཕུང་ཁྲེང་འཁྲབ་རྩལ་ཁང་བཅས་དང་། ཉིང་ཁྲི་དང་། སྣང་། མེ་ཏོག་བཅས་རྫོང་གསུམ་དུ་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། རྫོང་བདུན་གྱི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་རྫོང་ཉིང་ལག་ལྟེ་གནས་དང་གྲོང་ཚོ་རིམ་པའི་གཞི་རིམ་གྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་ཞབས་ཞུའི་ས་ཚིགས་75 ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་13དང་རིག་གནས་བྱེད་སྒོ་སྤེལ་ཐུབ་པའི་གྲོང་ཚོའི (ཨུ་ལྷན་གཉིས )ཕྱོགས་བསྡུས་གཞུང་ལས་ཁང་120སོགས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། “གྲོང་ཚོ་ཀུན་ཁྱབ ”ཀྱི་རླུང་འཕྲིན་དང་བཪྙན་འཕྲིན་ས་ཚིགས་148གསར་སྐྲུན་དང་རྒྱས་སྐྲུན་བྱས་པ། “དུད་ཚང་ཀུན་ཁྱབ ”ཀྱི་ཐད་གཏོང་སྲུང་སྐར་ཆ་ཚང་24206འཛུགས་སྐྲུན་ལེགས་སྒྲུབ་བྱས་ཡོད། ས་ཁུལ་དེ་ཡོངས་སུ་རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་ཚད་94.66%དང་94.01%སོ་སོར་ཟིན་པ་དང་། ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། རིག་གནས་གཡུལ་ས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད། 2011ལོར་རྒྱལ་ཁབ་ནོར་སྲིད་པུའུ་དང་རིག་གནས་པུས་ཉིང་ཁྲི་དེ་ཉིད་རྒྱལ་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གྱི་གྲས་སུ་གཏན་འཁེལ་བྱས་པས་ཉིང་ཁྲི་དེ་ཉིད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་དང་པོར་གྱུར་ཡོད་པ་རེད།

        2006ལོར་ཉིང་ཁྲིས “ཉིང་ཁྲིའི་གླུ་གཞས་བརྒྱུད་གཏོང་དང་ཉིང་ཁྲིའི་ཞབས་བྲོ་བརྒྱུད་འཁྲབ་བྱེད་པའི ”མང་ཚོགས་ཀྱི་ཐང་ཆེན་རིག་གནས་བྱེད་སྒོ་སྤེལ་ནས་ད་བར་མང་ཚོགས་རང་བཞིན་གྱི་ཐང་ཆེན་གྱི་རིག་གནས་བྱེད་སྒོ་དེ་ས་ཁུལ་དང་རྫོང་བདུན་གྱི་རྫོང་གྲོང་དུ་རྣམ་ཀུན་གྱི་རིག་གནས་བྱེད་སྒོ་ཞིག་ཏུ་གྱུར་པ་དང་འབྲེལ་ཆ་རྐྱེན་ཅུང་ཡག་པའི་ཤང (གྲོང་རྡལ )དང་གྲོང་ཚོ་མང་པོ་ཞིག་ཏུ་ཁྱབ་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ས་ཁུལ་དེ་ཡོངས་སུ་ལོ་ལྟར་བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཟླ་6ཡན་ཟིན་པ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི་51ཟིན་པའི་ནང་རྫོང་དང་། ཤང་། གྲོང་ཚོ་བཅས་ནས་ཐང་ཆེན་རིག་གནས་བྱེད་སྒོའི་ནང་ཞུགས་མཁན་མི་ཐེངས་ཁྲི་21ལྷག་ཙམ་ཟིན་ཡོད།

        མང་ཚོགས་ཀྱི་ཐང་ཆེན་རིག་གནས་བྱེད་སྒོར་བརྟེན་ནས་ལྟད་མོའི་ཁྲོད་རིག་གནས་ལོངས་སྤྱོད་དང་རྒྱུན་འཛིན་ཁྲོད་རིག་གནས་སྲུང་སྐྱོང་བྱེད་པ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་གླུ་གར་ལ་མཁས་པའི་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད། ཡུལ་སྐོར་རིག་གནས་ཀྱི་ནང་དོན་ཟབ་ཏུ་ཕྱིན་ནས་ཉིང་ཁྲི་ས་ཁུལ་གྱི་རིག་གནས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

        ཉིང་ཁྲི་ས་ཁུལ་གྱིས་ས་ཁུལ་དེ་རང་གི་དོན་དངོས་ལ་བརྟག་ཞིབ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཚད་གཞི་ལྔ་ལྡན་གྱི 《ས་ཁུལ་རིམ་པའི “གྲོང་གསེབ་གསར་པའི་རིག་གནས་གསར་པའི་དཔེ་སྟོན་གྲོང་ཚོ ”འཛུགས་སྐྲུན་གྱི་ཚད་གཞི 》བཟོས་པ་སྟེ། གྲོང་ཚོའི་རིག་གནས་ཐང་ཆེན་དང་། དཔེ་མཛོད་ཁང་དང་དཔེ་དེབ་བལྟ་ཁང་། གྲངས་གཞིའི་གློག་བཪྙན་བལྟ་ཁང་། 8+3རྣམ་པ་ཡན་གྱི་རླུང་འཕྲིན་བཪྙན་འཕྲིན་ལེ་ཚན་མང་པོ། གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་བཅས་ཡོད་པ་བྱ་རྒྱུ་དེ་རེད། རྫོང་དང་ཤང་ཁག་ཏུ་རླུང་འཕྲིན་བཪྙན་འཕྲིན་དང་གྲངས་གཞིའི་གློག་བཪྙན་སྒྲིག་བཀོད་དང་དཔེ་ཆ་དང་དུས་དེབ་སྒྲིག་སྦྱོར་དང་རིག་རྩལ་ལེ་ཚན་རྩོམ་སྒྲིག་བྱས་ཏེ་རིག་གནས་བྱེད་སྒོ་འཕེལ་རྒྱས་གཏོང་བ་དང་། འཁྲབ་སྟོན་མི་སྣར་གསོ་སྦྱོང་དོ་དམ་བྱེད་པ། མ་དངུལ་གྲབས་གསོག་ཧུར་ཐག་བྱས་ཏེ་རིག་གནས་ཁང་དང་། དཔེ་མཛོད་ཁང་དང་དཔེ་དེབ་བལྟ་ཁང་། གྲངས་གཞིའི་གློག་བཪྙན་སྟོན་ཁང་། རིག་གནས་ཐང་ཆེན་བཅས་གསར་སྐྲུན་རྒྱས་སྐྲུན་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཚོ་ཁག་གིས་དཔེ་སྟོན་གྲོང་ཚོ་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པ་རེད། མིག་སྔའི་བར་དཔལ་འབྱོར་གྱི་རྨང་གཞི་ལེགས་པ་དང་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པའི་སྲིད་འཛིན་གྲོང་ཚོ་26ཡོད་པ་དང་ས་ཁུལ་རིམ་པའི “གྲོང་གསེབ་གསར་པའི་རིག་གནས་གསར་པའི་དཔེ་སྟོན་གྲོང་ཚོའི ”བྱང་བུ་འགེལ་བའི་ལས་དོན་ལེགས་གྲུབ་ཟིན་པ་རེད།

        ཉིང་ཁྲི་ས་ཁུལ་གྱིས་རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་རིག་གནས་ཐོན་ཁུངས་བསྡུ་སྒྲིལ་དང་ཡར་ཀླུང་གཙང་པོའི་རོང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་དང་རྫོང་བདུན་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སོགས་གཞི་རྟེན་དུ་བྱས་པའི་རིག་རྩལ་འཁྲབ་སྟོན་ལས་སྟེགས་བཏོད་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ། ཉིང་ཁྲི་ས་ཁུལ་སླར་གསོ་དབུ་བཪྙེས་ནས་ལོ་25འཁོར་བ། སྐབས་གསུམ་པའི “ཉིང་ཁྲིར་དགའ་ཞེན་དང་། ཉིང་ཁྲིར་བསྟོད་གླུ་འབུལ། ཉིང་ཁྲི་དར་རྒྱས་ཡོང་བ་བྱེད ”ཅེས་པའི་རིམ་སྤེལ་གླུ་གར་འགྲན་བསྡུར། རྒན་རྒོན་རིག་རྩལ་འཁྲབ་སྟོན་སྐབས་གཉིས། དེ་བཞིན་མང་ཚོགས་ཀྱི་གླུ་གར་འགྲན་བསྡུར་དང་ཞིང་འབྲོག་མང་ཚོགས་ཀྱི་གླུ་གར་འགྲན་བསྡུར་ཐེངས་མང་སོགས་རིག་རྩལ་བྱེད་སྒོ་ཆེ་གྲས་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་རེད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་ཁག་གཅིག་བརྩམས་པས་ས་ཁུལ་དེ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་། ས་ཁུལ་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག དེ་བཞིན་ས་གནས་དེ་གའི་མང་ཚོགས་བཅས་ཀྱི་རིག་གནས་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་པོ་དང་ས་ཁོངས་མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་ལེགས་པོ་ཕྱིན་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། “དུས་ཆེན་སྐབས་བྱེད་སྒོ་ཡོད་པ་དང་། ལོ་ལྟར་ལྷན་འཛོམས་འཁྲབ་སྟོན་ཡོད་པ། ཟླ་རེ་བཞིན་འཁྲབ་སྟོན་ཡོད་པ ”བཅས་ཀྱི་རིག་རྩལ་འཁྲབ་སྟོན་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་གྱུར་ཡོད་པ་རེད། 2010ལོར་ས་ཁུལ་དེ་ཡོངས་སུ་རིག་རྩལ་བྱེད་སྒོ་ཐེངས་གྲངས་270ལྷག་ཙམ་སྤེལ་བ་དང་ལེ་ཚན་1500ལྷག་ཙམ་འཁྲབ་སྟོན་བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་300ལྷག་ཙམ་ཟིན་ཡོད་པ་རེད།

        མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྔོག་འདོན་དང་དར་སྤེལ་གཏོང་ཤུགས་ཆེ་རུ་གཏོང་ཆེད་ཉིང་ཁྲི་ས་ཁུལ་གྱིས་སྐབས་རིམ་བྱུང་གི་ཡར་ཀླུང་གཙང་པོའི་རོང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་བྱ་གཙོ་བོའི་གླུ་གཞས་ཀྱི་འོད་སྡེར་དང་མང་ཚོགས་ཀྱི་རིག་གནས་ཐང་ཆེན་བྱེད་སྒོའི་རོལ་དབྱངས་འོད་སྡེར་སོགས་ས་ཁུལ་དང་རྫོང་གི་རོལ་དབྱངས་བརྩམས་ཆོས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དམངས་གླུ་100ལྷག་ཙམ་འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་ཉིང་ཁྲིའི་མི་ནག་འཆམ་དང་། ཀོང་པོ་རྒྱ་མདའ་རྫོང་གི་མཚོ་མགོའི་བྲོ། སྨན་གླིང་རྫོང་གི་གནས་ཡུལ་ལྷོ་པའི་ཞབས་བྲོ། སྤོ་བོ་རྫོང་གི་རལ་པ། རྫ་ཡུལ་རྫོང་གི་ཏེང་པའི་ཞབས་བྲོ། མེ་ཏོག་རྫོང་གི་མོན་པའི་ཞབས་བྲོ་སོགས་དམག་ཁྲོད་ཞབས་བྲོ་མང་དག་ཅིག་སྔོག་འདོན་དང་སྲུང་སྐྱོང་བྱས་པ་རེད། 2010ལོར་ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་གླུ་གཞས་ཚང་མས་ལེན། བོད་ལྗོངས་ཉིང་ཁྲིའི་ལེའུ་ཞེས་པ་སྒྲིག་འཛུགས་དང་ཇུས་འགོད་ཧུར་ཐག་གིས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ཉིང་ཁྲི་ས་ཁུལ་མི་རིགས་སྒྱུ་རྩལ་ཚོགས་པའི་གངས་ལྗོངས་གྲེ་འགྱུར་སྙན་དབྱངས་ཚོགས་པ་ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་སྐར་འོད་ལམ་ཆེན་ལེ་ཚན་གྱི་འགྲན་བསྡུར་ནང་ཞུགས་པར་གཟའ་འཁོར་གྱི་ཨང་དང་པོ་ཐོབ་པ། 2010ལོར་ས་ཁུལ་མི་རིགས་སྒྱུ་རྩལ་ཚོགས་པས་ཧྲང་ཧའེ་དངོས་མང་སྟོན་ཚོགས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་པ། 《གངས་ལྗོངས་ཀྱི་ཞབས་བྲོ་འཁྲབ་ནས་དཔྱིད་གསར་བསུ 》ཞེས་པའི་ཞབས་བྲོ་ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་2011ལོའི་རྒྱལ་ཡོངས་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་རིག་རྩལ་འཁྲབ་སྟོན་ནང་ཞུགས་པ་རེད།

        ཉིང་ཁྲི་ས་ཁུལ་དུ་མིག་སྔར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་གཞུང་3དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་གཞུང་28 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་གཞུང་32 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་ནང་བདམས་པའི་རྒྱུན་འཛིན་པ་20བཅས་ཡོད་པ་རེད།

        དཔེ་ཪྙིང་སྲུང་སྐྱོང་བྱེད་པའི་ལས་དོན་ཏན་ཏིག་སྤེལ་ནས་དཔེ་ཪྙིང་32ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་ལྷག་རུ་དགོན་སོགས་སུ་ཉར་ཚགས་བྱས་པའི་དཔེ་ཪྙིང་གལ་ཆེན 《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་ཪྙིང་མིང་གཞུང 》ལ་འོས་སྦྱོར་རེ་ཞུ་བྱེད་རྩིས་ཡོད་པ་རེད། དུས་མཚུངས་རིག་དངོས་སྲུང་སྐྱོང་ལས་དོན་ཧུར་ཐག་སྤེལ་ནས་ད་ཡོད་རིག་དངོས་སྲུང་སྐྱོང་ཚན་པའི་རྨང་གཞིའི་ཐོག་སྣང་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་དང་། སྤོ་བོ་རྫོང་གི་ཡིད་འོང་དམག་དཔོན་ཐོག་བརྩེགས་ཁང་ཆེན། སྨན་གླིང་ཆབ་ནག་དགོན། ཉིང་ཁྲི་རྫོང་ཤིན་ཧྭ་པར་འདེབས་བཟོ་གྲྭའི་ཤུལ་ཪྙིང་སོགས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རིག་དངོས་སྲུང་སྐྱོང་འཆར་འགོད་ཀྱི་རྣམ་གྲངས་ནང་བཅུག་པ་དང་ཀོང་པོ་རྒྱ་མདའ་རྫོང་གི་ང་ཕོད་གཞིས་ཀ་དང་ཉིང་ཁྲི་ཀླུ་ནང་གི་སངས་རྒྱས་གཞིས་ཀ་སོགས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རིག་དངོས་འཕྲལ་སྡོམ་ཉམས་གསོའི་རྣམ་གྲངས་ནང་བཅུག་པ་རེད།

        ཉིང་ཁྲི་ས་ཁུལ་གྱིས་སྐུད་མེད་འཕྲོ་གཏོང་དང་། སྐུད་ལྡན་བརྒྱུད་གཏོང་། སྲུང་སྐར་བསྡུ་ལེན་སོགས་ལག་རྩལ་མང་པོར་བརྟེན་ནས་གྲོང་གསེབ་ཏུ་རླུང་འཕྲིན་བཪྙན་འཕྲིན་ཁྱབ་ཚད་ཆེ་རུ་བཏང་བ་རེད། མིག་སྔའི་བར་རླུང་འཕྲིན་བཪྙན་འཕྲིན་ཐད་གཏོང་སྲུང་སྐར་སྒྲིག་བཀོད “དུད་ཚང་ཀུན་ཁྱབ ”དུད་ཚང་24206ཟིན་པ་དང་། རླུང་འཕྲིན་བཪྙན་འཕྲིན་ཁྱབ་ཚད་94.66%དང་94.01%ཟིན་ཡོད། རླུང་འཕྲིན་བཪྙན་འཕྲིན་ནང “བོད་ཤིན་འདུ་འགོད ”བདེ་འཇགས་དང་སྤུས་ཚད་ལྡན་པའི་སྒོ་ནས་བཏང་བ་དང་གྲོང་གསེབ་ཏུ་གློག་བཪྙན་སྟོན་པའི་འདུ་འགོད་ཀྱིས་ཆ་སྙོམས་ལོ་རེར་ཞིང་འབྲོག་མང་ཚོགས་ལ་གློག་བཪྙན་ཐེངས་14000བསྟན་པའི་ནང་གྲོང་གསེབ་ཀྱི་གྲངས་གཞིའི་གློག་བཪྙན་བསྟན་ཚད་90%ཡན་ཟིན་པ་དང་ལོ་རེར་གཏན་འཁེལ་བྱས་པའི་བསྟན་ཚད་ལས་བརྒལ་ཡོད་པ་རེད།

        ད་ཕན་ལོ་ཤས་རིང་ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས “བོད་ཀྱི་དཔལ་འབྱོར་སྟོབས་ཆེའི་ཁུལ ”འཛུགས་སྐྲུན་དང་2018ལོར་ལྗོངས་ཡོངས་ཀྱི་སྔོན་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་བཏོན་པ་དང་རིག་གནས་ལས་དོན་དེ་ས་ཁུལ་དེའི་ལས་དོན་གྱི་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཞག་སྟེ་ཉིང་ཁྲི་ས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”སྤྱིའི་འཆར་འགོད་ནང་འཇུག་རྒྱུ་དང་ས་གནས་སྲིད་གཞུང་གི་དཔྱད་ཞིབ་དམིགས་ཚད་མ་ལག་དང་སྲིད་གཞུང་གི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་ནང་འཇུག་རྒྱུ་ཡིན་པ་རེད། (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།